སྨན་སྦྱོར་ནུས་པ་ཕྱོགས་བསྒྲིགས།

༡ དཀར་པོ་དྲུག་སྦྱོར། མ་ཞུ་བ་དང་མིག་ལ་སྐྱ་རིབ་འབྱུང་། ། མེ་དྲོད་ཉམས་དང་བད་ཀན་སྨུག་པོ་ལ། །ཐེངས་པས་ཆོག་པའི་སྨན་མཆོག་རྒྱལ་བོའོ། །

༢ ཀོ་བྱི་བདུན་པ། རླུང་གིས་ངན་ཁྲག་སྟོད་དུ་རྒྱས་པ་དང་། ། འབམ་རིགས་གྱེན་ལོག་སྟོད་འཚང་སོགས་ལ་བསྔགས། །

༣ སྐྱུ་རུ་ཉེར་ལྔ། ཀ་ར་སྦྱར་བའི་སྐྱུ་རུ་ཉེར་ལྔ་འདི། །ཁྲག་ཤེད་མ་ལུས་འཇོམས་པའི་སྤྱི་སྨན་ཡིན། །གཏར་དགོས་གཏར་མི་རུང་ལ་སྨན་འདི་བསྟེན། །སྟོད་གཟེར་ཁྲག་འཁྲུགས་ཚ་བ་སྟོད་རྒྱས་དང་། །སྨུག་པོ་ཁྲག་རྒྱས་རོ་རྒྱབ་སྒལ་ཚིགས་གཟེར། །ཁྲག་རུལ་དུད་ཁུ་སྐྱུགས་དང་ཕོ་མཆིན་ན། །སྨུག་པོ་མཚོ་ཆེན་གྱེན་ཐུར་རྡོལ་བ་དང་། །རྒྱས་འཁྲུགས་གབ་རྙིང་བྱེར་འཐབ་ལ་སོགས་པའི། །འདུས་ནད་སྨུག་པོ་འཇོམས་པའི་སྨན་མཆོག་ཡིན། །

༤ སྐྱེར་ཤུན་བརྒྱད་པ། སྰ་རའི་མྱོང་གྲུབ་སྐྱེར་ཤུན་བརྒྱད་པ་འདིས། །ས་བོན་ཁྲག་དང་བསྡོངས་ཏེ་འཛགས་པ་དང་། །ཆུ་བཙགས་རྗེས་ལ་ཆུ་ཁ་ཚ་ཙག་བྱེད། །མདོར་ན་ཁྲག་མཁྲིས་ལས་གྱུར་ཚ་འཛགས་ཀུན། །སེལ་བར་སྨན་མཆོག་འདི་རང་ལྷག་པར་མཐོང་། །

༥ སྐྲན་འཇོམས་ཟླ་བསིལ། ཁྲག་སྐྲན་རྩ་སྐྲན་མཁྲིས་སྐྲན་འཇོམས་པའི་མཆོག །

༦ ཀླུ་བདུད་བཅོ་བརྒྱད། ཀླུ་བདུད་བཅོ་བརྒྱད་ཆུ་བསྐོལ་ཚན་མོས་དབུལ། །མཛེ་དང་གཡན་པ་གླང་ཤུ་དྲེག་ནད་དང་། །ཟ་རྐོང་ཕོལ་འབྲས་གཉན་སྲིན་ཡ་མ་སོགས། །ཆུ་སེར་ཚ་བའི་ནད་རིགས་ཡིན་ནོ་ཅོག །ཁྱད་པར་ཐིག་ནག་འབམ་དང་གྲུམ་བུ་འཇོམས། །

༧ ཁྲག་གཅོད་གུར་བརྒྱད། ཁྲག་གཅོད་གུར་གུམ་བརྒྱད་པ་ཚད་ལྡན་གྱིས། །སྨུག་པོ་གྱེན་ཏུ་རྡོལ་ལམ་ཐུར་དུ་རལ། །རྩ་ཆེན་མཚོན་གྱིས་བཅད་དམ་སྣ་ཁྲག་རྡོལ། །ཁྲག་ཤོར་མ་ལུས་གཅོད་པའི་མན་ངག་ཡིན། །

༨ ཁྲག་འཁྲུགས་ཀུན་སེལ། ཁྲག་འཁྲུགས་ཀུན་སེལ་ཚད་ལྡན་སྦྱར་བ་ཡིས། །གཏར་དགོས་གཏར་མི་རུང་བའི་བདུད་རྩི་ཡིན། །ཁྱད་པར་གཟེར་གྱི་རིགས་ལ་བསྔགས་པ་ཡིན། །

༩ ཁྲག་ཚད་བཅུ་ཐང་། ཁྲག་ཚད་བཅུ་ཐང་བསྡུས་གྲངས་བཏང་བ་ཡིས། །ཁྲག་ཚད་སྟོད་གཟེར་མགོ་ན་མིག་སྤྲིན་དམར། །ཚ་རྒྱས་སྐད་འགགས་ཟླ་མཚན་འགགས་ལ་ཕན། །

༡༠ མཁྲིས་ལས་རྣམ་རྒྱལ་སྦྱོར་བ་འདི། །མཁྲིས་པའི་སྤྱི་སྨན་ངོ་མཚར་ཆེ།།

༡༡ མཁྲིས་ཕྱེ་བདུན་པ་ཞེས་གྲགས་སྦྱོར་བ་འདིས། །རྒྱུ་ལོང་བསྣད་འགྲམས་ཁྲག་མཁྲིས་ཚ་འཁྲུ་གཅོད། །

༡༢ འཁྲུགས་གློ་ཀུན་སེལ། འཁྲུགས་རིམས་སྤྱི་དང་ཁྱད་པར་འགྲམས་ལ་བསྔགས། །གཞན་ཡང་འཁྲུགས་རྒན་གློ་རོ་ལུད་པ་ལུ། །ཆམ་གཞུག་ལ་སོགས་ཀུན་ལ་མཆོག་ཏུ་བསྔགས། །

༡༣ ཁྱུང་ཆེན་བཅུ་བདུན། མཁལ་མའི་དྲོད་ཉམས་ས་བོན་འཛགས་པ་དང་། །གཅིན་ལམ་གཉན་ཚད་གཅིན་འགགས་སོགས་ལ་ཕན། །

༡༤ ཁྱུང་ལྔ། བྱ་ཁྱུང་རྣམ་པ་ལྔ་ཡི་རིལ་བུ་འདི། །སྲོད་དུ་ལྔ་བདུན་དགུ་རྣམས་རིམ་པས་བཏང་། །ཕོ་ལོག་སྲིན་ནད་གཉན་གཟེར་གག་སློག་དང་། །ཁྱད་པར་ཆུ་སེར་མཛེ་ནད་འཇོམས་པའི་མཆོག །

༡༥ ཁྱུང་སྔོན་དགུ་བ་ཞེས་གྲགས་སྦྱོར་བ་འདི། །རིམས་འཁྲུགས་གཉན་ཚད་སྤྱི་དང་ཁྱད་པར་དུ། །གློ་ཆམ་གྲེ་བར་བབས་པའི་བདུད་རྩི་ཡིན། །

༡༦ གར་ནག་བཅུ་བ། གར་ནག་བཅུ་བས་རླུང་དང་མ་ཞུ་སྐྲན། །གཞན་དབང་ལྡན་པའི་མཁྲིས་ཀུན་འདི་ཡིས་སེལ། །མ་ཞུ་མཁྲིས་ལྡན་ནད་ལ་ཤིན་ཏུ་བསྔགས། །ཁྱད་པར་གྲང་མཁྲིས་འཇོམས་པའི་གཉེན་པོ་ཡིན། །

