༸སྐྱབས་མགོན་ཛྙ་ན་བཛྲ་རིན་པོ་ཆེས་ནད་ཡམས་སྐོར་བསྩལ་བའི་བཀའ་སློབ།

དྲི་བ། ཪིན་པོ་ཆེ། དེང་སང་འཛམ་གླིང་གང་སར་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་པ་ལ་ཁྱེད་ཀྱིས་ཞལ་སློབ་ཚོ་དང་གཞན་ཡང་རྒྱ་ཆེ་བའི་མི་དམངས་རྣམས་ལ་གནས་སྐབས་འདི་འདྲ་ལ་ག་རེ་བྱེད་དགོས་མིན་འཐད་བཀའ་སློབ་ལམ་སྟོན་ག་རེ་ཡོད་གནང་པས།

བཀའ་ལན། འདིར་གནད་དོན་འགའ་ཞིག་ལ་བསམ་བློ་བཏང་དགོས་པ་ཡིན། དང་ཐོག་དེར་སྨན་གྱི་ཁྱད་ལས་པ་ཚོའི་ངག་ལྟར་གཙང་སྦྲ་འཕྲོད་བསྟེན་བྱེད་དགོས་པ་ཡིན། དེའང་ལག་པ་འཁྲུས་རྒྱུ་དང་ལུས་གོས་སོགས་ཡང་ཡང་འཁྲུས་ནས་བརྗེ་ལེན་བྱ་རྒྱུ་བཅས་དང་། དེ་མིན་རྒྱང་བསྡོད་བྱ་རྒྱུ་དེ་གལ་ཆེན་ཡིན་འདུག དེ་ལྟར་བྱས་ན་རང་གཞན་གཉིས་ཕན་རེད།

གཉིས་པ་དེ་ལ་ཆོས་ཕྱོགས་ནས་བསམ་བློ་བཏང་བ་ཡིན་ན། གནས་སྐབས་འདི་སྤྱིར་སངས་རྒྱས་ཀྱི་གསུངས་དང་ལྷག་པར་དུ་མི་རྟག་པའི་ཆོས་སྐོར་དྲན་བསོ་བྱ་རྒྱུའི་དུས་ཚོད་བཟང་པོ་རེད་བསམ། ཟླ་ཤས་གོང་ང་ཚོ་ཚང་མ་མི་ཚེ་འཆར་ཅན་ལྟར་སྐྱེལ་བཞིན་པ་རེད། གློ་བུར་དུ་གནས་སྟངས་ཡོངས་རྫོགས་འགྱུར་བ་ཕྱིན་པ་རེད། དེས་གང་ལའང་ངེས་བརྟན་མེད་པ་གསལ་པོ་མཚོན། ད་ལེན་ཏོག་དབྱིབས་ཀྱི་ནད་ཡམས་འདིས་མི་ཁྲི་ཕྲག་མང་པོའི་ཚེ་སྲོག་འཕྲོག་དང་འཕྲོག་མུས་ཡིན། རིམས་ནད་འདིས་དབུལ་ཕྱུག་དང་རིགས་རུས་སོགས་ཀྱི་དབྱེ་བ་མེད་པར་ཨེ་ཤི་ཡ་ནས་ཨ་རི་དང་ཡུ་རོབ་ཨོས་ཊེ་ལི་ཡ་བཅས་གོ་ལ་ཀུན་ཏུ་ཁྱབ་ཅིང་མིའི་རིགས་ཡོངས་རྫོགས་མནར་བར་བྱེད་མུས་ཡིན། དེས་ང་ཚོ་ཚང་མ་གཅིག་གྱུར་ཡིན་པ་དང་། ལུས་ཀྱི་པགས་པའི་མཚོན་མདོག་དང་ཟས་སོགས་མི་འདྲ་བ་ལ་སྤྱོད་པ་དེ་ཚོ་གལ་ཆེན་པོ་མིན་པར་མངོན་ཐུབ་པ་ཡིན། ད་ལྟའི་ཆར་ནད་ཡམས་འདིས་ང་ཚོ་ཚང་མར་འཚེ་ཞིང་མནར་བ་གཅིག་མཚུངས་ཡིན། དེ་ལྟར་ན་ཐུབ་པ་མཆོག་གིས་རིགས་རུས་སོགས་མེད་པར་མིའི་རིགས་སུ་གྱུར་པ་ཀུན་འདྲ་མཉམ་ཡིན་པར་གསུངས་པའི་གསུང་དེ་དྲན་གསོ་བྱ་རྒྱུའི་གོ་སྐབས་ཤིག་ཀྱང་ཡིན། 

ང་ཚོས་སོ་སོ་རང་ཁྱིམ་མམ་ག་བར་གནས་ཡོད་ཀྱང་ལུས་སེམས་གཉིས་ཀྱིས་འགྲུབ་ནུས་པའི་བྱ་བ་མང་པོ་ཡོད། ང་ཚོས་མཆོག་གསུམ་ལ་གསོལ་བ་འདེབས་ཆོག ལྷག་པར་དུ་རིམས་ནད་འདི་ལྟ་བུ་ཁྱབ་ཅིང་འཚེ་བའི་སྐབས་འདིར་ལྷ་མོ་ལོ་མ་གྱོན་མར་གསོལ་འདེབས་བྱས་ཅིང་དེའི་གཟུངས་སྔགས་བཟླ་བར་བྱེད་ན་ལུས་སེམས་གཉི་གར་ལྷག་པར་ཕན་ཐོག་ཆེ་བ་ཡོད། ཡིན་ནའང་དགོངས་པ་བཞེས་དགོས་པ་ཞིག་ལ་སྔགས་བཟླས་བ་ཙམ་གྱིས་ནད་ལས་གྲོལ་བ་དང་གང་འདོད་འདོད་བྱས་པས་མི་འགྲིགས། དེ་འདྲ་བསམ་མཁན་ཡོད་ན་དེ་ནི་ནོར་འཁྲུལ་ཆེན་པོ་ཡིན། ངས་བསྔགས་བསགས་ཀྱི་ཡོད་ད་ང་གང་བྱས་རུང་མི་སྐྱོན་ནད་ཡམས་ལས་ཀྱང་ཐར་གྱི་རེད་བསམ་པ་ལྟ་བུ། ང་རང་ཚོ་ཆོས་ལུགས་གང་འདྲ་ཞིག་གི་རྗེས་སུ་འཇུག་གི་ཡོད་ནའང་སྨོན་ལམ་གྱི་གྲུབ་འབྲས་ཐོན་དགོས་ཀྱི་ཡོད་ན་རང་ངོས་ནས་ཐོག་མ་གཟབ་གཟབ་བྱས་སྔོན་འགོག་ལ་སོགས་པའི་བྱེད་སྒོ་མཐའ་དག་སྒྲུབ་པའི་སྟེང་སྨོན་ལམ་བརྒྱབ་པ་ཡིན་ན་སེམས་ལ་ཕན་པ་མ་ཟད་བྱིན་རླབས་ཀྱང་འཇུག་པས་བཟང་འབྲས་ཤིག་ཡོང་གི་རེད་སྙམ།  

ང་ཚོས་གནས་སྐབས་འདིར་རང་ཉིད་ཙམ་མིན་པར་སོ་སོའི་ནང་མི་ཁྱིམ་མཚེས་སོགས་ལའང་ཕན་ཐོགས་བྱེད་དགོས། ཡིན་ནའང་ད་ལེན་ཕན་ཐོགས་ཡག་ཤོས་དེ་རང་ཉིད་ཁེར་བསྡོད་བྱས་ནས་འགྱངས་ཐག་རིང་ཙམ་གནས་རྒྱུ་དེ་རེད་འདུག ད་ཡིན་ནའང་ཁེར་བསྡོད་དང་འགྱངས་བསྡོད་ཟེར་ཡག་དེ་ཁྱིམ་ཚང་འབྱོར་བ་ཡོད་པ་ཚོ་ལ་ཁང་པ་ཆེན་པོ་དང་བཟའ་བཅས་ལ་སོགས་པ་ཕུན་སུམ་ཚོགས་པ་ཡོད་པས་ལས་སླ་ཡང་འབྱོར་མེད་དབུལ་ཕོངས་དག་ལ་དེ་དཀའ་ལས་ཁག་པོ་ཞེ་དྲག་ཡིན་ས་རེད། མང་པོ་ཞིག་ལ་སྡོད་ཁང་པ་མེད་པ་དང་། ཡོད་པ་ཚོ་ཡང་ཁང་པ་ཆུང་ཆུང་དེ་འདྲའི་ནང་དུ་ནང་མི་མང་པོ་མཉམ་བསྡོད་བྱེད་ཅིང་བཟས་སོགས་མ་འདངས་པ་དང་ནད་འགོ་སླ་བའི་ཉེན་ཁ་སོགས་ཡོད་པ་ཡིན་ཙང་དཀའ་ལས་ཁག་པོ་ཞེ་དྲག་རེད། དེ་དག་གིས་སོ་སོས་གང་ཡོང་གི་གཙང་སྦྲ་འཕྲོད་བསྟེན་བྱ་རྒྱུ་དང་སྨོན་ལམ་རྒྱག་རྒྱུ་ལས་གཞན་བྱ་ཐབས་བྲལ། ལྷག་པར་དུ་རང་ཉིད་འབྱོར་པ་འགྲིགས་ཙམ་ཡོད་ན་ང་ཚོས་ཉམས་ཐག་རྣམས་ཀྱི་ཆེད་སྨོན་ལམ་བྱེད་དགོས་པ་ཡིན། 

