གཞུང་ལུགས་བརྒྱ་དང་ལྔ་བདུན་གྱི་ཁྲོད་ནས་དྲིན་ཅན་ས་པཎ་མཇལ་ཚུལ།

གཞུང་ལུགས་བརྒྱ་དང་ལྔ་བཅུ་ལྔ་བདུན་གྱི་ཁྲོད་དྲིན་ཅན་ས་པཎ་མཇལ་ཚུལ།

སྟོན་པ་བཀའ་དྲིན་ཅན་ལ་ཕྱག་འཚལ་ལོ། །

རྩོམ་པ་པོ། འཛིང་པ་འོད་གསལ་རྡོ་རྗེ། 

 གལ་ཏེ་འཇིག་རྟེན་འདིར་མཛེས་སྡུག་ཅིག་མཆིས་ན་དེ་ནི་ལྷ་ཆོས་ཁོ་ནའི་སྟོབས་ཀྱིས་གྲུབ་པ་ལ་ཐེ་ཚོམ་ཅི་ཡང་མི་དགོས། མཛེས་སྡུག་དེའང་གཙོ་བོ་ཚོགས་བསགས་སྒྲིབ་སྦྱོང་ལས་བྱུང་བ་དམ་པ་གོང་མའི་ཤེར་ཚོར་ལས་རྟོགས། དགེ་སྡིག་གིས་བདེ་སྡུག་བསྐྲུན་ནས་མཛེས་མི་མཛེས་པའི་སྣང་བ་གཉིས་ཀྱང་རྟེན་འབྲེལ་ཆོས་ཉིད་ངེས་པས། དེའི་ཕྱིར་ལུས་སེམས་བདེ་ཐང་དང་ཡིད་འོང་དག་པའི་སྣང་བ་ཞིག་མངོན་པའི་ཐབས་ཤིག་དགོས་ན་སངས་རྒྱས་དང་བླ་མ། པཎ་གྲུབ་སོགས་ཀྱི་འཁྲུངས་འདས་ཀྱི་དུས་ཆེན་ལ་དམིགས། ལེགས་སྤྱད་ཆེ་འབྲིང་ཆུང་གསུམ་ཅི་འབྱོར་བྱེད། དེ་ལ་ཕན་ཡོན་བསམ་གྱི་མི་ཁྱབ་པ་ཡོད་པ་ནི་མདོ་རྒྱུད་ལས་འབེལ་པོ་གསལ། མཆོད་པའི་ལུགས་སྲོལ་ཕྱོགས་སུ་རྒྱུ་བ་འདི་འང་གནའ་ནས་ད་བར་དྭངས་གཙང་ཆུ་བོའི་རྒྱུན་བཞིན་ཕུན་སུམ་ཚོགས་པ་གནས་ཏེ། མཆོད་པ་བཞི་དང་། མཆོད་པ་བརྒྱད། ཡང་ན་འཆད་རྩོད་རྩོམ་གསུམ། དེ་མིན་གླུ་གར་སོགས་ཀྱི་མཆོད་པ་དང་འབྲེལ་བའི་ལེགས་བྱེད་སྣ་ཚོགས་ཀྱིས་འཁྲུངས་འདས་ཀྱི་ཉིན་མོ་སྦྲེང་བ་ལ། "དུས་ཆེན་དགེ་བ་འབུམ་འགྱུར"ཞེས་གསུངས་པ་ལྟར། ཐམས་ཅད་ཀྱིས་དུས་བཟང་དང་སྒྲིག་ནས་དགེ་བརྩོན་བྱེད་པར་རྗེས་སུ་ཡི་རང་ཞུ། ལྷག་པར་དུ་དེ་རིང་གི་ཉིན་མོ་འདི་བོད་བརྒྱུད་ནང་བསྟན་རིག་གཞུང་དང་འབངས་ཡོངས་ལ་བཀའ་དྲིན་ཤིན་ཏུ་ཆེ་བའི་འཇམ་མགོན་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་འཁོར་༧༦༨་ལོན་པའི་རྗེས་དྲན་དུས་བཟང་དང་འབྲེལ། དད་ལྡན་རྣམས་ཀྱིས་ལོ་རྒྱུས་དང་བསྟོད་རྩོམ། གཏམ་བཤད་དང་གྲོས་མོལ། མཆོད་པ་དང་ཕྱག་འཚལ། རྣམ་པ་སྣ་ཚོགས་པའི་སྒོ་ནས་བསུ་བ་རྒྱ་ཆེར་བྱེད་པ་འདི། དོན་ངོ་མ་པཎ་ཆེན་ཁོང་ལ་དད་གུས་སྟོབས་ཀྱིས་དྲིན་ལན་མཇལ་ཚུལ་ཞིག་ངེས། དེ་བཞིན་བདག་གིས་ཀྱང་ད་ལྟའི་ས་སྐྱ་བཀའ་འབུམ་ནང་བཞུགས་པའི་ཁོང་གི་གཞུང་ལུགས་༡༥༧་གྱི་བརྗོད་བྱ་དང་བསྟུན་ནས་དྲིན་ལན་བསབ་པའི་རིམ་པ་ཞིག་དགོད་དེ། 