༡༧ གི་ཝང་དགུ་བ་གཞུང་བཞིན་སྦྱར་བ་འདིས། །མཆིན་པ་བསྣད་འགྲམས་མཆིན་ཁྲག་རྒྱས་པ་དང་། །མཆིན་ཚད་བད་ཀན་སྨུག་པོ་རྒྱས་པ་སེལ། །

༡༨ གུར་གུམ་བཅུ་གསུམ་མཆིན་རྒུད་སྦྱར་དུག་དང་། །མཁལ་མ་བསྣད་འགྲམས་ཆུ་སྲི་ཚ་སྦོས་དང་། །ཡ་མ་ནག་པོའི་སྲིན་ནད་སེལ་བར་བྱེད། །

༡༩ གུར་གུམ་མཆོག་བདུན་མཆིན་ནད་གསར་རྙིང་དང་། །མཆིན་པ་བསྣད་འགྲམས་ཁྲག་རྒྱས་མིག་སེར་སེལ། །

༢༠ གོ་ཡུ་ཉེར་བརྒྱད་འབྲས་བུ་སྐྲངས་པ་དང་། །དཀར་དམར་གྲང་བ་འཛགས་པའི་ནད་རིགས་དང་། །མཁལ་མའི་དྲོད་ཤོར་དཔྱི་མིག་གཟེར་ལ་བསྔགས། །

༢༡ གྱོང་རློན་བཅོ་བརྒྱད། རྨ་རྙིང་རྨ་གསར་མཁལ་ནད་ཟླ་མཚན་འགགས། །རྩ་དཀར་རྩ་ནག་དུག་རིགས་མ་ལུས་འཇོམས། །

༢༢ གྲུབ་ཐོབ་རིལ་དཀར། བད་ཀན་སྐྱ་སྨུག་ལྡན་འདུས་སོགས། །ནད་ཀུན་སྤྱི་སྨན་ངོ་མཚར་ཆེ། །མཆོག་ཏུ་ཕོ་བའི་ནད་ལ་བསྔགས། །

༢༣ རྒ་ལོི་སྨན་དམར། རྒ་ལོ་བ་ཡི་སྨན་དམར་འདི། །བད་ཁྲག་ནད་ལ་མཆོག་ཏུ་བསྔགས། །ཁྱད་པར་མན་ངག་ཁ་ཚར་གྱིས། །གཏར་དགོས་གཏར་མི་རུང་བ་དང་། །བད་ཁྲག་བྱེར་བའི་གློ་ནད་དང་། །སྨན་རྟ་ཆང་གིས་བྱས་གྱུར་ན། །རིམས་འཇུག་ལུད་པ་བཅོས་རྡུགས་སེལ། །

༢༤ རྒུན་འབྲུམ་བདུན་པ་ཚད་ལྡན་སྦྱར་བ་ཡིས། །གློ་ཡི་ནད་དང་དབུགས་མི་བདེ་བ་སེལ། །

༢༥ གླང་མེ་བཅོ་བརྒྱད། མཆིན་ཁྲག་སྨུག་པོ་རྒྱས་པ་སེལ་བའི་མཆོག

༢༦ དངུལ་ཆུ་བཅོ་བརྒྱད་ཅེས་སུ་གྲགས་པ་འདིས། །མཛེ་ནད་གཉན་སོགས་ཀུན་དང་གྲིབ་ལ་བསྔགས། །

༢༧ གཅིན་སྙི་ཨ་རུ་བཅོ་བརྒྱད་ཅེས། །མཁལ་ནད་རྩ་ནད་རྩ་འགྲམས་དང་། །གཅིན་རྙི་ཟ་ཁུའི་ནད་རྣམས་དང་། །ས་བོན་འཛག་པ་གཅོད་པའི་མཆོག

༢༨ ཅུ་གང་ཉེར་ལྔའི་གློ་གཟེར་ཁྲག་ཏུ་ལུ། །གྱེན་ལ་མི་ཕར་གློ་བརྒྱལ་ཆེ་བ་དང་། །རོ་སྟོད་ཚ་ཁེག་ཆམ་རྒན་རུས་ཞེན་དང་། །གློ་བར་ཚད་པ་ཞུགས་པའི་ནད་རིགས་སོགས། །མདོར་ན་བྱང་ཁོག་སྟོད་ཀྱི་ཚད་པ་སེལ། །

༢༩ ཅོང་ཞི་ཉེར་གཅིག སྨུག་པོ་གཡུལ་ལས་རྒྱལ་པའི་སྨན་མཆོག་འདི། །ཞལ་ཤེས་བཞིན་ཏུ་མ་ནོར་བསྟེན་གྱུར་ན། །བྲང་ཚ་ཆུ་སྐྱུར་མཁྲིས་པ་རྒྱ་བཤལ་སྐྱུག །ཕོ་མཆིན་རོ་རྒྱལ་སྦྲགས་ཤིང་ཚིགས་པ་ན། །ཁྲག་མཁྲིས་ཕོ་བར་ལྷུང་ངམ་སྟོད་དུ་གཟེར། །སྨུག་པོ་རྒྱས་དང་གབ་ཅིང་འཁྲུགས་པ་དང་། །རང་བཞན་གནས་སུ་ཞེན་ཞིང་བྱེར་བ་དང་། །འདུས་ནད་སྨུག་པོ་འཇོམས་པའི་སྨན་མཆོག་ཡིན། །

༣༠ བཅོ་ལྔ་དྲག་སྦྱོར། དྭགས་སྨན་བཅོ་ལྔའི་སྦྱོིར་བ་འདིའི། །ཕན་ཡོན་བསམ་གྱིས་མི་ཁྱབ་སྟེ། ། ཁྱད་པར་ཕོ་གཅོང་ནད་ལ་ཤིས། །བད་ཀན་སྨུག་པོ་ཁྲག་སྐྱུག་དང་། །རྒྱུ་ནད་རྟག་ཏུ་འཁྲུ་བ་དང་། །སྒྲེག་པ་མང་ཞིང་ཟས་མི་འཇུ། །ཕོ་བ་སྟོང་འཁྲོག་བྱེད་པ་དང་། །ཕོ་ལོག་ཕོ་བ་སྤུ་བྱི་དང་། །ཕོ་སུལ་ལྕགས་ཀྱི་དྲེག་ཆགས་དང་། །མཆིན་པ་སྐྱེས་དང་འཆང་བ་དང་། །མཆིན་ཆུ་བླུགས་ཤིང་སྒྲེག་པར་བཅས། །རྒྱུ་གཟེར་གྲོལ་མ་གླང་ཐབས་རིགས། །འདྲིལ་བཅས་དྲུ་བུ་བསྒོང་བ་སོགས། །མདོར་ན་ཕོ་ལོང་རྒྱུ་གཅོང་ལ། །སྨན་མཆོག་འདི་ལས་ལྷག་པ་མེད། །རྣོ་བ་སྤུ་གྲིས་གཅོད་དང་མཚུངས། །སྨན་ནག་ཐུགས་ཀྱི་དཀྱིལ་དུ་ཆོངས། །

༣༡ འཆི་མེད་སྲིན་སེལ་ཞེས་གྲགས་པས། །མགོ་སྲིན་ཁོང་སྲིན་སོ་སྲིན་དང་། །གཞང་སྲིན་པགས་སྲིན་ལ་སོགས་པ། །ཚ་སྲིན་གྲང་སྲིན་བརྟག་མི་དགོས། །མཆོག་ཏུ་གཉན་སྲིན་གླང་ཐབས་སེལ། །

༣༢ འཆི་མེད་ཨར་བརྒྱད་སྟོད་འཚངས་འཕྲལ་དུ་བསྔགས། །སྟོད་ཀྱི་རླུང་ཁྲག་འཁྲུགས་པ་ལས་གྱུར་བའི། །ནད་རིགས་ཀུན་སེལ་བདུད་རྩི་འདིས་སྦྱར་དགེ །