ལྷག་པར་དུ་ད་ལེན་ང་ཚོས་ནད་ཡམས་འདིའི་སྐོར་གསར་འགྱུར་བརྒྱུད་ལམ་ཁག་ནས་གང་མཐོང་ཐོས་བྱུང་བ་མ་གཏོགས་མངོན་སུམ་གྱི་མྱོང་བ་མེད་པས་འདིས་ད་དུང་འཛམ་བུ་གླིང་ལ་དཀའ་ངལ་ཇེ་ཙམ་སྤྲད་མིན་ཚོད་དཔག་དཀའ་བ་རེད་འདུག རིམས་ནད་འདི་ཉུང་དུ་ཕྱིན་པ་ཡིན་ནའང་དེའི་རྐྱེན་པའི་སྤྱི་ཚོགས་ལ་དོ་ཕོག་ཆེན་པོ་ཞིག་རྒྱུན་གནས་ཡོང་རྒྱུ་གསལ་པོ་རེད་འདུག ལྷག་པར་དུ་འཛམ་གླིང་གི་དཔལ་འབྱོར་གྱི་ཐོག་ལ་དཀའ་ངལ་ཆེན་པོ་འཕྲད་རྒྱུ་ཉག་ཅིག་རེད་འདུག འདིས་རྐྱེན་པས་ཚོང་ལས་ཆེ་ཁག་མང་པོར་དོ་ཕོག་ཤོར་ཡོད་པ་དང་ལྷག་པར་དུ་ཚོང་ལས་ཆུང་བ་རྣམས་བདུན་ཕྲག་དང་ཟླ་བ་གཏུད་མར་སྒོ་རྒྱག་དགོས་བྱུང་བས་དཀའ་ངལ་ཆེན་པོ་འཕྲད་མུས་ཡིན། དེ་འདྲ་སོང་ཙང་མང་པོ་མ་རྩ་མ་ལོན་པ་དང་ཚོང་སྒོ་རྒྱག་དགོས་པའི་གནས་སྟངས་བྱུང་བཞིན་རེད། དེ་འདྲའི་རྐྱེན་པས་མང་པོས་རང་གི་ཁང་པ་དང་འཚོ་བ་ཤོར་བ་སོགས་འཛམ་གླིང་འདིའི་མི་མང་པོ་ལ་དཀའ་ངལ་ཆེན་པོའི་དུས་ཚོད་ཤིག་ཡིན། ནད་ཡམས་འདིའི་དོ་ཕོག་དང་ཤུགས་རྐྱེན་དེ་བདུན་ཕྲག་རེ་གཉིས་དང་ཟླ་བ་རེ་གཉིས་ཙམ་མིན་པར་ལོ་མང་འགོར་བའི་གནས་སྟངས་ཤིག་ཡིན་འདུག 

དེས་ན་འདི་དག་ནི་ང་ཚོས་ཡིད་ལ་འཇགས་པར་གནང་དགོས་པ་ཡིན་ལ། དེ་མཚུངས་ཀྱིས་ང་ཚོས་ལུས་སེམས་གཉི་གའི་ཆ་ནས་གྲ་བསྒྲིགས་དགོས་པ་དེ་གལ་ཆེན་པོ་རེད་འདུག རིམས་ནད་འདིས་རྐྱེན་པས་ང་ཚོའི་ཕྱི་འཚོ་བའི་ཁྲོད་འགྱུར་བ་ཇི་འདྲ་ཞིག་བཏང་དགོས་པ་ཡིན་ནའང་དེ་ལྟར་གདོང་ལེན་བྱ་ནུས་པའི་ཆོད་སེམས་དང་ནུས་པ་ཡོད་དགོས་པ་ཡིན། དེ་འདྲའི་གནས་སྟངས་ལ་མཆོག་གསུམ་ལ་ཡིད་ཆེས་དང་སྨོན་ལམ་གྱི་ཕན་ཐོག་ཆེན་པོ་ཡོད། དེས་ན་ང་ཚོའི་དགེ་ཚོགས་རྣམས་སྤྱིར་སྐྱེ་འགྲོ་ཡོངས་དང་ལྷག་པར་རིམས་ནད་འདིས་མནར་བའི་མི་རྣམས་ཀྱི་སྡུག་བསྔལ་ཞི་བའི་དོན་དུ་བསྔོ་བར་བྱེད་དགོས། 

ང་ཚོས་ཛ་དྲག་གི་གནས་སྟངས་འདི་འདྲ་ལ་བཟང་ཕྱོགས་ཀྱི་སེམས་པའི་འཁྱེར་བཟོ་ཞིག་བཅངས་ན་མི་ཚེའི་ནང་དཀའ་ངལ་ག་འདྲ་ཞིག་ཡིན་ནའང་གདོང་ལེན་བྱེད་སླ་བ་ཡོང་བ་ཡིན། མཆོག་གསུམ་དང་བླ་མ་རྣམས་པའི་ཐུགས་རྗེས་ང་ཚོ་མྱུར་དུ་གནས་སྟངས་འདི་ལས་གྲོལ་བར་སྨོན།། །།.(༢༠༢༠།༠༤།༡༢)

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*