གོང་དཀར་མཆོད་འབུལ་སྨོན་ལམ་ཆེན་མོའི་ལོ་རྒྱུས།

 གོང་དཀར་མཆོད་འབུལ་སྨོན་ལམ་ཆེན་མོ་ནི། རྗེ་བཙུན་གོང་མ་རྣམ་ལྔའི་རིང་ལུགས་སྐྱོང་བའི་གངས་ཅན་མཛེས་པའི་རྒྱན་དགུ་ཡི་ཡ་གྱལ་ཀུན་མཁྱེན་རྡོ་རྗེ་གདན་པ་ཆེན་པོ་རྫོང་པ་ཀུན་དགའ་རྣམ་རྒྱལ་དཔལ་བཟང་པོས་སྲོལ་བཏོད་པ་དང་། ད་ལྟའི་བར་ལོ་ངོ་ལྔ་བརྒྱ་བདུན་བཅུ་ལྷག་གི་ལོ་རྒྱུས་ཡོད་པ་ཞིག་ཡིན། 

དེ་ཡང་ཀུན་མཁྱེན་རྫོང་པ་ཀུན་དགའ་རྣམ་རྒྱལ་གིས། ཕྱི་ལོ་༡༤༦༤ ལོར་དཔལ་ལྡན་རྫོང་པའི་གདན་ས་གོང་དཀར་རྡོ་རྗེ་གདན་གྱི་ཆོས་གྲྭ་ཐོག་མར་ཕྱག་བཏབ་པ་ནས་བཟུང་། བོད་ཟླ་དང་པོའི་ཚེས་བཅོ་ལྔའམ་ཆོ་འཕྲུལ་དུས་ཆེན་ཏེ། བདག་ཅག་གི་སྟོན་མཆོག་ཐུབ་པའི་དབང་པོས་ཆོ་འཕྲུལ་བསྟན་པའི་དུས་ཆེན་ཁྱད་པར་ཅན་གྱི་ཉིན་མོར་སྟོན་པའི་རྗེས་དྲན་དང་གདུལ་བྱ་རྣམས་ཚོགས་གསོག་པའི་ཆེད་གོང་དཀར་མཆོད་འབུལ་སྨོན་ལམ་ཆེན་མོ་འདི་ཉིད་ཐོག་མར་སྲོལ་བཏོད་པར་མཛད་ཅིང་།  དེ་ཉིད་བོད་དུ་གནའ་སྔ་མོ་ནས་སྲུང་བརྩི་ཞུ་སྲོལ་ཡོད་པ་ལྟར། བོད་ཟླ་དང་པོའི་ཚེས་བཅུ་བཞིའི་དགོང་མོར་མཆོད་འབུལ་གྱི་མཆོད་པའི་གར་འཆམ་སྟ་གོན་དུ་འཆམ་པ་དང་། ཚེས་བཅོ་ལྔའི་ཉིན་སྟོན་ཆོག་ཐུབ་དབང་གི་གོས་སྐུ་མཐོང་གྲོལ་ཆེན་མོ་སེར་ཕྲེང་དང་། རྔ་བོ་ཆེ་དང་། རྔ་ཕྲན་གྱི་གར་འཆམ་དང་བཅས་པས་གདན་འདྲེན་པ་དང་། མཆོད་པ་ལྔ་ཚར་དང་། ཉེར་མཆོད་སོགས་མཆོད་པའི་རྫས་དུ་མ་ལེགས་པར་བཤམས་ཏེ། རབ་གནས་ཁྲུས་གསོལ་དང་། སྐུ་བསྟོད་དང་གསོལ་འདེབས། སྨོན་ལམ་དུ་མས་མཐའ་བརྒྱན་པ་དང་། མཆོད་འབུལ་སྨོན་ལམ་འདིར་གཞན་དང་མི་འདྲ་བའི་མཆོད་པ་ཞིག་ཡོད་པ་ནི། འཆམ་གྱི་མཆོད་པ་དེ་ཉིད་ཡིན་ལ། རྗེ་འདི་ཉིད་གར་འཆམ་སྒྱུ་རྩལ་ལ་དམིགས་བསལ་རྩལ་རྫོགས་ཚུལ་ཡང་། ཚར་ཆེན་བློ་གསལ་རྒྱ་མཚོ་ཡིས། རྡོ་རྗེ་གདན་པ་འཆམ་དང་ནུས་པའི་བདག །ཅེས་དང༌། འོན་ཀྱང་འཆམ་དང་འགྲོས་ཀྱི་སྤྲོས་པ་ནི། །འདོད་ན་རྡོ་རྗེ་གདན་པ་ལས་གཞན་པའི། །ཚད་ལྡན་མེད་ཕྱིར་དེ་ཡི་ལུགས་བཞིན་སྟོན། །ཞེས་སོགས་སྔོན་བྱོན་སྐྱེས་བུ་དམ་པ་དུ་མས་རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་གར་འཆམ་གྱི་ཕྱག་སྲོལ་ལ་ཡང་ཡང་བསྔགས་ཤིང་རྗེ་ཉིད་ཀྱིས་ཀྱང་གར་འཆམ་རིགས་མང་པོ་ཞིག་སྲོལ་གཏོད་དར་སྤེལ་གནང་བ་ལས། དེ་དག་ཀུན་གྱི་ཐོག་མར་སྲོལ་བཏོད་མཛད་པའི་སྙན་གྲགས་ཆེ་བའི་གོང་དཀར་རྔ་འཆམ་ཆེན་མོ་དང་། རྔ་ཕྲན་ནམ་གར་ཆུང་གཉིས་ཀྱི་གར་སྟབས་འཆམ་ཀྱི་སྒོ་ནས་སྟོན་མཆོག་ཐུབ་པའི་དབང་པོར་མཆོད་པ་འབུལ་བའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཞིག་ཡིན་ཞིང་།  མཆོད་འབུམ་སྨོན་ལམ་དེ་ཉིད་ད་ལྟ་ཡང་བོད་དུ་ལོ་བསྟར་བོད་ཟླ་དང་པོའི་ཚེས་བཅོ་ལྔ་ཚུགས་སྲོལ་ཡོད་ནའང་། བྱེས་ཀྱི་གོང་དཀར་ཆོས་སྡེར་དགོས་དབང་གིས་སྔ་བསྣུར་ཞུས་དགོས་པར་བརྟེན་འདི་ལོར་བོད་ཟླ་དང་པོ་ཚེས་བརྒྱད་ཉིན་བྱེས་ཀྱི་གོང་དཀར་ཆོས་སྡེ་རུ་ཚུགས་ཡོད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*