མྱ་ངན་གྱི་དྲ་བ།

གྲོག་མ། (ཆབ་མདོ)

བྱིའུ་གཉིས

ནམ་མཁའ་གཅིག་གི་ནང་དུ་འཕུར

བར་སྣང་གི་སྟོང་ཆ་སོམ་ཉི་ཡི་དྲ་བས་ཁེངས

རྟ་ཕོའི་འཚེར་སྐད་གཅིག་གིས

གཉིད་དུ་ཡུར་བའི་རྣམ་ཤེས་ཁྲི་ཕྲག

རྡོ་བ་འཁྱག་པོའི་སྟེང་དུ་སྦྱར

སྡུག་ཡུས་མེད་པའི་རྒོད་པོ

ས་སྟེང་ན་རྐང་རྗེས་མེད་པའི་རྒོད་པོ

གཤོག་སྒྲོའི་བར་ནས་རྔུལ་ནག་ཕྲོམ་ཕྲོམ་དུ་བབས

སྤྱང་ལྟོགས་དག་ཀྱང

ཁྲག་གིས་འགྲངས་བའི་སེངྒེ་རུ་གྱུར་འདུག་ན

སེངྒེ་ཅི་ཞིག་ལ་གྱུར་ཡོད་དམ

ཕ་ཡུལ་ཟེར་བའི་ཆ་ཡོད་དེ

རྒྱུས་མེད་ཀྱི་སྒྲུང་རིང་ཞིག་ཏུ་གྱུར

སྒྲུང་གཏམ་འདིའི་བརྗོད་བྱ་གཙོ་བོ་དག་ཕལ་པར་གྱུར

ཉ་མོ་སྤྱང་གྲུང་གིས་འཁྱུག

ཆུ་བོ་གླེན་ལྐུགས་ཀྱིས་འབབ

དེ་ནི་རང་དབང་མེད་པའི་ཁྱོ་ཤུག་གཉིས་དང་འདྲ

གླུ་པ་ཞིག་གི་སེམས་པ

ཁ་མཆུ་ལ་གོམས་འདྲིས་སུ་གྱུར་དུས

པི་ཝང་གི་རྒྱུད་སྐུད་དུམ་བུར་ཆད་འདུག

སྡོང་ལོ་ས་རུ་ཟགས

ཁྭ་ཏ་རླུང་གིས་ཁྱེར

ཚིག་སྟོང་ལྦུ་བར་གྱུར

སྤྱང་ཀི་ལྟོགས་པའི་ངན་སེམས་གཅིག་གིས

སྤྲེའུ་མ་བུ་སྡོང་མགོ་ནས་ཟགས

སེང་ཕྲུག་དམྱལ་བར་ལྷུང

༡༠

རྨི་ལམ་གྱི་ཁམས་སུ

ལག་པས་སྙོབ་མཁན་གྱི་བགྲེས་པོ

ཁུ་སིམ་དང་ཁེར་རྐྱང་གིས་མནར

༡༡

ཤ་བ་བོར་ས་ནས

ཤེའུ་འཚོལ་མཁན་དེ

ཅི་ཡང་རྙེད་མ་མྱོང་བའི་རྔོན་པ་ལག་རིང་དེ

༡༢

ཁ་ནས་འོ་མ་འཐུང

ལུས་ལས་དམར་དྲི་ཚོར

ཁྱོད་ནི་ཕྱི་གསལ་ནང་གསལ་གྱི་ཆུ་ཡི་སེངྒེ་ཞིག

༡༣

རང་ཡུལ་སྨུག་པས་བཏུམས

ཆར་པ་གཞན་ཡུལ་དུ་བབས

༡༤

རྨི་ལམ་དེ་ལས་སད་དུས

ཡུལ་ཁམས་འཁྱག་གིས་བསྡམས

ཁྱོད་དང་འབྲེལ་བ་མེད་པའི་ཕོ་རོག་བྱང་ཡུལ་དུ་འཕུར

༡༥

རེ་སྒུག་གི་བུ་ཆུང

སེམས་ཁུར་གྱི་གཡང་གཟར་ནས་ལྷུང

ཡི་ཆད་པའི་ཨ་མ