༼པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱི་ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན།

 ཁོང་གིས་བོད་འགྱུར་ནང་དུ་ཡོད་པའི་བཀའ་དང་བསྟན་བཅོས། མ་འགྱུར་བའི་རྒྱ་གར་ཡིག་ཆ་ཀུན། ད་དུང་མུ་སྟེགས་པའི་གཞུང་ལུགས་འབེལ་པོ་སོགས་ལ་གཟིགས་རྒྱ་ཆེ། སྒྲོ་འདོགས་བཅད། བདེན་བཞིའི་གནས་ལུགས་རྟོགས་པའི་ཤེས་རབ་ངོམ་ནས། མཛད་པའི་གཞུང་ལུགས་བརྒྱ་ཕྲག་གངས་ཅན་ཡུལ་དུ་འཁྲུངས། དེའི་ནང་མཛེས་སྡུག་གི་བརྗོད་བྱ་དང་བརྗོད་བྱེད་ལྡན་པ་དང་། ཐམས་ཅད་མཛེས་སྡུག་གིས་ཁེངས། ལྷག་པར་དུ་ཕྱི་པའི་གཞུང་ལུགས་ཕྱོགས་སུ་ངེས་ཆ་ཡོད་པའི་རྟགས་འཕྲོག་བྱེད་དགའ་བ་ལ་སོགས་པའི་མུ་སྟེགས་ཀྱི་སྟོན་པ་དྲུག་བཏུལ་ནས་དེ་དང་འབྲེལ་བའི་ཚིགས་བཅད་ཀྱི་ཡིག་ཆ་མཛད། 
མ་ཚད་འདུལ་བ་དང་མདོ་སྔགས་ཀྱི་ཕྱག་ལེན་དོགས་མཐའ་ཆེན་མོ་བྱས་ཏེ། དེའི་ཚེ་བོད་ནང་ཁུལ་གྱི་བཀའ་རྙིང་ས་བཀའ་བཞིའི་ཆོས་བརྒྱུད་དར་ཞིང་རྒྱས་པའི་ཁྲོད། ལག་ལེན་འགའ་ཞིག་མདོ་རྒྱུད་དང་སྒྲིག །བཀའ་བསྡུ་དང་དག་ཐེར་འོག་ལེགས་བཤད་ཉི་མའི་སྙིང་པོ་དང་སྡོམ་གསུམ་རབ་དབྱེ་དང་དེའི་རང་མཆན། ཕྱོགས་བཅུའི་སངས་རྒྱས་དང་བྱང་སེམས་རྣམས་ལ་ཞུ་འཕྲིན། སྐྱེས་བུ་དམ་པ་རྣམས་ལ་སྤྲིངས་ཡིག་དང་གཞུང་ལུགས་ལྔ་མཛད། འདུལ་སྔགས་ཀྱི་བསྟན་པ་ལ་བསམ་ནས་ཡོངས་མཐའ་དང་དམིགས་བསལ་གྱི་བསླབ་བྱ་ཅུང་བཞག །བསྟན་པ་ཕྱི་དར་རུ་བཅུ་ཕྲག་རིག་གནས་མི་གསལ་བ་གསལ་བ་དང་། མ་ཚང་བ་ཁ་སྐོང་བའི་སྲོལ་འབྱེད་འོག །ལྗོངས་འདིར་རིག་གནས་ཀྱི་དཔྱིད་ཀྱི་དཔལ་ཡོན་རྒྱས་པ་ཡིན།རྒྱལ་སྲས་ཁོང་ནི་གཞན་ཕྱོགས་ཀྱི་བླ་མ་དང་མཁས་གྲུབ་རྣམས་ལ་ཆགས་སྡང་དང་བྲལ་བའི་སྟེང་། ལྷ་བླ་མ་སོགས་ལ་གུས་དད་དགའ་མགུ་ཡིས་འཁོན་གྱི་གདུང་རབས་དང་རྣམ་ཐར་དང་བསྟོད་ཚིག་གི་མེ་ཏོག་བཀྲ་བ་རྣམས་བཀའ་འབུམ་ནང་བཞུགས་ཡོད་ལ། དེ་བཞིན་གནའ་བོའི་རྒྱ་གར་ཕྱོགས་སུ་དམ་ཆོས་དར་ཚུལ། བཀའ་བསྡུ་བྱེད་ཚུལ། བཀའ་བསྟན་གྱི་ཐ་སྙད་འདོགས་ཚུལ་སོགས་ལ་ཆ་རྒྱུས་ཡོད་པ་ཆོས་འབྱུང་ཆེན་མོ་ལས་གསལ། ད་དུང་རིགས་གཏེར། ཚིག་གཏེར། ལེགས་གཏེར་སོགས་ཟབ་དོན་བཅུ་ཕྲག་རིག་གནས་ཀྱི་གཞུང་ལུགས་རྒྱ་མཚོ་དེ་ལ་བགྲོད་ན། རབ་བྱུང་ངམ་བོད་མི་ཞིག་ཡིན་ནས་བཟུང་། ཁོང་གི་ཡོན་ཏན་དང་བཀའ་དྲིན་ལས་དད་པའི་མིག་ཆུ་ལྷུང་ལྷུང་དང་འབྲེལ་ནས་དྲིན་ལན་མཇལ་ངེས་སོ། །

