ཞེན་པ་བཞི་བྲལ་ཀློག་བཞིན་རང་རྒྱུད་ཀོ་གྱོང་ལ་གང་ཐུབ་སྦྱར་བའི་ཚོར་སྣང་ཐད་བྲིས།

གཞིས་བཞུགས་རྩོམ་པ་པོ། ཏྲེ་ཧོར་བུ་ཏོག

གྲངས་མེད་གསུམ་གྱི་ཚོགས་གཉིས་ལྷུན་གྱིས་གྲུབ།།

སྐུ་གསུང་ཐུགས་ཀྱི་མཛད་པ་རླབས་པོ་ཆེས།།

སྲིད་པ་གསུམ་གྱི་ལུས་ཅན་འདྲེན་མཛད་པའི།།

སྟོན་མཆོག་ཤཱཀྱའི་རྒྱལ་པོ་མཆོག་ལ་འདུད།།

སྔོན་འགྲོ་དལ་བརྒྱད་འབྱོར་བཅུ་རྙེད་དཀའ་དང་།།

དངོས་གཞི་འཆི་བ་མི་རྟག་ལས་འབྲས་སྐོར།།

སྦྱོང་སྒོམ་གཉིས་ཀྱིས་རང་རྒྱུད་བཏུལ་དུས་དེར།།

ཚེ་འདིར་ཞེན་པ་བྲལ་བའི་ཆོས་པ་གསུངས།།

འཁོར་བ་སྤྱི་དང་འགྲོ་དྲུག་སེམས་ཅན་དང་།།

ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་སོཌ།།

སྦྱོང་སྒོམ་གཉིས་ཀྱིས་རང་རྒྱུད་གཏུལ་དུས་དེར།།

འཁོར་བར་ཞེན་བྲལ་ཆོས་ལམ་འགྲོ་བ་གསུངས།།

བྱམས་པ་སྙིང་རྗེ་བྱང་ཆུབ་སེམས་གསུམ་གཙོས།།

བདག་གཞན་མཉམ་བརྗེ་ཐེག་ཆེན་མན་ངག་རྣམས།།

སྦྱོང་སྒོམ་གཉིས་ཀྱིས་རང་རྒྱུད་སྨིན་དུས་དེར།།

བདག་ཉིད་དོན་ལ་ཞེན་བྲལ་བྱང་སེམས་གསུངས།།

མ་ཤེས་དྲིན་དྲན་དྲིན་བཟོའི་རིགས་ལམ་གྱིས།།

འགྲོ་ལ་ཀུན་སྙོམས་ཡིད་འོང་བྱམས་པ་སྒོམས།།

ཡིད་འོང་ངང་ནས་སྡུག་གིས་གཙེས་གྱུར་པའི།།

མ་རྣམས་བྲལ་འདོད་བཅོས་མིན་སྙིང་རྗེ་སྒོམས།།

སྣང་བ་སེམས་དང་སེམས་ཉིད་སྒྱུ་མ་ལ།།

སྒྱུ་མ་རང་བཞིན་མེད་པར་སྒྲུབ་གསུམ་ལ། །

སྦྱོང་སྒོམ་གཉིས་ཀྱིས་རང་རྒྱུད་བཏུལ་དུས་དེར།།

མཐའ་འཛིན་བྲལ་བའི་ལྟ་བ་རྣམ་དག་གསུངས།།

དེ་ལྟར་ཞེན་པ་བཞི་བྲལ་མན་ངག་འདིའི།།

དབུ་ཞབས་ཚིག་དོན་མ་ལུས་སྦྱོང་སྒོམ་ལས།།

རབ་ན་ད་ལྟར་མཐའ་མར་ཚེ་འདི་ལ།།

ཞེན་བཞི་བྲལ་བའི་དགེ་སྦྱོང་གྱུར་བར་སྨོན།།

མི་ཚེར་ཐོས་བསམ་བྱས་པའི་ལེ་ཚན་རྣམས།།

ཁ་ཞེ་ཕྱི་ཕྱོགས་འཆད་འཁྲབ་ཟློས་གར་ལས།།

བདག་རྒྱུད་རྟག་གབ་དུག་ཚོགས་ལྡེའུ་དེའི། །

གསང་བཀྲོལ་དོན་གྱི་ཞལ་ལག་མཇལ་བར་སྨོན།།

གདོད་མའི་སེམས་ཉིད་རྟ་བདུན་དབང་པོ་འདིས།།