༣༣ ཏིག་ཏ་བརྒྱད་པ་ཞེས་སུ་གྲགས་པ་འདིས། །མཁྲིས་ཚད་མིག་ཆུ་ཤ་མདངས་སེར་བ་འཇོམས། །

༣༤ རྟ་ཟི་དམར་པོ། །རིལ་བུ་རྟ་ཟི་དམར་པོ་འདི། །ཚད་རིམས་གཉན་དང་བསྡོངས་པ་ཡི། །བད་ནད་འབྲུམ་པ་རྒྱུག་འགྱེལ་དང་། །མིག་སེར་གག་ལྷོག་གཉན་སྐྲངས་སོགས། །ཚད་རིམས་བཞི་བརྒྱ་རྩ་བཞིའི་ནད། །ཐམས་ཅད་སེལ་བར་ཐེ་ཚོམ་མེད། །སྐབས་འཚམས་ཐང་གིས་ཁ་བསྒྱུར་བྱ། །

༣༥ སྟར་བུ་ལྔ་བ། སྟར་བུ་པཉྩའམ་སྟར་བུ་ལྔ་བ་ནི། །གློ་ཚད་རྙིང་དང་ཚ་བ་གབ་འཁྲུགས་དང་། །གློ་བའི་རྣག་ཁྲག་འདྲེན་ཞིང་མགྲིན་པ་བདེ། །གྲང་ཤས་ཆེ་ན་པི་ལིང་སྡིག་ལྕམ་བསྣན། །

༣༦ ཐང་ཆེན་ཉེར་ལྔ་ཞེས་སུ་གྲགས་པ་འདིས། །དུག་དང་སྨུག་པོ་ཚད་རྙིང་བྱེར་བ་སྡུད། །འདུ་བ་ཆ་སྙོམས་ཚ་གྲང་དང་ག་འབྱེད། །རླུང་མི་བསྐྱེད་ཅིང་བད་མཁྲིས་གཉིས་ཀ་སེལ། །སྦྱོར་བའི་རྒྱལ་བོ་གདོང་ནག་མཁས་པའི་ལུགས། །ཐང་དུ་གསུངས་ཀྱང་ཕྱེ་རིལ་ཆུ་སྐོལ་དབུལ། །འདུས་རྟགས་ལུས་ལྕི་ཁ་སྐམ་དང་ག་འགགས། །ཕོ་བ་ན་ལ་རྩ་ཆུའི་ཚ་བ་སྐྱེ། །དེ་དུས་དངོས་གཞིའི་སྤྱི་སྨན་གང་འོས་བསྟེན། །

༣༧ དུག་འཇོམས་ཆེན་མོ། དུག་སྨན་མང་སྦྱོར་ཆེན་མོ་ཞེས་བྱ་འདི། །སྦྱར་དུག་གྱུར་དུག་རང་བཞིན་དངོས་ཀྱི་དུག །མཐོང་བའི་དུག་དང་རེག་པ་ཉི་ཟེར་དུག །ཁ་རླངས་དུག་སོགས་དུག་རིགས་མ་ལུས་པ། །གཏན་ནས་འཇོམས་ཤིང་གབ་ཚད་རྙིང་ཚད་རྣམས། །གཏིང་འདོན་བྱེད་པའི་མན་ངག་ཁྱད་པར་འཕགས། །

༣༨ བདུད་རྩི་སུམ་སྦྱོར། བདུད་རྩི་སུམ་སྦྱོར་ཞེས་བྱ་འདི། །ཞིབ་བཏགས་གར་ཆང་རྟ་ལ་སྐྱོན། །སྟོད་དུ་བད་ཁྲག་རྒྱས་པ་དང་། །སྨད་དུ་མཆིན་ཁྲག་ལྷུང་བ་དང་། །བྲང་ཚ་ཆུ་སྐྱུར་སྐྱུག་པ་དང་། །མགོ་དང་ཡན་ལག་ལ་སོགས་ཀྱི། །རུས་ཆག་ལུགས་སུ་འཛུད་པ་དང་། །བད་མཁྲིས་ཟ་ཁུ་གཅོད་པའི་མཆོག །

༣༩ བདུད་རྩི་ལྔ་ལུམས། བདུད་རྩི་ལྔ་ཡི་ལུམས་གྱིས་ནི། །ལུས་སྤྱིའི་འདུ་བ་སྙོམས་བྱེད་ཅིང་། །དྲེག་གྲུམ་ཡན་ལག་རེངས་འཁུས་བརྐྱངས། །ཀོ་ལེར་ན་སྐྲངས་འཇོམས་པའི་མཆོག །དུག་དང་ཚ་བ་རྙིང་རྙོགས་སོགས། །ཤ་པགས་རྩ་རུས་ལ་ཞེན་པ། །མ་ལུས་བ་སྤུའི་བུ་གར་འདྲེན། །ཁ་བསྒྱུར་རིགས་འདས་དཔྱད་པར་བྱ། །

༤༠ ད་ལི་བཅུ་དྲུག་སྦྱོར་བ་འདི། །སྦྲང་དང་བུ་རམ་རྟར་བསྐྱོན་པས། །སྨན་ནུས་མྱུར་དུ་འབྱིན་པར་བྱེད། །མ་ཞུ་གླང་ཐབས་ཕོ་བ་སྦོས། །ཚ་གྲང་འཐབ་པའི་ནད་རྣམས་དང་། །སྟོད་འཚངས་བད་རླུང་མགོ་འཁོར་དང་། །གློ་ལུ་སྐད་འགགས་ལུས་པོ་སྐྲངས། །སྐྱ་རྦབ་ས་ཆུ་མི་ཐུབ་པར། །སླེབས་པས་ཆོག་པ་མྱོང་བྱང་ཡིན། །

༤༡ བདེ་བྱེད་སྙོམས་ལྡན་ཞེས་སྨན་གྱི་མཆོག །བད་ཀན་སྐྱ་སྨུག་ལ་སོགས་བད་ཀན་རིགས། །ཀྴ་ཡ་མིག་སེར་ལ་སོགས་མཁྲིས་པའི་རིགས།། ལྷེན་དང་ལྕགས་དྲེག་མ་ཞུ་བ་རྣམས་དང་། །དུག་རོ་ལ་སོགས་ཕོ་བ་མཆིན་པའི་ནད། །སྨུག་པོ་གབ་འགྱིང་ཆུ་སེར་པགས་ནད་རིགས། །ཟ་འཕྲུག་སྐྱིགས་བུ་ལ་སོགས་གོང་བཤད་ནད།། ཀུན་ལ་འགྲོ་བའི་སྨན་མཆོག་དམ་པའོ། །

༤༢ དྲང་སྲོང་ཨར་གར་བརྒྱད་སྦྱོར་ནི། །ཀ་ར་སྦྱར་བས་ཁྲག་རླུང་འཐབ། །མདུན་རྒྱབ་གཟེར་དང་གློ་སོགས་སེལ། །དྲང་སྲོང་མུ་ཁྱུད་འཛིན་གྱི་ལུགས། །དེ་ནས་དྲང་སྲོང་ཨར་བརྒྱད་ཟེར། །

༤༣ དྲེག་ཐང་སུམ་སྦྱོར་དྲེག་ནད་སེལ་བར་བྱེད། །

༤༤ ནག་པོ་དགུ་ཐང། །འགོག་སྨན་ནག་པོ་དགུ་སྦྱོར་ནི། །ཕྱིར་བྱུགས་གཟའ་གཉན་ཀླུ་གསུམ་བསྲུང་། །ནང་བཏང་བཀག་ལྷོག་གཟེར་གསུམ་འཇོམས།། ནངས་རེ་རིལ་བུ་རེ་རེ་བསྟེན། །འགོ་བའི་ནད་རིགས་ཐམས་ཅད་བསྲུང་། །

