༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་པོ་ཆེ་མཆོག་རྒྱ་གར་བྱང་ཕྱོགས་སྦིར་གནས་སུ་ཆིབས་བསྒྱུར་གནང་འདུག

ཁ་རྩང་སྤྱི་༢༠༢༠ ཟླ ༣ ཚེས ༣ ཉིན ༸ སྐྱབས་མགོན་ས་སྐྱ ༸ གོང་མ་ཁྲི་འཛིན་ཞེ་གཉིས་པ་ཆེན་པོ་ཆེ་མཆོག་དང་སྐུ་འཁོར་ལྷན་རྒྱས་རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་སྦིར་བོད་མིའི་གཞིས་ཆགས་སུ་དཔལ་ས་སྐྱ་འབྲི་རུ་བསམ་འགྲུབ་བདེ་ཆེན་ཆོས་འཁོར་གླིང་དུ་ཆིབས་བསྒྱུར་བསྐྱངས་པ་དང་དེ་གའི་དགོན་སྡེ་ཁག་གི་མཁན་པོ་དང་དགེ་འདུན་པ། ས་གནས་བོད་མི་ཚོས་ཕེབས་བསུ་ཟབ་རྒྱས་གནང་འདུག  སྤྱི་ཚེས ༣ ནས་ཚེས ༢༥ བར་དུ་ཆོས་ཕྱོགས་ཀྱི་མཛད་སྒོ་མང་པོ་ཞིག་ཡོད་འདུག དེ་ཡང་ཚེས ༣ ཉིན་དཔལ་ས་སྐྱ་དགོན་དུ་ཞབས་སོར་འགོད་པ་དང་།  ཚེས ༤ ཉིན་དཔལ་ཀུན་རིག་གི་དབང་ཆེན་གནང་རྒྱུ་དང་། ཚེས ༥ ་དང་ ༦ ཉིན་གཉིས་ལ་ཕུར་པའི་སྟོད་ལས་ཀྱི་དབང་ཆེན་གནང་རྒྱུ།  ཚེས ༧ ཉིན་ཕུར་པའི་སྨད་ལས་ཀྱི་དབང་ཆེན་གནང་རྒྱུ། ཚེས ༨ ཉིན་ལ་སྐྱབས་མགོན་གོང་མ་རིན་པོ་ཆེ་མཆོག་སྐུ་ངལ་གསོ་རྒྱུ། ཚེས ༩ མི་མང་ལ་ཚེ་དབང་གནང་རྒྱུ་དང་། ཚེས ༡༠་དང་༡༡ ཉིན་གཉིས་ལ་དཔལ་ཀྱཻ་རྡོ་རྗེའི་རྒྱུ་ལམ་དབང་གནང་རྒྱུ། ཚེས ༡༢ ཉིན་དཔལ་ཀྱཻ་རྡོ་རྗེའི་ལམ་དབང་གནང་རྒྱུ།  ཚེས ༡༥ཉིན་ཀུན་མཁྱེན་ཆོས་ཀྱི་རྒྱལ་པོ་གོ་བོ་རམས་འབྱམས་པ་བསོད་ནམས་སེང་གེ་མཆོག་གི་དགོངས་རྫོགས་ཉིན་མོ་དང་སྟབས་བསྟུན་ནས་གཟའ་སྐར་འཕྲད་སྦྱོར་བཟང་པོ་ཉིན་ལ་དཔལ་ས་སྐྱ་འབྲི་རུ་དགོན་ཕྱག་བཏབ་ནས་ལོ་ངོ་ལྔ་བཅུ་འཁོར་བའི་མཛད་སྒོ་གནང་རྒྱུ། ཚེས ༡༦ ཉིན་སྐུ་ངལ་གནང་རྒྱུ། ཚེས ༡༧ ཉིན་དམར་པོ་སྐོར་གསུམ་དང་མགོན་དཀར་གྱི་དབང་ཆེན་གནང་རྒྱུ།  ཚེས ༡༨ ཉིན་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་གནང་རྒྱུ། ཚེས ༡༩ ཉིན་ ༢༣ དང་༢༤ ཉིན་གཉིས་ལ་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་སྒྲུབ་ཞག་གནང་རྒྱུ།  ཚེས ༢༥ ཉིན་༸སྐྱབས་མགོན་ས་སྐྱ་༸ གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་ལ་འབྲི་རུ་བླ་སློབ་ཡོངས་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་ཕུལ་གནང་འཆར་བཅས་རེད་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*