དབྱངས་ཀྱི་མངལ་དུ་སྦྲུམ་པའི་སྙན་ངག

                                    ཐོར་བུ།(དཀར་མཛེས།)

སྟོང་བའི་སེམས་ཀྱི་ངོས་སུ་དབྱངས་ཀྱི་ལྷ།།
འཇའ་བཞིན་དཀར་དམར་མ་འདྲེས་གསལ་གྱུར་ན།།
སྙན་ངག་གླིང་བུའི་བུ་གར་དབུགས་ཀྱི་སྲོག།
ག་ལེར་བླུགས་ཏེ་འཁོར་བའི་ངལ་གསོ་འཐོབ།།


མཚན་དཔེ་སྡུ་གུར་བཀྲ་བའི་ལང་ཚོ་ཡིས།།
འགྲོ་བའི་ཡིད་སེམས་མདངས་འཕྲོག་ཚངས་སྲས་མ།།
སྟ་ཟུར་ཡོམ་པོར་བྱོན་ན་སྙན་ངག་པས།།
སེམས་པ་ལག་པས་བསྐྱོར་ཏེ་གླུ་དབྱངས་ལེན།


ཆོས་ཉིད་ནམ་མཁའ་འདྲ་བའི་གུར་ཁང་དུ།།
ལྷོ་སྤྲིན་དལ་གྱིས་ལྡིང་བའི་མདོག་ལྡན་མ།།
རྒྱལ་ཡུམ་ཟླ་བའི་སྲས་མོ་མཚོ་བྱུང་མ།།
ཡིད་ཀྱི་མེ་ཏོག་སྟེང་དུ་ག་ལེར་སྦྲུམ།།


ཡིད་འཕྲོད་ཚངས་པའི་དབྱངས་ཀྱི་གླུ་སྐད་ཀྱིས།།
ཡིད་ཀྱི་དད་པ་དབང་མེད་འགུགས་པ་ཡི།།
ཡིད་འོང་ནགས་ཀྱི་ལྷ་མོ་དབྱངས་ཅན་མ།།
བདག་འཛིན་མ་རུང་སྒྲོལ་བའི་རལ་གྲི་ཡིན།།


རྣམ་རྟོག་ཡིད་ཀྱི་འཁྲི་ཤིང་ལྡེམ་པ་ན།།
སྨྱུག་གུ་ཕར་ཚུར་འཁྱུགས་ཏེ་ཤོག་བུའི་སྟེང་།།
ངག་རིགས་དབྱངས་ཀྱིས་བཏེགས་པའི་ཡི་གེའི་ཚོགས།།
དབྱར་གྱི་སྤང་ལ་ཤྭ་མོ་རྡོལ་བར་འགྲན།།


ཕུ་ཆུར་ཉེ་བའི་རང་བྱུང་བྲག་ཕུག་ཏུ།།
རྣལ་འབྱོར་ངག་གི་དོ་ཧའི་སྒེག་ཉམས་ཀྱིས།།
ནགས་ཀྱི་རི་དྭགས་ཕོ་མོའི་ཚོགས་བཟི་སྟེ།།
ཁ་ཡི་ཟས་ཀྱང་བོར་བའི་ཚུལ་འདི་མཛེས།།


ཚིག་ལ་ཚིག་གི་མཚན་དཔེའི་གཟི་འོད་འབར།།
དབྱངས་ལ་དབྱངས་ཀྱི་ཉེས་སྐྱོན་ཡོངས་སུ་བྲལ།།
ངག་གི་ས་ལམ་མ་ཚང་མེད་རྫོགས་པའི།།
རབ་བྱུང་ངག་གི་དོ་ཧ་སྲིད་ན་སྙན།།


གཉུག་མའི་བཙན་ས་ཟིན་པའི་མི་ལ་ཡིས།།
ཚེ་གང་མགུར་གྱི་རྩིག་པ་བརྩིགས་བརྩིགས་ནས།།
རང་ལུས་རྗེན་པར་བོར་བའི་ངང་ཚུལ་འདིས།།
བདག་ཡིད་ནགས་ཀྱི་གསོམ་སྡོང་ཡང་ཡང་གཡོས།།


ལྷོ་རླུང་དལ་གྱིས་ལྡང་སའི་ཞིང་ཁ་ན།།
སྟོན་ཀྱི་འབྲུ་རིགས་འཐུ་བའི་ན་ཆུང་བཞིན།།
འགྲོ་བའི་གདུང་བ་སེལ་བའི་སྙན་ངག་འདི།།
མི་ཚེའི་ནོམ་གྱི་དྭངས་མར་ང་ཡིས་འཛིན།།

༡༠
རྣམ་རྟོག་སྒྱུ་མའི་རི་དྭགས་བརྒྱ་རྩ་བརྒྱད།།
ཚོར་བའི་སྐོམ་པས་གདུང་ནས་ཆུ་ཁར་ལོག།
སྙན་ངག་ཕུ་ཆའི་ངོགས་སུ་རི་དྭགས་ནི།།
དགའ་བའི་དཔལ་གྱིས་བཟི་སྟེ་རྩེད་འཇོར་རོལ།།