༤༥ ནག་འཚུར་སུམ་ཐང་། །ནག་འཚུར་སེང་ཁྲོམ་ཨ་རུའི་གྲང་ཐང་གིས། །མཁུར་གང་ཁ་ཡི་ཁྲག་ནད་ཟུག་གཟེར་འཇོམས། །

༤༦ ནོར་བུ་བདུན་ཐང་བསྡུས་གྲང་བཏང་བ་ཡིས། །ཕན་ཡོན་ཁྲག་དང་རླུང་དང་འཁྲུགས་གསུམ་ལ། །ཆུ་དྭངས་ནོར་བུ་ཆུ་སྟེང་བཞག་པ་བཞིན། །དེ་རྣམས་རང་བཞིན་དྭངས་པར་འགྱུར་བ་ཡིན། །དེ་ཕྱིར་འདི་མིང་ནོར་བུ་ཆུ་དྭངས་ཟེར། །འདི་ལ་སྨིན་སྡུད་གསོད་པ་གསུམ་ག་ཚང་། །དེ་ལྟར་ཐང་ནི་ལན་འགའ་བསྟེན་པ་ཡིས། །ཚ་བ་ཆུང་ངུ་ལམ་ནས་ཟློག་ཀྱང་སྲིད། །

༤༧ རྣོ་མཆོག་དྲུག་པ། ཁྲག་མཁྲིས་གཉན་སོགས་མགོ་བོ་ན་བ་དང་། །ལིང་ཏོག་ལ་སོགས་མིག་གི་ནད་ལ་བསྔགས། །

༤༨ སྤང་རྩི་བཅུ་གཉིས་གཉན་ཚད་ཁྲག་དང་བསྡོངས། །ལུས་འདར་གྲང་ཤུམ་ཆེ་ལ་མགོ་བོ་གཟེར། །མཚན་གཉིད་མི་ཁུག་ཉིན་པར་གཉིད་ཆེ་ལ། །རྐང་ལག་ཚ་ཚིགས་ལུས་ཀུན་རུས་ཟུག་ཆེ། །གཉན་རིམས་གཉན་སྐྲངས་རྨ་ཤུ་ཡ་མའི་རིགས། །ཁྱད་པར་མིག་ནད་དམར་ཚག་སྐམ་ཚག་སེལ། །

༤༩ སྤང་རྒྱན་བཅོ་ལྔ་ཞེས་བྱའི་སྨན་མཆོག་འདིས། །ཆམ་ཚད་གྲེ་བར་བབས་དང་དབུགས་མི་བདེ། །བད་རླུང་སྟོད་དུ་འཁྱིམས་དང་གཟེར་ཆེན་དང་། །ཁྱད་པར་བད་ཚད་སེལ་བར་འདི་རང་བསྔགས། །

༥༠ སྤང་རྒྱན་བཅུ་བ། །བད་ཀན་ཚ་འགགས་གྲང་འགགས་དང་། །མིད་འཆུས་སྐྱིགས་བུ་སྐོམ་དད་ཆེ། །གྲེ་བའི་ནད་རིགས་མ་ལུས་སེལ། །

༥༡ སྤོས་དཀར་བཅུ་བ། སྤོས་དཀར་བཅུ་བ་ཚད་ལྡན་སྦྱར་བ་ཡིས། །དྲེག་གྲུམ་ཆུ་སེར་ཀོ་ལེར་ཚ་འཁྱུག་འཇོམས། །

༥༢ སྤྲུ་ནག་ཉེར་དགུ་སླེ་ཏྲེས་ཐང་གིས་འཕུལ། །བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་ནག་དང་། །མཁྲིས་པ་རྩ་རྒྱུག་གཟེར་ཐུང་སུམ་འདྲིལ་སོགས། །དུས་ནད་གཉེན་རིམས་པར་པ་ཏ་ཞེས་པ། །བཅོས་དཀའ་འགྲོ་སྲོག་མྱུར་སྲོག་ལེན་བྱེད་པའི། །

༥༣ ཕག་མོ་གྲུབ་པའི་སྦྱོར་བ་འདིས། །ཕན་ཡོན་ལྷེན་དང་མ་ཞུ་སྐྲན། །བད་ཀན་སྐྱ་སྨུག་སྦོས་འདྲིལ་སྐྱུགས། །མདོར་ན་ཚ་རིམས་གསར་མ་གཏོགས། །མ་ལུས་བ་མོར་ཉི་ཤར་བཞིན། །སྟོབས་འཕེལ་མདངས་རྒྱས་བཅུད་ལེན་འགྱུར། །

༥༤ བི་མ་ལ་ཡི་སྦྱོར་བ་འདི། །གསོ་དཔྱད་བརྒྱད་ཁྲི་བཞི་སྟོང་ལས། །ཁྱད་པར་སྙིང་རླུང་བཅོས་ཐབས་ནི། །རྟགས་ནི་སྙིང་མི་དགའ་བ་དང་། །ཤེས་པ་འཕྱོ་ཞིང་བློ་འཚུབས་པ། །དྲན་པ་མི་གསལ་བརྗེད་ངས་ཆེ། །ཡི་མུག་ག་ཆད་སྡོད་མི་ཚུགས། །ཞེ་སྡང་བྱིང་རྒོད་དབུགས་སྣ་ཐུང་། །ཚབས་ཆེ་བརྒྱལ་དང་སྣ་ཚོགས་ནད། །འབྱུང་ཕྱིར་སྨན་གྱི་གསོ་ཐབས་བསྟན། །

༥༥ བོང་ཁྲག་ཉེར་ལྔ། །མགྲིན་མཚལ་ཉེར་ལྔ་སེང་ལྡེང་ཁུ་བས་དབུལ། །སྐབས་སུ་སེ་འབྲུ་ལྔ་བ་བསྟེན་པ་ཡིས། །དྭངས་མ་གནས་འཇོག་ཆུ་སེར་རང་སར་སྐེམ། །དྲེག་དང་གྲུམ་བུ་མིང་གི་ལྷག་མར་བཤད། །

༥༦ བོང་དཀར་བཅུ་གསུམ་ཚད་ལྡན་སྦྱར་བ་ཡིས། །མཁྲིས་པའི་ཚད་པ་མ་ལུས་སེལ་བར་བྱེད།།

༥༧ དབང་ལག་བཅུ་བ། །ས་བོན་ཉམས་དང་གྲང་གཞི་རྒྱུན་དུ་འཛག །ཟུངས་ཟད་ལུས་སྟོབས་བསྐྱེད་པར་བྱེད་པའི་མཆོག །

༥༨ འབའ་སམ་སྨན་མར་སྟོད་སྨད་ཀུན་ལ་བསྔགས། །རོ་ཙ་ཟ་ཁུ་གཅོད་པར་བྱེད་པའི་མཆོག །

༥༩ འབོལ་སྨན་བདུན་པའི་སྟེང་དུ་ནི། །ཆུ་མདོག་ལྗང་དང་སེར་དང་བར་ཆུ་ཡི། །ཁ་ཚར་མན་ངག་ལྡན་པ་ཆུ་སྐོལ་གྱིས། །འཕུལ་ལམ་ཡང་ན་གོང་བཤད་ཐང་གིས་དབུལ། །ཚ་ཆུའི་ནད་རྟགས་ཆེ་ན་ཨ་ཅང་ཆེ། །ཚ་ཤས་ཆེ་ཙམ་ལའང་ཡུན་རིང་བསྟེན། །དེ་ཡིས་དྲི་ཆུའི་བོངས་ཆེ་ཕོ་བ་བདེ། །ཚ་བའི་ཆུ་དེ་ལྡན་ནམ་གྲང་ཆུར་བསྒྱུར། །མ་གྱུར་སྲིད་ཀྱང་ཚ་ཆུའི་རླབས་འདིས་གཅོག །ལྡན་ནམ་གྲང་ཆུལའང་ཞག་འགའི་བར། །མེ་དྲོིད་གསོ་བྱེད་རྗེས་སྨན་བཞན་གྱི། །ཐོག་མར་སྨན་འདི་གཏོང་བ་མྱོང་བའི་གནད། །