གསལ་དྭངས་འོད་སྣང་ཕྱོགས་ཀུན་འཕྲོས་ན་ཡང་།།

རེ་དོཌ་མཚམས་སྤྲིན་སྟུག་པས་རིམ་བསྒྲུབས་ནས།།

དགོས་མེད་ནུབ་རིའི་རྒྱབ་ཏུ་བཞུད་ན་ཕམ།།

ལྷན་སྐྱེས་ཆགས་སྡང་མ་དག་མཁའ་དབྱིངས་ལ།།

རང་བཞིན་འོད་གསལ་ཉི་ཟླ་ཟུང་དུ་འཇུག།

གུས་རྟག་སྦྱོར་བའི་བརྩོན་འགྲུས་གཤོག་ལྡན་གྱི།།

ཐང་ཀ་རྒོད་པས་ནམ་འཕང་གཅོད་བཞིན་གདའ།།

ཡེ་དག་ཐུགས་བསྐྱེད་ཟབ་མོའི་ཉི་འོད་འོག། 

ཡེ་ནས་དད་བརྟན་འཚོ་བའི་འབངས་མི་བར།།

ཡེ་ཡེངས་མཚམས་སྤྲིན་དམར་པོས་བར་ཆད་ཀྱང་།།

ཡེ་རེར་མཇལ་འདུན་ཐང་ཀས་འཕུར་ལྡིང་བྱེད།།

དེ་རིང་དཔལ་ས་སྐྱའི་སྐྱེས་ཆེན་དམ་པ་ཤཱ་ཀྱའི་དགེ་སློང་བསོད་ནམས་སེང་གེའི་” བློ་སྦྱོང་ཞེན་པ་བཞི་བྲལ་གྱི་ཁྲིད་ཡིག་ཟབ་དོན་གནད་ཀྱི་ལྡེའུ་མིག” ཆ་ཚང་ཞིབ་ཀློག་བྱས་པའི་སྐལ་བཟང་བྱུང་། འདིའི་དབུ་ཞབས་ཡོངས་སུ་འགོ་སྐྱབས་འགྲོ་ནས་མི་སློབ་པའི་ཟུང་འཇུག་བར་གྱི་ལམ་རིམ་ཉམས་ལེན་རྒྱུད་དང་འདྲེས་བ་ཆ་ཚང་ཞིག་འདུག 

འཛིན་པ་བྱུང་ན་ལྟ་བ་མིན། ཞེས་པའི་སྐབས་སུ་རྗེ་བདག་ཉིད་པའི་ལྟ་བའི་ཐ་སྙད་མི་འདྲ་བ་ཆོས་བརྒྱུད་རང་གི་ཆོས་སྐོར་དམིགས་བསལ་གསལ་བོ་གནང་འདུག ཞེན་པ་བཞི་བྲལ་འདི་སྔོན་ང་རང་བྱིས་དུས་སུ་བཀའ་དྲིན་ཅན་གྱི་རྒན་རྣམ་པའི་ཞལ་ནས” 

ཚེ་འདི་ལ་ཞེན་ན་ཆོས་པ་མིན། །

འཁོར་བ་ལ་ཞེན་ལ་ངེས་འབྱུང་མིན།།

བདག་དོན་ལ་ཞེན་ན་བྱང་སེམས་མིན།།

འཛིན་པ་བྱུང་ན་ལྟ་བ་མིན།།

ཞེས་པའི་སྐོར་མང་པོ་གསུངས་པ་ཐོས་མྱངས་ཡོད། དེ་དུས་ནས་ཆ་ཚང་ཞིག་བཀླག་དགོས་པའི་འདུན་པ་བྱུང་། དེ་རིང་དུས་དང་རྐྱེན་བཟང་པོས་ཆ་ཚང་བཀླགས་ཐུབ་སོང་ལ། གོང་གི་ཤློཀ་ཁ་ཤས་འདི་ང་རང་ཤེས་ཡོན་དམན་པས་ཚིག་སྦྱོར་སོགས་ཧ་ཅང་ཡག་པོ་ཞིག་རེད་མ་སོང་ཡང་ཕྲན་ཆུང་བདག་གི་སེམས་ལ་ཧ་ཅང་ཕན་སོང་བའི་བཀའ་དྲིན་རྗེས་དྲན་དང་མི་བརྗེད་པའི་དྲན་ཐོ་རགས་ཙམ་ཐད་ཀའི་ཟིན་བྲིས་ཡིན། 

ཏྲེ་ཧོར་བུ་ཏོག་པས་༢༠༢༠/༤/༡༣ ཉིན་ཐད་སྤེལ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*