༡༡
འདི་སྣང་ལུས་ཀྱི་མེ་ཏོག་མ་སྐམ་ན།།
དབྱངས་གསལ་ན་སྤང་སྟེང་གི་མེ་ཏོག་སྟེ།།
སྙན་ངག་མཚོ་བྱུང་ལྷ་མོའི་རྒྱུད་དྲུག་འདི།།
སྙིང་གི་ཁང་བཟང་འདི་ཡི་རྒྱན་དུ་གཅེས།།

༡༢
དབྱངས་གསལ་གར་སྟེགས་སྟེང་དུ་སྙན་ངག་གི།
དབྱངས་གསལ་སྒེག་ཉམས་སྟོང་འབར་ཚངས་སྲས་མས།།
དབྱངས་གསལ་ངག་ལ་རྫོགས་པའི་དངོས་གྲུབ་ཀུན།།
དབྱངས་གསལ་བདག་པོ་བོད་མི་ཀུན་ལ་སྩོལ།།

༡༣
སྲོལ་རྒྱུན་རིགས་གནས་མེ་པོས་ཤུལ་བཞག་འདི།།
དགེ་ལེགས་འདོད་དོན་འབྱུང་བའི་ཡིད་བཞིན་ནོར།།
ནོར་བུའི་ནོར་ངོ་ཤེས་ན་ལོས་དགའ་ཡང་།།
མ་ཤེས་ཡལ་བར་འདོར་བ་དམན་པའི་རྟགས།།

༡༤
ལེགས་ཚོགས་ཀུན་འབྱུང་གནས་ལྔ་རིག་པའི་ཆོས།།
ལེགས་པར་ཤེས་མཁན་བོད་ན་དཀོན་མོད་ཀྱང་།།
ལེགས་མཛེས་སྙན་ངག་ས་སྟེང་རིན་པོ་ཆེ།།
ལེགས་པར་འབྲི་ལ་དགའ་འདི་ངོ་མཚར་གནས།།

༡༥
སོ་སྐྱེས་ཆགས་སྡང་མངར་ལ་སྐྱུར་བའི་རོ།།
རྣམ་རྟོག་དབྱར་གྱི་སྤྲིན་པར་ཟད་མཐའ་མེད།།
ཚིག་ལ་ཚིག་འཁྱུད་དབྱངས་དང་དབྱངས་སྦྲེལ་ཏེ།།
སྙན་ངག་འཁོར་བའི་བག་མ་ཁྱིམ་ལ་བསུ།

༡༦
འཁོར་བར་སྐྱོ་ཤེས་སྐྱེ་བའི་རྣལ་འབྱོར་བས།།
ངེས་འབྱུང་མགུར་དུ་ཡང་ཡང་བླངས་བ་ཡིས།།
སྒྲིབ་གཉིས་གོས་ཀྱི་རྐེད་རགས་བཤིགས་ནས་སུ།།
ལུས་སེམས་ཆོས་དབྱིངས་དབུ་མའི་ཀློང་དུ་གྲོལ།།

༡༧
གང་སྟེ་སྟོང་ལ་སྟོང་བའི་གཞི་ཉིད་མེད།།
ཅི་སྟེ་སྣང་ལ་སྣང་བ་འགག་མེད་ཤར།།
སྣང་སྟོང་ཟུང་དུ་འཇུག་པའི་དབྱངས་ཅན་མ།།
གཟུགས་དང་སྒྲ་ལ་འཛིན་པས་མོ་མི་མཐོང་།།

༡༨
རང་རིང་དོན་གྱི་ལྷ་སྟེ་གཉུག་མའི་དོན།།
བརྡ་དང་ཐབས་ཀྱིས་སྟོན་པའི་དབྱངས་ཅན་མ།།
གང་ཉིད་ཁྱོད་ལ་དད་པའི་རྐང་གཉིས་ཚོའི།།
བདག་འཛིན་རྨོངས་པའི་དགྲ་བོ་ད་ལྟ་སྒྲོལ།།

༡༩
སྒྱུ་མའི་སྣང་བ་རང་སར་བཞག་ནས་སུ།།
སྤྲོས་པའི་ཆོས་ལ་འཛིན་པའི་རྒྱ་ཞིག་ནས།།
རྒྱལ་དང་རྒྱལ་སྲས་ཚོགས་དང་དབྱེར་མེད་པར།།
ཨ་མ་འགྲོ་བའི་དོན་ལ་བརྩོན་པར་ཤོག།

༢༠
དབྱངས་ཅན་ཤེས་རབ་རལ་གྲི་མར་བསྟེན་ན།།
མཐར་ཐུག་རྒྱལ་ས་ཆོས་དབྱིངས་ནམ་མཁའི་ཁམས།།
མ་ཚང་མེད་པར་བདག་གིར་དབང་བྱས་ནས།།
འཁོར་བ་མ་སྟོང་བར་དུ་ཆོས་སྟོན་ཤོག།

༢༡
ཕྱི་དྲོའི་གྲིབ་བསིལ་འོག་ཏུ་སྟོན་ཁ་ཡི།།
མཛེས་སྡུག་ག་ལེར་མྱོང་བའི་བར་གསེབ་ཏུ།།
ངག་རིགས་ཕྱེ་མ་ལེབ་འདི་འཕུར་ཡོང་སྟེང་།།
ང་ཡི་ངག་གི་པདྨོར་དལ་གྱིས་བབས།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*