དུ་ཆང་གི་རྒྱ་མཚོར་མཆོངས

༡༦

གླང་རྫི་ལྟ་བུའི་ལང་ཚོ་གསར་པ་དེ་དག

དེ་རིང་ཆར་པས་བརྡུངས

སང་ཉིན་ཉི་མས་བརྡུངས

༡༧

རང་གི་རྣམ་ཤེས་ཆུ་ནང་དུ་སྦོང་མཁན་ཁྱོད་ཀྱིས

རྡོ་ཡི་སེངྒེ་ཞིག་རུལ་དུ་བཅུག་སོང

ཧྲུག་ཆག་ཏུ་བཏང་སོང

༡༨

ཁེར་རྐྱང་གི་མིག་ཆུ

རྩོལ་མེད་ཐོལ་གྱིས་བྱུང་བ་བཞིན

སྙན་ངག་དག་ཀྱང་མགྲོན་པོ་རྟ་ལས་བབ་པ་བཞིན

༡༩

སྙན་ངག་པས

ཡུལ་མི་རྣམས་ཁོང་ཁྲོ་བསླངས

སྙན་ངག་གིས

རང་ཡུལ་གྱི་རི་ཚོགས་མེ་རུ་སྦར

༢༠

རི་ལ་ཤོར་བའི་རྟ་ཕོ

རང་དབང་གི་རྟ་ཕོ

འཁྱག་སིབ་སིབ་ཀྱི་གངས་ཐང་འགྲིམ

༢༡

སྨུག་སྤྲིན་ཡལ་རྗེས་སུ

སེངྒེ་ཡང་ནགས་ཚལ་དང་ཁ་བྲལ

འཇིག་རྟེན་ནི་སྟོང་སང་སང་གི་བར་སྣང་དུ་ལྡིང

༢༢

སེངྒེའི་གྲིབ་གཟུགས་ནང་གི་ཁྱི་སྤྱང་ཚོས

དབང་ཐང་གཞན་ལ་ངོམ་ཡང

རང་ཉིད་གྲིབ་མར་ཐིམ

༢༣

སྣང་བ་རྒྱ་ཡན་གྱི་གླུ་ངག་གཙང་མ

ལུང་ཁུག་ནས་མཆེད་ཅིང

གྲོང་ཁྱེར་དུ་རུལ

༢༤

ཟླ་བ་རྒྱ་མཚོ་རུ་ནུབ

མེ་སྟག་ཆུ་ནང་དུ་ལྷུང

མི་ནི་ཚོན་གྱིས་བྲིས་པའི་རི་མོ་བཞིན་དུ་ལུས

༢༥

སྡོང་རྒན་རྣམས་འགྱེལ་ལ་ཉེ་དུས

ནགས་ཚལ་གྱི་སེམས་པ

རླུང་དམར་དང་ཆར་ཆུས་བསད

༢༦

རྨི་ལམ་ནང་གི་གངས་རི

མཚོ་གཏིང་དུ་ལྷུང་བའི་ཁྱོད་ཀྱི་གཟུགས་བརྙན་འདིས

ང་ལ་འཁྱག་སྣང་གྲངས་མེད་སྟེར་བྱུང

༢༧

མི་ལ་གཤོག་པ་བཙུགས་པས

སྐྱག་སྦྲང་དུ་གྱུར་སོང

སྐྱག་སྦྲང་དེ་དག་ཆང་གི་སྦང་མ་རུ་ལྕེབས་སོང

༢༨

ཕ་རོལ་པོའི་རྐང་རྗེས

རང་ཉིད་ཀྱི་སྨྱུག་རྩེ་རུ་དྲངས

དཔའ་བོའི་ཁྲག་གི་མཛད་བྱང་རྡོག་པས་བརྫིས

༢༩

སེམས་ཀྱི་འཆར་སྒོ

ཁང་ཆུང་གི་ནང་དུ་ཚུད་ཅིང

ཆུ་ཐིགས་ཞིག་གིས་བརླན་པར་བྱས

2021.9.18

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*