ཅལ་མ་འདྲོགས།

                                                         གྱིན་འདའ་བ། ཁྲི་འདུ།

སེམས་པ་དབྱིངས་ཀྱི་མཐིལ་ལས་གསོང་གཏམ་སྦྲང་ཆར་བྱོ་ན།།
ཡིད་ཆེས་ནེའུ་གསུང་ཐང་དུ་ཚིག་གི་མེ་ཏོག་བཞད་ཆོག།

མྱི་སེམས་དུས་ཀྱི་འཕེལ་འགྲིབ་སྣ་ཚོགས་རླབས་ཀྱིས་བསྐྱོམས་རུང་།།
རང་གཤིས་རྡོ་རིང་བརླིང་པོ་གཡོ་མེད་བརྟན་པོར་སྒྲོབ་དགོས།།

ཐ་ཚིག་གཉི་ཟླ་ཁ་སྤྲོད་ཡིད་ཀྱི་མཐོངས་སུ་ཡོད་པས།།
ཉ་སྟོང་སྒྲ་ཅན་གཟའ་ཡིས་གནག་པས་བགྲོད་ལམ་མ་བཅད།།

མཛའ་གཅུགས་སྙིང་གི་མེ་ཏོག་ལྡུམ་ར་གཅིག་ནས་བཞད་པས།།
སྙིང་མེད་སྟོན་རླུང་བུ་མོས་རྫུ་དེས་སྐྱོར་འབྱིན་མ་གནོངས།།

ལོ་ཟླའི་པང་ནས་བསྙལ་བའི་དགའ་སྐྱོའི་སྟོང་གི་རྒུམ་ཆང་།།
ཟོལ་བསྟོད་ཚིག་གི་དབར་ནས་ཨ་གསར་གཞན་ལ་མ་ལྡུད།།

འདྲིས་སོང་ཡིད་ཀྱི་གཞུང་ལ་དོགས་པའི་ན་བུན་འཐིགས་ན།།
སྡང་བའི་སྐྱིན་ཐང་དྲག་པོས་དམ་ཚིག་མེ་ཏོག་གཏོར་འགྲོ།།

མདོང་གསོལ་ཚིག་གི་ལམ་ནས་དཀྲོག་གཏམ་བདེན་དུ་མ་རློམས།།
ཚིག་འདི་མདའ་མོ་མིན་རུང་རྨ་ཁ་གྲོགས་ལ་ཐེབས་འགྲོ།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*