མཆོད་ལྡན་མཆོད་མེ་ཏོག

མཆོད་ལྡན་མཆོད་པའི་མེ་ཏོག

​་་་་་་་སྐྱབས་མགོན་གོང་མ་ཁྲི་འཛིན་རཏྣ་བཛྲ་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ལ།

ཨོ་བདེ་ལེགས་སུ་གྱུར་ཅིག།

རཏྣའི་མཚན་གྱིས་རབ་བརྗིད་ཅིང་། །

རིགས་ནི་མཐོ་བའི་རུས་སུ་བལྟམས། །

རང་གཞན་རིས་སུ་མི་གཅོད་པའི། །

རིན་པོ་ཆེ་ཉིད་མཇལ་པས་རངས། །

དེང་ནི་ཁྱོད་ཀྱི་འཁྲུངས་སྟོན་ཞེས། །

ཀུན་གྱིས་སྲིད་ན་བསྒྲགས་པའི་གཏམ། །

བདག་གི་རྣ་བར་ལྷུང་བ་ཡིས། །

ཡིད་ནི་དགའ་བའི་དཔལ་གྱིས་བཟི། །

མཚན་མཆོག་གསུམ་གྱི་རིགས་སྲས་སུ། །

བལྟམས་པ་ཙམ་གྱིས་བཀུར་འོས་མོད། །

ཁྱོད་ལ་དེ་བས་ལྕི་བ་ཡི། །

ཡོན་ཏན་ལྡན་དེས་ལྷག་ཏུ་དད། །

ཡབ་རྗེ་དབང་གི་རྒྱལ་པོ་དང་། །

མཁན་ཆེན་ཡོན་ཏན་བཟང་པོ་སོགས། །

མཁས་བརྒྱའི་མན་ངག་བདུད་རྩི་ནི། །

ཁྱོད་ཐུགས་བུམ་པའི་བཅུད་དུ་འཁྱིལ། །

ཆུང་ནས་བྱིས་སྤྱོད་མི་མངའ་ཞིང་། །

སྒམ་པོའི་ཐུགས་ནི་འགྲོ་ལ་བྱམས། །

ཀུན་ལ་དཔྱད་པས་འཇུག་པ་ཁྱོད། །

ས་པཎ་ཞབས་ཀྱི་དཔེ་ཟླར་འོས། །

སྤྱོད་པ་ཉན་ཐོས་ལས་དུལ་ཞིང་། །

ལྟ་བ་བིར་ཝ་པ་དང་མཉམ། །

མདོ་རྒྱུད་མན་ངག་མཛོད་གྱུར་པ། །

ཁྱོད་ནི་བསྟན་པའི་ཉིན་བྱེད་ལགས། །

ཁྱད་པར་གསུང་ངག་ཟབ་མོའི་བཅུད། །

རིས་མེད་གདུལ་བྱ་སྟོང་གི་ཁྱུར། །

བརྩེ་བས་གདམས་པའི་སྙན་པ་ཡིས། །

བསྟན་པའི་རྒྱལ་མཚན་འཛིན་པར་བྱས། །

འཇམ་དཔལ་དབྱངས་ཀྱི་མཁྱེན་པ་དང་། །

ཕྱག་ན་རྡོ་རྗེའི་ནུས་པའི་མཐུ། །

སྤྱན་རས་གཟིགས་ཀྱི་བརྩེ་བ་སོགས། །

ཁྱོད་ལ་ལྡན་ཞེས་མཁས་རྣམས་སྒྲོགས། །

མདོར་ན་ཏིང་འཛིན་ལྷན་སྐྱེས་སུ། །

མངའ་བའི་དམ་པ་ཁྱོད་འདྲ་བ། །

སྐྱེ་རྒུའི་ཡིད་ལ་མངོན་པ་ཡིས། །

བདག་གི་མིག་ནི་སྐལ་ལྡན་གྱུར། །

ཞེན་ནས་བསྟོད་པ་མ་ལགས་ཏེ། །

འཐད་པ་ཁོ་ནས་བཀུར་པ་ལགས། །