༦༠ བྱི་ཏང་བདུན་པ་ཆུ་བསྐོལ་ཚན་མོས་དབུལ། །ཕོ་ལོང་སྲིན་ནད་གཞང་འབྲུམ་མ་ལུས་འཇོམས། །

༦༡ འབྲས་གསུམ་ཐང་གིས་རིམས་འཁྲུགས་ཚ་བའི་ནད། །གསར་རྙིང་མ་ལུས་སེལ་ཞིང་སྨིན་པར་བྱེད། །

༦༢ བྲེ་ག་བཅུ་གསུམ་ལྒང་བའི་ནད་རིགས་དང་། །མཁལ་རྐེད་འགྲམས་དང་འོར་དུ་འབྲས་བུ་ཚ་གྲང་གང་གིས་སྐྲངས་པ་འཇོམས། །

༦༣ འབྲོང་ཁྲག་བརྒྱད་པ་ཚད་ལྡན་སྦྱོར་བ་འདིས། །བད་ཀན་མིད་འཆུས་ནད་ལ་བདུད་རྩི་ཡིན། །

༦༤ འབྲོང་རྩེ་ཨ་གར་བརྒྱད་པ་འདིས། །ཁྲག་རླུང་སྤྱི་ཡིས་གཟེར་བ་དང་། །རྙིང་རླུང་སྨྱོ་འབོག་མ་ལུས་སེལ། །

༦༥ མ་ནུ་བཞི་ཐང་རིམས་ཚད་སྨིན་པར་བྱེད། །བད་ཀན་སྐྱ་སྨུག་སྟོངས་ཚད་ཁྲག་གཟེར་སེལ། །

༦༦ མན་ངག་བསིལ་བའི་སྦྱོར་བ་འདིས། །དུག་སྨུག་མཁྲིས་པ་མཆིན་པར་རྒྱས། །ཁྲག་རྙིང་སྟོད་རྒྱངས་གབ་ཅིང་ཞེན། །མཆིན་མཆེར་བར་གྱི་བད་ཁྲག་རྒྱས། །མཆིན་དྲི་ནང་གི་ནད་རྣམས་ལ། །སླེབས་པས་ཆོག་པ་ཁོ་བོས་མཐོང་། །

༦༧ དམར་པོ་སུམ་ཐང་། །གློ་མཁལ་འགྲམས་ཚད་སྨིན་སྡུད་འབྱེད་པའི་མཆོག །གཞན་ཡང་གློ་ནད་གསར་རྙིང་གང་ཡིན་ལ། །འདི་ནི་ཐོག་མཐའ་བར་དུ་བསྔགས་པ་མཐོང་། །ཁྱད་པར་གློ་ནད་ཁྲག་ཏུ་ལུ་བ་ལ། །འདི་ལས་ལྷག་པའི་ཐང་མཆོག་ཡོད་མ་ཡིན། །

༦༨ གཙོ་བོ་ཉེར་ལྔ་མན་ངག་ཁ་ཚར་ཅན། །ཚད་པ་ཆེ་ཆུང་གློ་དང་རུས་ལ་ཞེན། །གློ་ཆེན་འགོག་དཀའ་དབུགས་ཐུང་གྱེན་མི་ཕེར། །གློ་ཡིས་བརྒྱལ་ཞིང་འཚངས་ནས་དབུགས་བསྡུ་དཀའ། །འགུལ་ན་གློ་སྐྱུགས་བྱེད་ཅིང་ཉལ་མི་བདེ། །ལུད་པ་མང་དུ་ལུ་ཞིང་སྣ་འཚུལ་འགག །རོ་སྟོད་ཚ་ཞིང་བརྩེ་ལ་རྒྱངས་ཤིང་ཁེངས། །ཚ་གཟེར་ཚ་སུབ་གློ་བ་ཁྲག་རྒྱས་སོགས། །གློ་ནད་བརྒྱད་ལ་སྨན་འདི་སླེབས་པས་ཆོག །

༦༩ གཙོ་བོ་བརྒྱད་པ། རྗེའུ་གཙོ་བོ་བརྒྱད་པའི་སྦྱོར་བ་ནི། །དོན་སྣོད་གློ་མཆིན་ཁྲག་མཁྲིས་འཁྲུགས་རིམས་ཀྱི། །ཚད་པ་གསར་རྙིང་མ་ལུས་འཇོམས་པར་ངེས། །

༧༠ རྩ་ཐག་བཅུ་དྲུག་མྱོས་ཁུས་བཏང་བ་ཡིས། །རླིག་པ་སྐྲངས་པ་རང་ཞིར་དག་ལ་འགྲོ། །སྨད་ནད་མཁལ་རྩ་འགྲམས་དང་མཁལ་རླུང་སོགས། །མ་ལུས་སེལ་བྱེད་གདམས་ངག་སྙིང་ནོར་རོ། །

༧༡ མཛོ་མོ་དྲུག་ཐང་ཞེས་སུ་གྲགས་པ་འདིས། །མཁལ་འགྲམས་དཔྱི་གཟེར་དགྱེ་སྒུར་དཀའ་བ་སེལ། །

༧༢ ཞི་བྱེད་བཅུ་གཅིག་སྐྱེ་ཟུག་གཅོག་པ་དང་། །མོ་ནད་ཁྲག་སྐྲན་འདྲིལ་བ་བཤིག་པར་བྱེད། །ཁྱད་པར་བཙས་རྗེས་སྲིན་གླང་འདྲིལ་རོ་ལ། །འདི་ལས་ལྷག་པའི་གདམས་པ་གཞན་ན་མེད། །

༧༣ ཞི་བྱེད་དྲུག་པའི་སྦྱོར་བ་འདི། །མ་ཞུ་ཕོ་སྦོས་གླང་ཐབས་དང་། །ཐུར་སེལ་རྒྱུ་བ་ལོག་པ་དང་། །བུ་དང་ཤ་མ་མ་ཐོན་དང་། །བཤང་འགགས་སོགས་ལ་ཤིན་ཏུ་ཕན། །

༧༤ ཟངས་ཐལ་ཉེར་ལྔའི་སྦྱོར་བ་འདིས། །གློ་ཚད་ནད་རིགས་ཐམས་ཅད་དང་། །ཁྱད་པར་དབུགས་འཚངས་གློ་ནད་སེལ། །

༧༥ ཟས་སྨན་བཅུ་བ། །ཕོ་བའི་བད་ཀན་འཕེལ་བས་ཟས་མི་འཇུ། །དང་ག་འགག་དང་གྱེན་སྐྱུག་ཐུར་དུ་འཁྲུ། །སྨུག་པོ་ལ་སོགས་ཕོ་མཆིན་ནད་ལ་བསྔགས། །

༧༦ ཟླ་འོད་ནོར་ཆུང་། །གཉན་རིམས་ཚད་གཟེར་ཚ་ཆུ་སྐྲན། །སྲིན་དང་ཡ་མ་ཕོ་གླང་འབྲས། །གཟའ་མཛེ་ཆུ་སེལ་མ་ལུས་འཇོམས། །

