གཞན་སྟོང་ཇོ་ནང་པའི་ལྟ་བ།

རྫོང་གསར་བཤད་གྲྭའི་མཁན་པོ་པད་བློ།

གཞན་སྟོང་པ་རྣམས་ཀྱིས་བཤད་པ་ལ་གཞན་སྟོང་དོན་དམ་གྱི་ངོ་བོ་མྱ་ངན་ལས་འདས་པ་འདུས་མ་བྱས་པའི་ཆོས་ནི་མི་སླུ་བ་རྟག་བརྟན་ཐེར་ཟུག་ཏུ་བདེན་པ་གྲུབ་པ་དང་། རང་སྟོང་ཀུན་རྫོབ་ཀྱི་ངོ་བོ་འཁོར་བ་འདུས་བྱས་ཀྱི་ཆོས་ནི་སླུ་བ་མི་རྟག་པ་བདེན་མེད་ཡིན་ཞེས་ཟེར། ངེས་དོན་ལ་མི་སྟོན་དྲང་དོན་ལ་སྟོན་པའི་ལུགས་འདི། དོན་དམ་གྱི་ངོ་བོ་ལ་སྒྲོ་འདོགས་པ་དང་། ཀུན་རྫོབ་ཀྱི་ངོ་བོ་ལ་སྐུར་འདེབས་བྱེད་པའི་རྟག་ཆད་གཉིས་འཛིན་གྱི་ལུགས་ཡིན་པས་དགག་པར་བྱ་སྟེ། དོན་དམ་གྱི་གནས་ལུགས་དེ་ཡེ་ནས་རྣམ་གྲོལ་ངོ་བོ་ཡིན་ན་ནམ་ཡང་ཉོན་མོངས་ཀྱིས་སྒྲིབ་མི་སྲིད་པར་འགྱུར་ཏེ། རྣམ་གྲོལ་གྱི་ངོ་བོ་ཡིན་པས་སོ། རང་བཞིན་རྣམ་གྲོལ་ཡིན་ཡང་ཉོན་མོངས་གློ་བུར་བས་སྒྲིབ་པ་འཐད་སྙམ་ན། རང་བཞིན་མེ་ལྕེ་ཡིན་ཡང་མུན་པ་གློ་བུར་བས་སྒྲིབ་པ་ཞིག་ཁས་བླངས་ན་གནོད་བྱེད་ཅི་ཡོད། ཉོན་མོངས་པས་སྒྲིབ་པ་དང་རྣམ་པ་གྲོལ་བ་ཡིན་པ་གཉིས་འགལ་བར་ཡིན་པར་ཤེས་པར་གྱིས། ཁྱེད་ཀྱིས་འདོད་པའི་ཡེ་ཤེས་བདེན་གྲུབ་དེ་འཆིང་གྲོལ་གཉིས་ཀྱི་གཞི་མི་རུང་བ་འགྱུར་ཏེ། རྟག་པ་འགྱུར་བ་མེད་པ་ཡིན་པའི་ཕྱིར། ཁྱབ་སྟེ་སྔར་གྱི་འཆིང་བའི་གཞི་དེ་ཕྱིས་སུ་གྲོལ་བའི་གཞི་ལ་གནས་མ་འགྱུར་ན་འཆིང་བའི་གཞི་དེ་གྲོལ་མི་སྲིད་དེ། ཕྱིས་སུ་ཡང་སྔར་གྱི་གཞི་དེ་ཉིད་ཡིན་པའི་ཕྱིར། སྔ་ཕྱི་གནས་འགྱུར་ན་རྟག་པ་འགྱུར་མེད་ཡིན་པ་འགལ་ལོ།། ཡང་ཁྱེད་ལ་སྟོང་གཞི་དང་སྟོང་ཉིད་ངོས་འཛིན་ནོར་བའི་སྐྱོན་ཞིག་ཀྱང་འདུག་སྟེ། དོན་དམ་སྟོང་ཉིད་དང་ཀུན་རྫོབ་སྟོང་གཞི་ཡིན་པ་ལ་ཁྱེད་ཀྱིས་དོན་དམ་སྟོང་གཞི་དང་ཀུན་རྫོན་སྟོང་ཉིད་བྱས་འདུག་པའི་ཕྱིར། དེ་ནས་བཀའ་དང་བསྟན་བཅོས་རྣམས་ལས། རྒྱུ་ཉོན་མོངས་པའི་སེམས་ཀྱི་རང་བཞིན་གནས་ལུགས་སྟོང་པ་ཉིད་དེ། འབྲས་བུ་ཡེ་ཤེས་ཀྱི་ངོ་བོ་དག་པ་གཉིས་ལྡན་གྱི་དབྱིངས་ངོ་བོ་ཉིད་སྐུ་ལ་གནས་འགྱུར་རུང་བ་ལ་དགོངས་ནས་ཉོན་མོངས་པའི་རང་བཞིན་རྣམ་དག་ཡིན་ཞེས་གསུངས་ལ། སེམས་ཅན་ལ་ཡེ་ཤེས་ཡོད་པ་དང་། སངས་རྒྱས་ལ་ང་འཛིན་ཡོད་པ་གསུངས་པ་རྣམས་ནི་དྲང་དོན་དགོངས་པ་ཅན་ཡིན་པས་ནམ་དུ་ཡང་འཁྲུལ་བ་མི་བྱ། ཡོངས་གྲུབ་རྟག་པ་དེ་དང་མུ་སྟེགས་པ་ལ་གྲགས་པའི་འཆིང་གྲོལ་ཀུན་གྱི་གཞི་གྱུར་པའི་བདག་ཤེས་རིག་གཉིས་ལ་ཁྱད་ཅི་ཡོད་སྨྲ་དགོས་ལ། ཀུན་རྫོབ་ལ་ངོ་བོ་གཏན་ནས་མ་གྲུབ་ན་རི་བོང་གི་རྭ་ལྟར་འཁོར་བའི་ཆོས་མི་རུང་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་མེད་པའི་སྐྱོན་སོགས་བརྗོད་དུ་མི་ལོང་ངོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*