༼པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱི་ཡིག་ཆའི་རིགས་གཉིས། 

པཎ་ཆེན་ཁོང་གིས་མཛད་པའི་གཞུང་ལུགས་སྔགས་སྐོར་ཕལ་ཆེར་བ་ནི། ཁ་ཆེ་པཎ་ཆེན་མ་མཇལ་བའི་སྔོན་དང་རྒྱ་གར་དུ་མ་བྱོན་བར་རྩོམ་པ་ཡིན་ཏེ། དཔེར་ན། དགུང་ལོ་བཅུ་བདུན་སྐབས་རྒྱུད་ཀྱི་རྒྱལ་པོ་སཾ་པུ་ཊའི་འགྲེལ་པ། བཅོ་ལྔའི་སྟོད་སཾ་ཊའི་བསྡུས་དོན། ཉི་ཤུ་རྩ་གཉིས་སྐབས་དྲི་མེད་རྒྱ་ཆེར་འགྲེལ་པ། གཟའ་ཡུམ་གྱི་མཆོད་ཆོག ། ཡོན་ཏན་སྒྲོགས་པའི་ཚལ་ལ་བསྟོད་པ། རྡོ་རྗེ་རྣམ་འཇོམས་བིར་ལུགས་རྒྱུད་བཤད། རྗེ་བཙུན་གྲགས་པ་རྒྱལ་མཚན་ལ་བསྟོད་པ། ཨཥྚའི་གཞི་བཤད། འཇམ་དཔལ་བསྟོད་པའི་རྣམ་བཤད་། དཔལ་གདོང་བཞི་པའི་བསྟོད་པ། 
 ཡང་མདོ་འགྲེལ་འགའ་ཞིག། བྱིས་པ་བདེ་བླག་ཏུ་འཇུག་པའི་རྣམ་བཤད། རོལ་མོའི་བསྟན་བཅོས། དེ་བཞིན་དགུང་ལོ་བཅུ་དགུའི་སྐབས་བྱས་པའི་ཐུབ་བསྟོད་ལྷུག་པ་སོགས་སོ། །དེ་ལས་གཞན་དུ་གྱུར་པའི་ཡིག་ཆ་རྣམས་དགེ་སློང་བྱས་ཟིན་པའི་འོག་མཛད་པ་ཡིན། ཁོང་ལ་མདོ་སྔགས་ཀྱི་འགྲེལ་བ་འབེལ་པོ་མཆིས་ཀྱང་གྲགས་ཅན་གྱི་གསུང་རྩོམ་འགའ་ཞིག་དང་བཅུ་ཕྲག་རིག་པའི་གཞུང་ལུགས་ཆ་ཤས་ཤིག་ངོས་འཛིན་ན་ཐམས་ཅད་ཕན་པ་ཆེ་སྙམ་སྟེ། 

མདོ་སྐོར་དང་འབྲེལ་བ། 
སྟོན་པ་བཀའ་དྲིན་ཅན་གྱིས་མཛད་པའི་མདོ་འབུམ་ཕྲག་སོགས་ཀྱི་སྙིང་པོ་བསྡུས་དོན་ས་ལམ་གྱི་རྣམ་བཞག་ཐུབ་པ་དགོངས་གསལ། དབུ་མའི་སེམས་བསྐྱེད་ཀྱི་ཆོ་ག་དང་། ཆོ་གའི་ལུང་སྦྱོར། ཚད་མ་རིག་གཏེར། བསྔོ་བ་ཡོན་བཤད། 
སྔགས་སྐོར་དང་འབྲེལ་བ། 
ལམ་ཟབ་བླ་མའི་རྣལ་འབྱོར། རྒྱུད་རྒྱལ་སཾ་པུ་ཊའི་འགྲེལ་ཆེན་དང་བསྡུས་དོན། བརྟག་གཉིས་ཀྱི་བསྡུས་དོན། བདེ་མཆོག་ལཱུ་ཧི་པའི་འབྲུ་འབུམ། རྒྱུད་རྡོ་རྗེ་རྣམ་འཇོམས་ཀྱི་འགྲེལ་པ། ཕྱག་ཆེན་གྱི་དབྱེ་བ། ལས་སྦས་ཕྱག་ཆེན་མངོན་སུམ་རྟོགས་པའི་གནད་གདམས། 
མདོ་སྔགས་གཉིས་ཀྱི་བསྡུས་དོན། 
གཞུང་ལེགས་ལེགས་བཤད། མཎྜལ་འབུལ་ཆོག །ང་བརྒྱད་མའི་རྩ་འགྲེལ། དད་ལྡན་སློབ་བུ་རྣམས་དང་འབྲེལ་བའི་དྲིས་ལན། 
 