༧༧ ཟླ་ཤེལ་ཆེན་མོ། །ཟུར་ལུགས་ཟླ་ཤེལ་ཆེན་མོའི་སྦྱོར་བ་འདི། །ནད་གཞིར་བསྟུན་ཏེ་རང་རང་སྨན་རྟས་འཕུལ། །དུག་དང་སྨུག་པོ་ཁྲག་ཏུ་འཁྲུ་སྐྱུག་དང་། །གབ་ཚད་ཚད་རྙིང་འགྲམས་འཁྲུགས་འཐབ་པ་དང་། །མ་ཞུ་གླང་ཐབས་སྲིན་དང་ཆུ་སེར་སྐྲན། །ལྡན་འདུས་ནད་རྣམས་འཇོམས་པའི་རྡོ་རྗེ་ཡིན། །

༧༨ ཟླ་རྩི་བདུད་རྩི་ཞེས་བྱ་ཕོ་མཆིན་ནད། །དུག་དང་སྨུག་པོ་ཚད་པ་རྙིང་བ་དང་། །མ་ཞུ་དུག་ཐབས་གློ་བུར་གཟེར་གྱི་རིགས། །མདོར་ན་ཚ་གྲང་ནད་རིགས་ཀུན་ལ་བསྔགས། །གཞང་ཡང་འདི་ཡི་ཡོན་ཏན་ནི། །ནད་རྙིང་རྩི་ལྟར་ཞེན་པ་དག །ཟུངས་བདུན་སྐྱོན་བྲལ་འདུ་བ་སྙོམས། །མིག་གསལ་ཡིད་བདེ་ནད་ཀུན་ཞི། །རྒྱུན་ཏུ་བསྟེན་ན་བཅུད་ལེན་འགྱུར། །

༧༩ འོལ་སེ་ཉེར་ལྔ་ཚད་ལྡན་སྦྱོར་བ་འདིས། །མོ་ནད་ཁྲག་ཚབས་རླུང་ཚབས་སྲིན་ཚབས་དང་། །རྐེད་པ་རྐང་དང་རུས་ཚིགས་ཁོལ་ཞིང་ན། །རྒྱུ་ཞབས་མཆིན་མཁྲིས་རོ་སྟོད་གཟེར་ཞིང་ན། །ལྷག་པར་རོ་སྟོད་ཕྲག་དམིགས་འཁོར་བ་དང་། །སྙིང་སྲོག་རོ་སྟོད་གཟེར་འཁྱིམ་རྣ་བ་འོན། །འདོམས་སྐྲངས་འཚང་ར་རྒྱུ་ཞབས་མཚན་མ་གཟེར། །རྐང་བོལ་ཡན་ཆད་རུས་པ་ཁོལ་ཞིང་ན། །ཀུན་སེལ་མན་ངག་འཛམ་གླིང་ནོར་ཕྱེད་གྲགས། །

༨༠ གཡུ་དྲིལ་བཅུ་གསུམ་ཞེས་བྱ་སྨུག་པོ་དང་། །ཁྲག་མཁྲིས་བད་ཀན་ཕོ་བའི་ནད་ལ་ཕན། །གྲང་རླུང་ལ་ཡང་མི་གནོད་སྤྱི་སྨན་ཡིན། །

༨༡ གཡུ་ཁྱུང་ཁ་ཚར་ཅན། །གཡུ་ཁྱུང་ཁ་ཚར་མངལ་གྱི་སྐྲན་རིགས་དང་། །སྣོད་མཁྲིས་གཉན་ཚད་རྒྱུ་ལྷག་གཉན་སོགས་སེལ། །

༨༢ རིལ་དཀར། །ཟས་འཇུ་སྦོས་གཟེར་སྒྲེག་སྐྱུག་བཤལ་བ་དང་། །བཤང་གཅི་དུས་མིན་འབྱུང་དང་འགགས་པ་སེལ། །

༨༣ རུ་རྟ་དྲུག་པ། །རུ་རྟ་དྲུག་པས་སྨུག་པོ་འཐབ་པའི་ནད། །གླང་ཐབས་སྒྲེག་སྐྱུག་ཕོ་ཁར་ཟུག་པ་སེལ། །

༨༤ ལི་ཤི་དྲུག་པ་ལོ་བརྒྱད་དྲི་ཆུས་དབུལ། །གློ་ནད་གྲེ་བ་ཚ་སྐམ་སྐད་འགགས་སེལ། །

༨༥ ལུག་མུར་བདུན་པའི་སྦྱོར་བ་འདིས། །ཆམ་པའི་གཞུག་གི་གློ་བརྒྱལ་ལ། །སྨན་ཐུན་གསུམ་ལས་མང་མི་དགོས། །

༨༦ ལོ་གྱོན་མ། ལོ་གྱོན་རིལ་བུས་ཆམ་རིམས་མགོ་གཟེར་དང་། །གག་ལྷོག་གཉན་གཟེར་མཁལ་མཆིན་དུག་ནད་དང་། །རྨ་འབྲུམ་གཉན་ཚད་རིམས་དང་དུག་ཚད་ཞི། །གཉན་འབྲས་འདུལ་ཞིང་མཁྲིས་སྐྲན་སྲིན་ནད་སེལ། །

༨༧ ཤ་སྦྱོར་བརྒྱད་པ། །ཝ་བ་འཇོམས་པའི་ཤ་སྦྱོར་བརྒྱད། །ཕྱེ་མ་ལྟོ་སྟོང་རུས་ཁུས་འཕུལ། །ཉེར་དགུ་གནམ་སྟོང་སོགས་བཏང་བས། །ཝ་བ་ཐམས་ཅད་རང་ཞིར་འགྱུར། །

༨༨ ཤིང་ཀུན་ཉེར་ལྔ་འདོན་བཞིའི་རྟར་བསྐྱོན་བཏང་། །ཤ་པགས་རྩ་རུས་ཞུགས་པ་ཕྱི་ཡི་

རླུང་། །དོན་ལྔ་སྣོད་དྲུག་ལ་ཞུགས་ནང་གི་རླུང་། །སྲོག་འཛིན་ལ་སོགས་རྣམ་ལྔ་གསང་བའི་རླུང་། །སྟོད་སྨད་བར་གསུམ་ཞུགས་རླུང་ལ་སོགས། །རླུང་རིགས་སྨན་སྦྱོར་གཅིག་གིས་འཇོམས་པར་བྱེད། །

༨༩ ཤུ་དག་བཞི་བ། །མ་ཞུ་སྐྱིགས་བུ་དབུགས་མི་བདེ་བ་དང་། །བད་རླུང་སྟོད་གཟེར་སྐྱ་རྦབ་གཞང་འབྲུམ་འཇོམས། །

༩༠ སུག་སྨེལ་བཅུ་བ། །མཁལ་ནད་གྲང་བ་རྡེའུ་ནད་ཆུ་འགགས་སེལ། །

༩༡ སེང་ལྡེང་ཉེར་ལྔ། །ཆུ་སེར་ཤ་རུས་རྩ་རུས་ལ་ཁྱབ་ནས། །ཡན་ལག་རེངས་འཁུམས་རུས་ཚིགས་ཁོལ་བུར་ན། །དགྱེ་སྒུར་མི་ཤེས་སྐྲངས་རྒྱས་སྐད་ངན་འཆོེར། །ཉིན་གཉིད་མི་ཐུབ་མཚན་མོ་བྱ་ལྟར་ཡེར། །གདུག་པ་དྲེག་གྲུམ་འཇོམས་པའི་གཉེན་པོ་ཡིན། །

༩༢ སེ་འབྲུ་ལྔ་བས་བད་ཀན་ཟས་མི་འཇུ། །ཕོ་བའི་གྲང་སྐྲན་སྐྱུགས་དང་ཡི་ག་འཆུས། །རྙིང་རླུང་མཁལ་རྐེད་ནད་ལ་མཆོག་ཏུ་ཕན། །

