ལ་དྭགས་ས་སྐྱ་མང་སྤྲོ་དགོན་ཐུབ་བསྟན་ཤྭ་གླིང་ཆོས་འཁོར་དགོན།

མང་སྤྲོ་དགོན་ཐུབ་བསྟན་ཤ་(ཤྭ)གླིང་ཆོས་འཁོར་ནི་སྐྱིད་བདེ་ཉི་མ་མགོན་གྱི་གདུང་བརྒྱུད་བཅོ་ལྔ་པ་ལྷ་ཆེན་ཁྲི་གཟུགས་སྡེས་ལ་དྭགས་སྟོད་སྨད་བར་ཡོངས་ལ་དབང་བསྒྱུར་གནང་སྐབས་སུ་ཆེས་ཡོངས་སུ་གྲགས་ལ་བརྒྱ་ཕྲག་བཅུ་བཞི་པའི་ནང་ལ་ཆོས་ཀྱི་རྗེ་དཔལ་བླ་མ་དྲུང་པ་རྡོ་རྗེས་ཕྱག་བཏབ་པའི་དཔལ་ལྡན་ས་སྐྱ་པའི་ཆོས་བརྒྱུད་འཛིན་པའི་གདན་ས་ཆེ་ཤོས་ཤིག་ཡིན་པ་དང་།  ཆོས་རྗེ་དཔལ་བླ་མ་དྲུང་པ་རྡོ་རྗེ་ནི་ཁམས་ཕྱོགས་ནས་ཕེབས་ཡོད་སྐད་འདུག དཔལ་ལྡན་ས་སྐྱ་པའི་ཐུན་མིན་གྱི་ཉམས་ལེན་ཆག་མེད་རྣམ་བཞི་མཚོན་ཆོས་སྐྱོང་སོགས་ཀྱི་གཏོར་མ་རྒྱུན་དུ་འབུལ་གྱི་ཡོད་པ་ནི་བླ་མས་གཏོར་ཆུ་ལ་བཞེངས་པའི་རྣམ་རྒྱལ་མཆོད་རྟེན་གཅིག་ད་ལྟ་ཡང་དགོན་པ་དེའི་ནུབ་ཕྱོགས་སུ་ཡོད་པའི་བྲག་ཕུག་དེའི་ནང་ལ་མཇལ་རྒྱུ་ཡོད། ( བྲག་ཕུག་དེ་དགོན་པ་ཕྱག་མ་བཏབ་སྔོན་བླ་མ་བཞུགས་གནས་ཤིག་ཡིན།  ) བླ་མས་ཆོས་སྐྱོང་སོགས་ཀྱི་གཏོར་མ་རྒྱུན་དུ་འབུལ་བ་ལ་བརྟེན་ནས་བླ་མ་དང་མཉམ་དུ་རོང་བཙན་སྤུན་བདུན་ཡང་ལ་དྭགས་ཕྱོགས་ལ་ཕེབས་པའི་ལོ་རྒྱུས་འདུག ( རོང་བཙན་ཁ་བ་དཀར་པོ་ནི་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་སྐྱེས་ལྷ་དང་ཨོ་རྒྱན་གྱི་གུ་རུ་པདྨ་སམྦྷ་ཝའི་སྤྱན་སྔར་བསྟན་པ་བསྲུང་བར་ཞལ་གྱིས་བཞེས་པའི་ཆོས་སྐྱོང་ཆེན་པོ་ཞིག་ཡིན ) དེ་ལྟ་བུའི་ཆོས་རྒྱལ་ཁྲི་སྲོང་སྡེ་བཙན་གྱི་སྐྱེས་ལྷ་ཆོས་སྐྱོང་རོང་བཙན་ཁ་བ་དཀར་པོ་དང་དེའི་སྤུན་རོང་བཙན་དམར་པོ་གཉིས་ནི་སྡོམ་གཙང་རབ་བྱུང་ངམ་དེག་འདུན་གཉིས་ལ་དངོས་སུ་ཕེབས་སྲོལ་དེ་ཡང་ད་ལྟའི་བར་དུ་མ་ཉམས་པར་ཡོད་འདུག ( ལུས་གཡར) ལོ་རྒན་གཞོན་ལ་མ་བལྟོས་པར་གྲྭ་སར་བཞུགས་པའི་རིམ་པས་ཐོག་མར་རྟགས་རིལ་དང་།དེ་རྗེས་དཔལ་ཀྱཻ་རྡོ་རྗེའི་བསྙེན་མཚམས་ཟླ་བ་དགུ་དང་། ཆོས་སྐྱོང་གྱི་བསྙེན་མཚམས་ཟླ་བ་གཉིས་ལ་བཞུགས་དགོས་སྲོལ་ཡོད། མང་སྤྲོ་ནག་རང་ ( དུས་མཆོད ) ལོ་ལྟར་བོད་ཟླ་དང་པོའི་ཚེས་བཅུ་ནས་བཅོ་ལྔ་བར་ཉིན་དྲུག་གི་རིང་ཕྱི་དྲོ་ཕྱག་ཚོད་བཞི་པ་ནས་ཕལ་ཆེར་ཆུ་ཚོད་གཉིས་ཀྱི་རིང་ལ་སྡོམ་གཙང་རབ་བྱུང་གཉིས་ལ་རོང་བཙན་དངོས་སུ་ཕེབས་པ་དང་། དགེ་འདུན་རྣམས་ཀྱིས་ཚེས་བདུན་ནས་བཅུ་གསུམ་བར་ཞོགས་པར་ཆུ་ཚོད་བཞི་པ་ནས་དཔལ་ཀྱཻ་རྡོ་རྗེའི་སྒྲུབ་མཆོད་དང་། ཚེས་བཅུ་གཅིག་ནས་བཅུ་གསུམ་བར་ཕྱི་དྲོ་ཆུ་ཚོད་གཉིས་པ་ནས་དཔལ་འགུར་གྱི་དགོན་པོ་ཞལ་གཅིག་ཕྱག་གཉིས་པའི་སྒྲུབ་མཆོད་ཚོགས་བཞག་དང་། ཚེས་བཅུ་བཞི་དང་བཅོ་ལྔ་ཉིན་གཉིས་རིང་དཔལ་གུར་ལྷ་བརྒྱད་ཀྱི་འབག་འཆམ་སྔར་རྒྱུན་བཞིན་མ་ཉམས་པ་ད་ལྟའི་བར་དུ་ཕྱག་ལེན་གནང་མུས་རེད་འདུག 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*