རི་བོ་དགེ་ལུགས་པའི་ལྟ་བ།


རྫོང་སར་བཤད་གྲྭའི་མཁས་དབང་འགུ་ཟི་པད་བློ་ནས།
དགེ་ལུགས་པ་རྣམས་ཀྱིས་དོན་དམ་རིགས་པའི་དགག་བྱ་ཁེགས་ཙམ་གྱི་སྟོང་རྐྱང་མེད་དགག་དངོས་མེད་ཅིག་ལ་མཐར་ཐུག་གི་གནས་ལུགས་སྨྲ་ཞིང་། གནས་ལུགས་སྟོང་པ་ཉིད་དེའི་ངོ་བོ་ལ་སྐྱེ་འགག་མེད་པ་འདུས་མ་བྱས་ཤིག་ཡིན་ཡང་སྟོང་གཞི་ཆོས་ཅན་ཐམས་ཅད་ལ་ཁྱབ་བྱེད་དུ་འགྲོ་བའི་སྟོང་ཉིད་སྤྱི་ལྡོག་ཙམ་པོ་ཞིག་ཁས་ལེན་ལ། བུམ་པ་སྐྱེ་འགག་བྱེད་པའི་ཚེ་དེའི་སྟོང་ཉིད་ལ་འགྱུར་བ་སོང་མེད་པ་དང་། བུམ་པ་གཡོ་བའི་ཚེ་དེའི་སྟོང་ཉིད་མི་གཡོ་བ་ཡིན་ཞེས་ཟེར་རོ།། སྟོང་གཞི་ཆོས་ཅན་འདི་དག་ངོ་བོ་མ་ཡིན་པའི་ཆོས་དབྱིངས་སྟོང་ཉིད་ཀྱི་ངོ་བོ་ཞིག་འདོད་ན་བདེན་གཉིས་ངོ་བོ་གཅིག་ཏུ་འདོད་པ་དང་འགལ་བ་འགྱུར་ཞིང་། གནས་ལུགས་སྟོང་པ་ཉིད་ཀྱི་ངོ་བོ་དེ་སྟོང་གཞི་ཆོས་ཅན་དང་ངོ་བོ་གཅིག་ཏུ་ཁས་ལེན་ན་སྟོང་གཞི་ཆོས་ཅན་སྐྱེ་འགག་བྱེད་པའི་ཚེ་སྟོང་ཉིད་དེ་སྐྱེ་འགགས་མི་བྱེད་པ་མི་འཐད་ལ། ཀུན་རྫོབ་ཆོས་ཅན་དེ་སྐྱེ་འགག་བྱེད་པའི་ཚེ་དོན་དམ་སྟོང་ཉིད་ཀྱང་སྐྱེ་འགག་བྱེད་པ་འདོད་ན། དོན་དམ་བདེན་པ་དེ་མེད་དགག་དངོས་མེད་འདུས་མ་བྱས་མ་ཡིན་པ། མ་ཡིན་དགག་དངོས་པོ་འདུས་བྱས་ཡིན་པ་འགྱུར། བདེན་པ་ངོ་བོ་གཅིག་ཏུ་འདོད་པ་དང་སློབ་པ་འཕཊ་པའི་མཉམ་བཞག་སྣང་མེད་འདོད་པ་གཉིས་འགལ་ཏེ། ཡུལ་ངོ་བོ་གཅིག་དེ་ཡུལ་ཅན་བློ་མ་འཁྲུལ་བ་ལ་སྣང་མི་སྣང་གི་ཆ་གཉིས་མེད་དགོས་པས་སོོ།། མཐོང་ལམ་མཉམ་བཞག་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་མངོན་སུམ་དུ་རྟོགས་པར་འགྱུར་ཏེ། ཆོས་ཐམས་ཅད་དང་ངོ་བོ་གཅིག་ཏུ་གྱུར་པའི་སྟོང་ཉིད་དེ་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་མ་འཁྲུལ་བ་ཡིན་པའི་ཕྱིར་ཏེ། སྟོང་ཉིད་མངོན་སུམ་དུ་རྟོགས་པའི་འཕགས་པའི་མཉམ་བཞག་ཡེ་ཤེས་ཡིན་པའི་ཕྱིར། གལ་ཏེ་སྟོང་ཉིད་དེ་སྟོང་གཞི་ཆོས་ཅན་རྣམས་དང་ངོ་བོ་གཅིག་མིན་ནོ་སྙམ་ན། དེ་ལྟར་ན་སྟོང་ཉིད་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་དེས་སྟོང་གཞི་ཆོས་ཅན་རྣམས་ལ་སྒྲོ་འདོགས་གཅོད་ཚུལ་མེད་པ་དང་། བདེན་གཉིས་ངོ་བོ་ཐ་དད་དུ་འགྱུར་བ་དང་། བུམ་པའི་སྟོང་ཉིད་བུམ་པ་མ་ཡིན་ན་བུམ་པའི་སྟོང་ཉིད་ཀྱི་སྟོང་ཉིད་དེ་ཡང་བུམ་པའི་སྟོང་ཉིད་མིན་པ་མཚུངས་པས་སྟོང་ཉིད་ཐུག་མེད་དུ་འགྱུར་བའི་སྐྱོན་སྤང་མི་ནུས། དོན་དམ་སྟོང་པ་ཉིད་དེ་ཆོས་ཅན་ཐམས་ཅད་དང་ངོ་བོ་གཅིག་ཡིན་པ་འདོད་ན་ཆོས་ཐམས་ཅད་ཕན་ཚུན་ངོ་བོ་གཅིག་ཏུ་འགྱུར་བའང་བཟློག་ཏུ་མེད། ཁྱེད་ཅག་གིས་འདོད་པ་ལྟ་ན་དོན་དམ་སྟོང་ཉིད་དེ་མེད་དགག་དངོས་མེད་ཡིན་པས། དགག་བྱ་བདེན་གྲུབ་གསལ་བ་ལ་མེད་དགག་བདེན་མེད་ཅེས་རྟོག་པས་སྒྲོ་བཏགས་པ་ཙམ་ལས་གཞན་རྟོག་མེད་རྣམ་འབྱོར་མངོན་སུམ་ལ་མངོན་དུ་འགྱུར་བ་ཞིག་ཡིན་མི་སྲིད་དེ། རྟོག་མེད་ཤེས་པས་དངོས་མེད་སྣང་ཡུལ་མི་བྱེད་པ་དང་། བློ་རྟོག་པས་དངོས་པོ་སྣང་ཡུལ་དུ་མི་བྱེད་པ་ནི། རྟེན་འབྲེལ་གྱི་ཆོས་ཉིད་ཡིན་པས་བསྡུས་གྲྭ་རིགས་པའི་ཟེར་མཚམས་བྱེད་པ་ལ་སྙིང་པོ་ཅི་ཡོད། སྒྲོ་བཏགས་མ་ཡིན་པའི་དངོས་མེད་སྨྲ་བ་དང་མེད་དགག་དངོས་མེད་སྣང་ཡུལ་དུ་བྱེད་པའི་མངོན་སུམ་དུ་འདོད་མཁན་འདི་ཞྭ་སེར་མཁན་པོ་རྗེས་འབྲང་དང་བཅས་པ་ཁོ་ན་ཡིན་པས་རི་བོ་ཧི་མ་ལ་ཡི་ཕ་རོལ་ན་མེད། བུམ་པ་དེ་འདུས་བྱས་དངོས་པོ་ཡིན་པ་དང་། བུམ་པའི་སྟོང་ཉིད་དེ་འདུས་མ་བྱས་དངོས་མེད་ཡིན་པ་བཤད་བཞིན་དུ་དེ་གཉིས་ངོ་བོ་གཅིག་ཏུ་འདོད་པ་ནི་དངོས་འགལ་གཞི་མཐུན་དུ་ཁས་བླངས་པས་འགལ་བ་ལ་མི་འཁྲུལ་བའི་ཚད་མ་སྲིད་པར་འགྱུར། ཚིག་ཙམ་ལ་མགོ་བོ་འཁོར་བའི་ད་ལྟའི་དགེ་ལུགས་པ་ཁྱེད་རང་ཚོས་ད་དུང་ཡང་བུམ་པ་ཤེས་བྱ་དང་ངོ་བོ་གཅིག་ཡིན་ཡང་ཤེས་བྱ་བུམ་པ་དང་རྫས་གཅིག་མིན་ཞེས་པ་ལྟ་བུ་གོ་རྒྱུ་གཏན་ནས་མེད་པའི་ཟེར་མཚམས་ཞིག་བྱེད་ནས་རང་གི་ལུགས་སྲོལ་དེ་སྐྱོང་ངེས་ཀྱང་། ཁོ་བོས་བརྗོད་པའི་སྐྱོན་འདི་དག་ནི་ཁྱེད་ཚོ་དང་ལྷན་གཅིག་ཏུ་ལུས་དང་གྲིབ་མ་བཞིན་དུ་འོང་ངོ།། སྟོང་གཞི་ཆོས་ཅན་གཅིག་གི་སྟོང་ཉིད་དེ་སྟོང་གཞི་ཀུན་གྱི་སྟོང་ཉིད་ཀྱི་ངོ་བོ་འདོད་ན་ཆ་བཅས་ཆ་མེད་བདེན་གྲུབ་བདེན་མེད་དངོས་པོ་དངོས་མེད་གང་བཤད་ན་འདྲ་སྟེ་མུ་སྟེགས་པས་བྱེ་བྲག་ཀུན་གྱི་ཐུན་མོང་གི་སྤྱི་ཆེན་པོ་གཅིག་ཏུ་འདོད་པ་དང་མཚུངས་པའི་ཚུལ་གོང་དུ་བཤད་ཟིན། ད་དུང་ཡང་གྲུབ་མཐའ་འདི་ལ་སྤྱི་དངོས་དང་ཞིག་དངོས་ལྟ་བུ་མུ་སྟེགས་པའི་བཤད་སྲོལ་དང་རྟོག་པས་བཏགས་པའི་འཆད་ཚུལ་མང་ན་ཡང་སྐབས་འདིར་དེ་ཙམ་གྱིས་ཆོག་པར་མ་བྱས་ན་ཉོབ་པའི་རྒྱུ་ཉིད་དུ་འགྱུར་ཉེས་ཆེ་བས་རེ་ཞིག་བཞག་གོ།། །།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*