༩༣ སེ་འབྲུ་དྭངས་གནས། སེ་འབྲུའི་སྦྱོར་བ་དྭངས་མ་གནས་འཇོག་འདིས། །ཚ་གྲང་འཐབ་པའི་ཁ་འཛིན་མེ་དྲོད་གསོ། །བད་ཀན་བེ་སྣབས་རྩ་སྦུབས་འགག་པ་སེལ། །དྭངས་མ་གནས་འཇོག་ལུས་ཟུངས་རང་སོར་འཇུག །

༩༤ སེམས་ཀྱི་བདེ་སྐྱིད། །གཞན་ཡང་སྨན་མཆོག་སེམས་ཀྱི་བདེ་སྐྱིད་འདི། །རིལ་བུ་གསུམ་བདུན་ལྔ་ལ་སོགས་པ་ནི། །ལུས་སྟོབས་སྦྱར་ལ་དགོང་དང་ཐོ་རེངས་དུས། །ཤ་མར་བུར་རྙིང་ཆང་རྒན་འདུས་པས་འཕུལ། །ཕན་ཡོན་རླུང་ལས་གྱུར་བའི་ནད་རྣམས་ཀུན། །དུས་མཐའི་མེ་དང་ཉེ་བའི་བ་མོ་བཞིན། །ཐབས་འདིས་མི་འཇོམས་པ་ནི་ག་ལ་སྲིད། །ཁྱད་པར་སྲོག་རྩར་རླུང་ཞུགས་སེམས་མི་བདེ། །འཕྱོ་འདར་སྨྱོ་ལྐུགས་སྙིང་དཀྱིལ་ཆུ་བླུགས་འདྲ། །དེ་ལྟའི་ནད་ལ་ཚུལ་འདི་བདུད་རྩི་ཡིན། །

༩༥ བསམ་འཕེལ་ནོར་བུར་གྲགས་པའི་སྨན་མཆོག་འདིས། །རིམས་འཁྲུགས་ཚ་བ་གསར་དང་རྙིང་བ་དང་། །དྲེག་གྲུམ་མཛེ་དང་རེངས་འཁུམས་མཁལ་རྩ་གནད། །འགྲམས་འཁྲུགས་རྩ་ལ་བྱེར་ཞིང་ཞེན་པ་དང་། །བཅོས་མང་རྡུགས་པའི་ནད་གཞི་ཀུན་ལ་ཕན། །ཁྱད་པར་རྩ་དཀར་ནད་ཀྱི་གཉེན་པོ་ཡིན། །

༩༦ གསལ་བྱེད་ལྕགས་རིལ་ཆེན་མོའི་སྦྱོར་བ་ནི། །མིག་ནད་རབ་རིབ་ཕྱི་ནང་བར་འགྲིབས་དང་། །རྒྱལ་མོ་འདལ་དང་ཆུ་འཁྲུགས་རྩ་འདངས་ཉམས། །ཤ་འཛེར་རྭ་དང་ལིང་ཏོག་རྩ་དྲ་སོགས། །མིག་ནད་སུམ་ཅུའི་གཡུལ་ལས་རྣམ་པར་རྒྱལ། །གཞན་ཡང་སྦྱར་དུག་རྙིང་བ་དང་། །ལྡན་འདུས་འགྲམས་འཁྲུགས་ཤུ་བ་དང་། །སྨུག་པོ་ཁྲག་སྐྱུགས་ཐམས་ཅད་སེལ། །མཆིན་མཆེར་ཁྲག་བབས་མཁྲིས་པ་ཀྴ་ཡའི་རིགས། །མ་ལུས་སེལ་བ་མྱོང་བས་གྲུབ་པའོ། །

༩༧ གསེར་ཐང་བཅོ་བརྒྱད་ཁ་བསྒྱུར་རིགས་འདས་སྦྱར། །འབམ་རིགས་གྱེན་ལོག་ཁྲག་མཁྲིས་འདུ་འཁྲུགས་ནད། །སྟོད་གཟེར་དབུགས་ཐུང་རྔམ་རྒོད་ཀུན་ལ་ཕན། །

༩༨ གསེར་མདོག་ལྔ་བས་ཕོ་བ་རྒྱུ་མའི་ཡུལ། །མཁྲིས་རླུང་མ་ཞུ་མིག་སེར་ཀུན་ལ་བསྔགས། །

༩༩ གསེར་མདོག་བཅུ་གཅིག་ཅེས་གྲགས་སྦྱོར་བ་འདིས། །མཁྲིས་སྲིན་དུག་ཐབས་བད་མཁྲིས་མགོ་ནད་དང་། །ཕོ་བ་རྒྱུ་མར་ཁྲག་མཁྲིས་ལྷུང་བ་དང་། །སྣོད་ཀྱི་མཁྲིས་སྐྲན་མ་ཞུ་མིག་སེར་སེལ། །ཁྱད་པར་ཡ་མ་ནག་པོའི་ཚད་ནད་འཇོམས། །མཁྲིས་པ་མིག་སེར་ཀྴ་ཡ་ནག་པོ་ལ། །ཤིན་ཏུ་ཕན་པའི་མྱོང་གྲུབ་གདམས་པའོ། །

༡༠༠ བསེ་རུ་ཉེར་ལྔ། ཤ་རྭ་ཉེར་ལྔ་སྦྱོར་བ་ཚད་ལྡན་འདིས། །གུང་གཉིས་བ་འོ་དྲོན་མོས་ཕུལ་ལ་བཏང་། །འདི་ཡི་ཕན་ཡོན་གློ་ནད་གསར་རྙིང་དང་། །ཆམ་འཁྲུགས་བུང་ཚང་གློ་རྣག་ལ་སོགས་པ། །མདོར་ན་གློ་རྣག་སྟོང་གི་སླེབ་མཆོག་ཡིན། །

༡༠༡ གསོ་བྱེད་ཉི་མའི་དཀྱིལ་འཁོར་ཞེས་བྱ་འདིས། །འཕུལ་བྱེད་ཆུ་སྐོལ་ཚན་མོ་སྐབས་འགར་ཆང་། །མ་ཞུ་སྐྲན་དང་སྐྱ་རྦབ་འོར་དམུ་ཆུ། །མཁལ་མའི་དྲོད་ཤོར་ས་བོན་ཉམས་འཛག་དང་། །ཆུ་སྲི་མཁལ་རྐེད་ལྒང་བ་ཆུ་སོ་ཟུག །ཚ་འཁྲུ་གྲང་འཁྲུ་གྲང་རྙོགས་གྲང་སྲིན་དང་། །ཆུ་སེར་གྲང་བབས་གྲང་བའི་གྲུམ་བུ་སོགས། །གྲང་ནད་ཀུན་ལ་དུས་མཐའི་མེ་ལྟ་བུ། །ཁྱད་པར་ཕོ་བའི་མེ་དྲོད་སྐྱེད་པར་བྱེད། །དྭངས་མ་གནས་འཇོག་ཆུ་སེར་ཚ་བ་སྐེམ། །ལུས་ཟུངས་བརྟས་བྱེད་ཚེ་རིང་བཅུད་ལེན་འགྱུར། །

༡༠༢ སླེ་ཏྲེས་བདུན་ཐང་ཚ་བ་རྔུལ་དུ་དབྱུང་། །ཚ་བ་སྨིན་གསོད་དུས་གཅིག་བྱེད་པ་ཡིན། །

༡༠༣ སྲོག་འཛིན་བཅུ་གཅིག་ནུ་མཆིན་གཟེར་བ་དང་། །སྙིང་སྲོག་གཟེར་དང་སྨྱོ་ལྐུགས་ནད་ལ་བསྔགས། །

༡༠༤ ཨ་གར་བརྒྱད་པའི་སྙིང་ལ་མཚོན་ཕོག་དང་། །འགྲམས་འཁྲུགས་སྨྱོ་ལྐུགས་ནུ་མཆིན་གཟེར་བ་འཇོམས། །

