རང་སྟོང་གཞན་སྟོང་གཉིས་ཀྱི་ཁྱད་པ།

རྫོང་སར་བཤད་གྲྭའི་མཁས་དབང་འགུ་ཟི་པད་བློ་ནས།

གང་སྟོང་ཉིད་ཡིན་པའི་གཞི་དེ་རང་གི་ངོ་བོ་བདེན་པས་སྟོང་པ་ཡིན་ན་སྟོང་ཉིད་དེ་རང་སྟོང་དང་། གང་སྟོང་ཉིད་ཡིན་པའི་གཞི་དེ་རང་གི་ངོ་བོ་བདེན་གྲུབ་ཡིན་པ་ལ་ཆོས་གཞན་གྱི་ངོ་བོས་སྟོང་པ་ཡིན་ན་གཞན་སྟོང་ཞེས་བརྗོད། སྟོང་གཞི་བདེན་གྲུབ་སྨྲ་མཁན་ལ་གཞན་སྟོང་སྨྲ་བའམ་དངོས་པོ་སྨྲ་བ་ཞེས་དང་། སྟོང་གཞི་བདེན་མེད་སྨྲ་མཁན་ལ་རང་སྟོང་སྨྲ་བའམ་ངོ་བོ་ཉིད་མེད་པ་སྨྲ་བ་ཞེས་ཀྱང་གྲགས། རང་སྟོང་དང་གཞན་སྟོང་གཉིས་ཀྱི་ཁྱད་པ་དེ་ཆོས་ཀྱི་བདག་གི་སྟོང་པའི་སྟོང་ཉིད་ཀྱི་སྟེང་ནས་ཕྱེ་དགོས་པ་ལས། ཐེག་དམན་གྱི་སྡེ་སྣོད་དམ་འཁོར་ལོ་དང་པོ་ནས་བབསྟན་པའི་གང་ཟག་གི་བདག་མེད་ཙམ་ལ་རང་སྟོང་གཞན་སྟོང་གི་དོན་བཤད་སྲོལ་མེད། ཐེག་ཆེན་གྱི་སྡེ་སྣོད་དེ་ལ་འཁོར་ལོ་བར་པ་དང་མཐའ་མ་གཉིས་བྱུང་ཡོད། འཁོར་ལོ་བར་པས་རང་སྟོང་དང་མཐའ་མས་གཞན་སྟོང་སྟོན་ཡོད་པ་མཁས་པ་ཀུན་གྱིས་དབྱངས་གཅིག་འགྲིན་གཅིག་ཏུ་གསུངས་ཡོད། སྟོན་པ་འདས་པའི་རྗེས་སུ་ཆོས་ཀྱི་བདག་མེད་སྟོན་པའི་ཐེག་ཆེན་སྡེ་སྣོད་འདི་སངས་རྒྱས་ཀྱི་བཀའ་ཡིན་མིན་ལ་རྩོད་པ་བྱུང་བའི་ལོ་རྒྱུས་ཡོད་ཀྱང་། ཕྱིས་སློབ་དཔོན་ཟླ་བ་གྲགས་པ་བྱོན་པའི་སྐབས་སུ་ཐེག་ཆེན་བཀའ་ཡིན་པར་གྲུབ་ནས་རྩོད་མེད་ཡོངས་གྲགས་ཉིད་དུ་གྱུར་ཟིན་པ་མངོན། དེང་སང་དགག་བསྒྲུབ་པ་ཚ་བ་མདའ་སྨྱུག་སོགས་འགའ་ཞིག་གིས་རྩོད་རོ་དེ་ཡང་སྐྱར་སློང་བ་བྱེད་པ་ནི་རྩོད་པ་ལ་དགའ་བ་ཙམ་དུ་ཟད། གལ་ཏེ་ཐེག་ཆེན་གྱི་ཆོས་འདི་ཐུབ་པ་སངས་རྒྱས་ཀྱི་བཀའ་མིན་ནའང་ཆོས་འདིའི་ལྟ་བ་ཟབ་པ་དང་སྤྱོད་པ་རྒྱ་ཆེ་བའི་རྒྱུ་མཚན་གྱིས་ཆོས་འདི་ལ་འཇུག་པ་ནི་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ལུགས་དང་གང་ཟག་ལ་མི་སྟོན་པ་ཆོས་ལ་སྟོན་པ་ཡིན་པས་ཆོས་འདིའི་སྟོན་པ་ཀླུ་སྒྲུབ་དང་ཐོགས་མེད་ལྟ་བུ་སུ་ཡིན་ཡང་སྟོན་པ་དེ་ལ་ཤིན་ཏུ་དད་ཆོག་ལ། ཡང་གལ་ཏེ་ཤཱཀྱ་ཐུབ་པ་ཐེག་ཆེན་ཆོས་ཀྱི་སྟོན་པ་མིན་ན་ཁོང་ལ་དད་དགོས་པའི་རྒྱུ་མཚན་ཡང་དེ་ཙམ་མེད་དེ་བླ་མེད་ཆོས་ཀྱི་སྟོན་པ་མིན་པ་གྲུབ་པས་སོ། སློབ་དཔོན་ཀླུ་སྒྲུབ་ཀྱིས། བཀའ་བར་པའི་དགོངས་པ་ལ་ངེས་དོན་དུ་བཀྲལ་ནས་རང་སྟོང་གི་གནས་ལུགས་རྩལ་དུ་འདོན་པའི་རིགས་པའི་གཞུང་ལུགས་འཛུགས་པར་མཛད། སློབ་དཔོན་འདིའི་ལུགས་ནི་ལུང་ཙམ་ལ་མ་བརྟེན་པ་གཙོ་བོ་རིགས་པའི་རྗེས་སུ་འབྲང་བའི་དབང་རྣོན་ཆོས་ཀྱི་རྗེས་འབྲང་གི་ལུགས་ཡིན། འདིའི་རྗེས་འབྲང་ལ་སྟོང་ཉིད་གཞི་མེད་དང་མཉམ་བཞག་སྣང་མེད་སྨྲ་བའི་ཐལ་འགྱུར་བའི་ལུགས་དང་། སྟོང་ཉིད་གཞི་བཅས་དང་མཉམ་བཞག་སྣང་བཅས་སྨྲ་བའི་རང་རྒྱུད་པའི་ལུགས་གཉིས་བྱུང་། སློབ་དཔོན་ཐོགས་མེད་ཀྱིས། བཀའ་མཐའ་མའི་དགོངས་པ་ངེས་དོན་དུ་འགྲེལ་ནས་གཞན་སྟོང་གི་གནས་ལུགས་གསལ་བ་སྟོན་པའི་བསྟན་བཅོས་བརྩམས་པ་མཛད། སློབ་དཔོན་འདིའི་ལུགས་ནི་གཙོ་བོ་ལུང་གི་རྗེས་སུ་འབྲང་བའི་དབང་རྟུལ་དད་པའི་རྗེས་འབྲང་གི་ལུགས་ཡིན། སློབ་དཔོན་འདིས་བྱམས་པའི་མན་ངག་ལ་བསྟེན་པའང་གྲགས། འདིའི་རྗེས་འབྲང་ལ་གཟུང་རྣམ་བདེན་གྲུབ་སྨྲ་བའི་རྣམ་བདེན་པའི་ལུགས་དང་། གཟུང་རྣམ་བདེན་མེད་སྨྲ་བའི་རྣམ་རྫུན་པའི་ལུགས་གཉིས་བྱུང་། གཞན་སྟོང་རྣམ་རྫུན་པའི་ལུགས་འདི་དབུ་སེམས་གང་ཡང་མིན་ཏེ། ལུགས་འདིས་སྟོང་གཞི་བདེན་གྲུབ་འདོད་པས་དབུ་མ་པ་མིན་པ་དང་། སྣང་བ་སེམས་སུ་ཁས་མི་ལེན་