ཅི་ཙམ་ཁྱོད་ལ་དཔྱད་པ་ཡིས། །

བདག་གི་བློ་ནི་གུས་པར་གྱུར། །

སྔོན་ཚེ་རྗེ་བཙུན་གྲགས་པ་དང་། །

བར་དུ་ཡབ་རྗེ་སྔགས་འཆང་རྗེས། །

ས་བསྟན་གདུགས་དཀར་འཕྱར་བ་བཞིན། །

མཛད་པའི་རྣམ་ཐར་ཨེ་མ་ཧོ། །

རིས་མེད་མཁས་པ་གདན་འཛོམས་པའི། །

རྒྱུད་སྨད་ཆོས་ཀྱི་གྲྭ་ཆེན་པོར། །

ཁྱེད་ཀྱི་ལེགས་བཤད་སྒྲ་བརྒྱ་པས། །

མཁས་མང་མདོང་མདའ་ཚིམ་པར་བྱས། །

ཁྱེད་ནི་མདོ་ལ་མི་རྨོངས་ཤིང་། །

རྒྱུད་སྡེ་མ་ལུས་བྱང་ཆུབ་པས། །

མཁས་པའི་མཁས་པ་དག་གིས་ཀྱང་། །

ཁྱེད་ཞབས་བསྟེན་པའི་མཐའ་མ་རིག །

མདོར་ན་དགྱེས་པ་རྡོ་རྗེ་ཡི། །

ཐུན་མིན་བཀའ་སྲོལ་འཆད་པ་ལ། །

སྲིད་ན་ཟླ་བོས་མ་བཟུང་བ། །

ཁོ་ནས་མཁས་རྣམས་དགའ་བར་བྱས། །

སླད་ཀྱང་བསྙུངས་ཚུལ་མི་མངའ་ཞིང་། །

ཐུགས་ཀྱིས་ཞི་ཉིད་མི་འཚོལ་བར། །

ཇི་སྲིད་སྐལ་བ་རྒྱ་མཚོའི་མཐར། །

བསྟན་འགྲོའི་མགོན་དུ་བཞུགས་གསོལ་འདེབས་། །

བདག་ཀྱང་དེང་ནས་ཚེ་རབས་ཀུན། །

དམ་པ་ཁྱོད་ཀྱིས་རྗེས་བཟུང་སྟེ། །

གཉུགས་ཡིད་རྗེན་ཅར་མ་རྟོགས་པར། །

ཐུགས་རྗེའི་འབྲལ་མེད་སྐྱོངས་གྱུར་ཅིག །

དེ་ལྟར་བསྟོད་དབྱངས་སྙན་པའི་སྤྲིན། །

དད་གུས་ཆར་དང་འགྲོགས་པ་ལས། །

རྟག་ཏུ་རྒྱལ་བསྟན་དག་པའི་མཁར། །

སྙན་ངག་འཇའ་འོད་སྤྲོ་བར་ཤོག །

ཅེས་པའང་༧སྐྱབས་མགོན་འཁོན་གདུང་རནྟ་བཛྲ་རིན་པོ་ཆེ་མཆོག་གི་འཁྲུངས་སྟོན་ཉིན་མོར་མགོན་པོ་གང་གི་སློབ་འབངས་རྒྱ་མཚོའི་གྲལ་མཐར་སྙེགས་ཤིང་དྲི་མ་མེད་པའི་གསུང་གི་བདུད་རྩི་མྱང་ཞིང་ཞབས་རྡུལ་ལ་མགོས་ཕྱག་བྱ་བའི་སྐལ་བ་ཅན་ཨ་འདུས་སྐལ་བཟང་རྒྱ་མཚོས་ཀ་སྤུངས་ས་དགོན་འཕྲིན་ལས་ཀུན་ཁྱབ་གླིང་དུ་བྲིས་ཟིན་པར་ཅུང་ཁ་སྣོན་དང་བཅས་ས་སྐྱ་མཐོ་སློབ་ཀྱི་རང་ཤག་ཉི་འོད་ཅན་དུ་ཤར་མར་བྲིས་སོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*