༼པཎ་ཆེན་ཀུན་དགའ་རྒྱལ་མཚན་གྱི་བཅུ་ཕྲག་རིག་གཞུང་།

བཟོ་རིག་པ་དང་ཟློས་གར་ནི། 
དབྱངས་ཀྱི་ལེའུ། ཚིག་སྦྱོར་ལེའུ། རོལ་མོའི་སྦྱོར་བའི་ལེའུ་དང་འབྲེལ་བའི་རོལ་མོའི་བསྟན་བཅོས། 

སྐར་རྩིས་དང་གསོ་བ་རིག་པ་ནི། 
ནད་དང་གདོན་དང་འབྱུང་འཁྲུག་གསོ་དཔྱད་ཀྱི་སྨན་གཞུང་རྒྱ་མཚོ་ཆེན་མོ་ཡན་ལག་བརྒྱད་པའི་སྙིང་པོ་དང་། བསྟན་བཅོས་དུག་བཅོས་སོགས། 
སྒྲ་རིག་པ།
བསྟན་བཅོས་སྒྲ་ལ་འཇུག་པ། དབང་བསྡུད་ཀག་ཆོལ་མ།་ཡི་གེའི་སྦྱོར་བ། རྣམ་གཅད་སྦྱོར་ཚུལ། སྔགས་ཀྱི་བཀླག་ཐབས་འབྲས་འབྱུང་མེ་ཏོག །སྒྲ་ཉེར་བ་བསྡུས་པ། སྒྲ་སྒྲུབ་དུམ་བུ་དགུ་པ། 
མཁས་པའི་ཁ་རྒྱན་སོགས། 
གཏན་ཚིག་རིག་པ་དང་ནང་དོན་རིག་པ་གཉིས་ཀྱི་གཞུང་ལུགས་ནི་བསམ་གྱི་མི་ཁྱབ་པ། 
སྙན་ངག། 
སྙན་ངག་རང་གཞུང་པད་མ་དཀར་མོ། ལེའུ་གསུམ་གྱི་བདག་ཉིད་གྱུར་པའི་མཁས་འཇུག །དེའི་ནང་སྙན་ངག་མེ་ལོང་མའི་ཚིགས་བཅད་མི་ཉུང་བ་ཞིག་བོད་སྐད་དུ་བསྒྱུར་ནས་བཤད་པ་བྱས། བོད་ཡུལ་ལ་བསྔགས་པ། 
མངོན་བརྗོད། 
མཐོ་རིས་ཀྱི་སྡེ། ས་འོག་སྡེ་ཡི་མངོན་བརྗོད་བསྟན་པའི་བསྟན་བཅོས་ཚིག་གཏེར། 
སྡེབ་སྦྱོར།
སྡེབ་སྦྱོར་སྣ་ཚོགས་མེ་ཏོག་ཆུན་པོ། དག་བྱེད་སྡེབ་སྦྱོར་རིན་ཆེན་རྒྱ་མཚོ། སྡེབ་སྦྱོར་བསྟོད་དབྱངས་ཕྲེང་བ། སྨྲ་སྒོའི་ས་བཅད་དོ། 
དེ་དག་ལ་འགྲོ་བ་ཀུན་འཇུག་སྟེ་བཅུ་ཕྲག་རིག་གནས་ཀྱི་རྒྱན་ཆ་ལུས་སེམས་ལ་བཀླུབ་ནས་འཁོར་བའི་ཕ་རོལ་ཏུ་བསླེབ་ཐུབ་པའི་སྨོན་འདུན་འབྲེལ། དགེའོ། །
   ཞེས་པ་འདི་ནི་འཛིང་པ་འོད་གསལ་རྡོ་རྗེས་སློབ་གྲྭའི་ངལ་གསོའི་སྐབས་དང་བསྟུན་ནས་ཏིང་འཛིང་ལྡིང་ཁང་ནང་བགྱིས་པའོ། །
རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*