༡༠༥ ཨ་གར་བཅོ་ལྔས་ཁྲག་རླུང་འཐབ་པ་དང་། །རྒྱབ་མདུན་གཟེར་དང་གློ་སོགས་སེལ་བར་བྱེད། །

༡༠༦ ཨ་གར་ཉི་ཤུར་གྲགས་པའི་སྨན་མཆོག་འདིས། །རླུང་ཁྲག་འཐབ་དང་གཟའ་ནད་རྩ་དཀར་དང་། །སྲོག་རྩར་རླུང་ཞུགས་སྨྱོ་ལྐུགས་ཡན་ལག་སྦྲིད། །རླུང་བུས་ཚ་བ་བྱེར་སོགས་

ནད་རིགས་ལ། །མན་ངག་འདི་ནི་བདུད་རྩི་ལྟ་བུ་ཡིན། །

༡༠༧ ཨ་གར་ཉེར་བཞི། བླ་མེད་ཁྲག་སྦྱོར་ཉེར་ལྔའི་སྦྱོར་བ་འདིས། །ཀླད་སྐྱོན་གྱིས་ནི་མགོ་གཟེར་མགོ་ཡུ་འཁོར། །ཁ་མིག་ཡོ་དང་ཡན་ལག་སྦྲིད་ཅིང་འཁུམས། །ལུས་འདར་གཡོ་ཞིང་ངག་ལྐུགས་སེམས་མི་བདེ། །ཁྱད་པར་གྲིབ་ནད་ཀུན་ལ་བསྔགས་པ་ཡིན། །

༡༠༨ ཨ་གར་སོ་ལྔ། ཚད་ལྡན་ཨ་གར་སོ་ལྔའི་སྦྱོར་བ་འདི། །གཉན་ཚད་རླུང་གསུམ་འཐབ་དང་རི་ཐང་འཚམས། །གློ་སྐམ་ཐེས་སྲུད་གྲུམ་བུ་བར་རྟ་དང་། །སྙིང་ཚད་རླུང་ལྡན་རྣམས་ལ་བསྔགས་པ་སྟེ། །སྨན་བཏང་ལོིག་པའི་ཉེས་པ་འདིར་མི་འབྱུང་། །དེ་ཕྱིར་སྟོད་འཚངས་ངོས་མ་ཟིན་པ་དང་། །ཉེས་མེད་ཡིན་ཡང་ཕན་པ་ཉམས་མྱོང་གནས། །

༡༠༩ ཨ་རུ་བཅུ་བ། མཁལ་མ་བསྣད་འགྲམས་ཆུ་སྲིད་རྐེད་པ་འཁོར། །བཤལ་འཕྱེས་མཁལ་ཚད་མ་ལུས་སེལ་བར་བྱེད། །

༡༡༠ ཨ་རུ་བཅོ་བརྒྱད་ཆུ་ཚན་འཕུལ་བཏང་བས། །མཁལ་རྩ་འགྲམས་བྱེར་མཁལ་རྐེད་ན་བ་དང་། །ཚིགས་བྱེར་ལ་སོགས་མཁལ་ཚད་མ་ལུས་སེལ། །

༡༡༡ ཨིནྡ་བཞི་ཐང་རྒྱུ་ལོང་སྣོད་ཚད་སེལ། །དེ་ལ་ཀ་པེད་འབྲས་བཏབ་ཚ་འཁྲུ་གཅོད། །

༡༡༢ རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་པོ་ཡིས། །བཞི་བརྒྱ་རྩ་བཞིའི་ནད་རྣམས་མ་ལུས་དང་། །བཅོས་མང་རྡུགས་པའི་ནད་རིགས་མཐའ་དག་ཀུན། །རིན་པོ་ཆེ་ཡིས་མི་སེལ་འགའ་ཡང་མེད། །ནད་གཞི་མེད་པའི་མི་ལ་བཅུད་ལེན་འགྱུར། །ཁྱད་པར་འདུས་ནད་སྨུག་པོ་གཅོང་ནད་དང་། །གྱུར་དུག་སྦྱར་དུག་ལ་སོགས་དུག་རིགས་ཀུན། །ཚད་རྙིང་རིམས་ནད་མཆིན་ཚད་ཕོ་ཚད་དང་། །དམུ་འོར་མཛེ་འབྲས་གག་ལྷོག་གཉན་ནད་སོགས། །ཚུལ་བཞིན་བསྟེན་པས་ཕན་ཡོན་མཐའ་ཡས་འགྱུར། །

༡༡༣ དབང་རིལ་ཉེར་ལྔ། རིན་ཆེན་དབང་རིལ་ཉེར་ལྔ་འདིས། །ཕན་ཡོན་དུག་ནད་གསར་རྙིང་དང་། །ཚད་པ་རྙིང་བ་རྣམས་ལ་ནི། །སྡུད་དང་གསོད་དང་འཇོམས་པར་བྱེད། །འདི་ལས་ཟབ་པ་བཞན་ན་མེད། །དུག་རིགས་སྤྱི་དང་ཁྱད་པར་དུ། །སྨུག་པོ་དུག་ཐབས་གསོ་དཀའ་ལ།ཡུན་བསྲིང་ཕན་པ་མྱོང་བས་གྲུབ། །

༡༡༤ བྱུར་དམར་ཉེར་ལྔ་མགོ་ཡི་ནང་རྩའི་ནད། །རྩ་དཀར་ཀླད་གཟེར་མགོ་འཁོར་གཉའ་རེངས་དང་། །ལྟག་པ་དགྱེ་གུག་བརྒྱལ་འཐིབས་མ་ལུས་སེལ། །

༡༡༥ བྱ་ཁྱུང་བཅུ་གསུམ། །སྰ་རའི་བྱ་ཁྱུང་བཅུ་གསུམ་སྦྱོར་བ་འདི། །ཚ་ན་ཆུ་བསྐོལ་རླུང་

ལྡན་མྱོས་ཁུས་དབུལ། །ཕྱི་ནང་རྩ་དཀར་ནད་རིགས་ཀུན་ལ་བསྔགས། །གཟའ་དང་ཀླུ་གདོན་བཅོས་བརྡུགས་གཉེན་པོ་མཆོག །

༡༡༦ རིན་ཆེན་མང་སྦྱོར་ཆེན་མོ་ཞེས་བྱ་འདིས། །སྦྱར་དུག་གྱུར་དུག་རང་བཞིན་དངོས་ཀྱི་དུག །ཉི་ཟེར་རེག་དུག་ལ་སོགས་དུག་རིགས་ཀུན། །མ་ཞུ་གླང་ཐབས་ཁྲག་མཁྲིས་བད་སྨུག་དང་། །ཚད་རྙིང་རྨ་རིགས་དམུ་འོར་མཛེ་འབྲས་འཇོམས། །ཕལ་ཆེར་གྲང་སྦྱོར་ཉིད་དང་ཁྱད་པར་མེད། །

༡༡༧ མུ་ཏིག་བདུན་ཅུ། །ཕན་ཡོན་རིན་ཆེན་སྤྱི་དང་ཁྱད་པར་དུ། །དུག་དང་ཚད་པ་རྩ་རུ་བྱེར་བ་དང་། །རྩ་དཀར་འགྲམས་འཁྲུགས་བརྒྱལ་གཟེར་སྨྱོ་འབོག་དང་། །རླུང་ཁྲག་གཟའ་གྲིབ་ཀླད་སྐྱོན་དབང་བོ་ཉམས། །རླུང་ནད་རྩར་བསྡོངས་གཞོགས་ཕྱེད་ཉམས་དང་ཡོ། །མགོ་འཁོར་ངག་ལྐུགས་གཉིད་ཡེར་དབང་བོ་འཁྲུལ། །ཁྲག་མཐོའི་སྙིང་ནད་ལ་སོགས་མ་ལུས་འཇོམས། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*