པས་སེམས་ཙམ་པ་མིན་པ་གྲུབ། ཀུན་མཁྱེན་གོ་རམས་པས། ལུགས་འདི་ལ་སེམས་ཙམ་རྣམ་རྫུན་པ་ཞེས་གསུངས་མཛད་ཀྱང་སེམས་ཙམ་པའི་ལུགས་ཡིན་པ་ལ་ཤེས་བྱེད་མེད་ལ། པཎ་ཆེན་ཤཱཀ་མཆོག་པས། ལུགས་འདི་ལ་རྣམ་རྫུན་དབུ་མ་པ་ཞེས་བརྗོད་ནའང་དབུ་མ་པའི་ལུགས་ཡིན་པ་ལ་རྒྱུ་མཚན་མེད། དེས་ན་ལྔ་བ་ཐུབ་པའི་དགོངས་པ་མིན་ཞེས་བཤད་པ་དེ་དབང་ཕྱུག་པའི་བཤད་པ་ཡིན་པས་ཁོ་བོས་དེ་རྣམ་རྫུན་པའི་ལུགས་ཞེས་གྲུབ་མཐའ་ལྔ་བ་བརྗོད་སྙིང་འདོད་དོ།། ཀླུ་སྒྲུབ་དང་ཐོགས་མེད་གཉིས་ཀྱིས་རང་རང་གི་མཛད་པའི་གཞུང་ལུགས་ལས་ཇི་ལྟར་བཤད་པ་དེ། བདེན་བ་གཤེགས་པའི་གསུང་རབ་ཀྱི་དགོངས་པ་དང་མཐའ་བྲལ་དབུ་མའི་ལམ་དུ་འདོད་མོད། ཀླུ་སྒྲུབ་ཀྱིས་སྟོང་གཞི་བདེན་གྲུབ་འདོད་པའི་གཞན་སྟོང་སྨྲ་བ་རྣམས་ནི་མཐའ་བྲལ་དབུ་མའི་ལམ་ལས་ཕྱི་རོལ་ཏུ་གྱུར་པའི་རྟག་མཐའ་ལ་ལྷུང་བ་འདོད་པ་དང་། ཐོགས་མེད་ཀྱིས་སྟོང་གཞི་བདེན་མེད་འདོད་པའི་རང་སྟོང་སྨྲ་བ་རྣམས་ནི་མཐའ་བྲལ་དབུ་མའི་ལམ་ལས་ཕྱི་རོལ་ཏུ་གྱུར་པའི་ཆད་མཐའ་ལ་ལྷུང་ཡོད་གསུངས་པས་མཐའ་བྲལ་དབུ་མའི་ལམ་ནི་ཤིན་ཏུ་གོ་དཀའ་མའི་གནས་ཡིན་པ་ཤེས་དགོས། མ་ཟད་གནད་དོན་གཞན་ཞིག་ཡོད་པ་ནི། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས། དབུ་སེམས་མཁན་པོའི་ལྟ་གྲུབ་འགལ་བ་འདིས།། དཔྱོད་ལྡན་མཁས་པའི་བློ་ལ་ཡིད་མ་ཆེས།། ཞེས་གསུངས་པ་དེའོ།། །།
རྒྱལ་བའི་བཀའ་ལ་འཁྲུལ་བ་མེད་ན་ཡང་།།
ཀླུ་ཐོགས་གསུང་ལ་ནོར་བ་ཡོད་སྲིད་པས།།
ཐར་པར་དོན་དུ་གཉེར་ན་རང་ཉིད་ཀྱིས།།
དཔྱད་ནས་ཆོས་ལ་འཇུག་པ་ཤིན་ཏུ་གནད།།
ཅེས་པ་འདི་ནི་བར་སྐབས་ཀྱི་ཚིགས་བཅད་དོ།། །།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*