རྒྱ་ནག་ཧྭ་ཤང་གི་ལྟ་གྲུབ།

17 mins ·

རྒྱ་ནག་ཧྭ་ཤང་གི་ལྟ་གྲུབ།

རྫོང་སར་བཤད་གྲྭའི་མཁས་དབང་འགུ་ཟི་པད་བློ་ནས།
རྒྱ་ནག་ཧྭ་ཤང་གིས་བཞེད་པ་ལ་ཡུལ་གྱི་གནས་ལུགས་ལ་དོན་ཅི་ཡང་མི་གནས་པས་བློས་ཀྱང་དེ་ལྟར་ཅི་ཡང་ཡིད་ལ་མི་བྱེད་ན་ཡང་དག་པའི་ལྟ་བ་ཡིན་པ་ལས། གལ་ཏེ་ཡུལ་གྱི་གནས་ལུགས་ལ་འདི་ཡིན་དེ་མི་་གྱི་དོན་དཞིག་འཛིན་པའམ་འདོད་པ་བྱུང་ན། ཟབ་མོ་སྟོང་ཉིད་སྟོན་པའི་མདོ་ལས། གནས་ལུགས་སྤྲོས་བྲལ་འབའ་ཞིག་པ་གསུངས་པ་དང་འགལ་བ་འགྱུར་བས་མཐར་ཐུག་དབུ་མའི་ལྟ་བ་མིན་ཞེས་དང་། རྒྱ་ཆེར་སྤྱོད་པ་སྟོན་པའི་མདོ་ལས། བླང་དོར་གཉིས་ཀྱི་དོན་དང་འབྲེལ་བའི་རྒྱ་ཆེར་སྤྱོད་པའི་ཆོས་གསུངས་པ་ནི་གནས་སྐབས་སྟོང་ཉིད་སྤྲོས་བྲལ་སྟོན་པའི་སྣོད་མ་ཡིན་པར་སྤྲོས་པ་ལ་དགའ་བའི་གང་ཟག་དམན་པ་རྣམས་ལ་བདེ་འགྲོ་ལྷ་མི་གང་རུང་གི་ལུས་བརྟེན་འཐོབ་པའི་ཆེད་དུ་དགེ་སྡིག་བླང་དོར་གྱི་གནས་སྤྱོད་པ་རིམ་གྱིས་པའི་དམན་ལམ་སྟོན་པ་ཙམ་ཡིན་པས་ལྟ་སྒོམ་སྤྲོས་མེད་ཡིན་པ་དང་མི་འགལ་ཏེ། ཟབ་མོ་སྤྲོས་མེད་ཀྱི་ལྟ་བའི་ཆོས་ནི་གང་ཟག་དབང་པོ་ཡང་རབ་རྣམས་ལ་མཐར་ཐུག་ཐར་པ་འཐོབ་པའི་ཆེད་དུ་གསུངས་པ་ཡིན་པས་སོ། དེས་ན་རྟེན་གང་ཟག་དམན་པ་ལ་འབྲས་བུ་མངོན་མཐོ་འཐོབ་པའི་ཐབས་ལ་དགོངས་ནས་གསུངས་པའི་རྒྱ་ཆེར་སྤྱོད་པའི་ཆོས་འདི་ལ་དམན་ལམ་རིམ་གྱིས་ཞེས་པ་དང་། རྟེན་གང་ཟག་མཆོག་རྣམས་ལ་འབྲས་བུ་ངེས་ལེགས་འཐོབ་པའི་ཐབས་ལ་དགོངས་ནས་གསུངས་པའི་ཟབ་མོ་ལྟ་བའི་ཆོས་འདི་ལ་ཐར་ལམ་གཅིག་ཅར་ཞེས་བྱ་ལ། ལམ་འདི་ལ་ཞུགས་པའི་གང་ཟག་གིས་སྤྱོད་པ་བཟང་ངན་ཐམས་ཅད་སྤང་དགོས་ཏེ། སྤྱོད་པའི་ཆོས་ནི་དམིགས་བཅས་བསོད་ནམས་ཀྱི་ཚོགས་ཡིན་པས་དམིགས་མེད་ཡེ་ཤེས་ཀྱི་ཚོགས་དང་མི་མཐུན་པའི་ཕྱིར་དང་། སྤྱོད་པའི་ཆོས་འདི་དག་སྤྲོས་བཅས་སམ་མཚན་བཅས་ཡིན་པས་སྤྲོས་མེད་དང་མཚན་མེད་ཀྱི་ལྟ་བ་ཟབ་མོའི་ཆོས་དང་འགལ་བ་ཡང་ཡིན་ལ། གཅིག་ཅར་བའི་ཐར་ལམ་བགྲོད་པ་ལ་འགལ་རྐྱེན་གྱི་བར་ཆད་ཡིན་པ་དང་། འབྲས་བུ་ངེས་ལེགས་ཐོབ་པ་ལ་མི་མཐུན་པའི་རྐྱེན་ཡང་ཡིན་ཏེ། དཔེར་ན་སྤྲིན་དཀར་ནག་གང་གིས་སྒྲིབ་ན་འདྲ་ཉི་མའི་འོད་ཟེར་མི་འབྱུང་བ་ལྟར་སྤྱོད་པ་བཟང་ངན་གང་གིས་ཟིན་ནའང་འདྲ་སྟེ། ཉམས་ལེན་སྤྲོས་བཅས་སུ་འགྱུར་བས་ཞི་བའི་འབྲས་བུ་མི་འབྱུང་། དེ་དག་གི་རྒྱུ་མཚན་ཡང་དེ་ལྟའི་ལུས་ངག་ཡིད་གསུམ་གྱིས་གཞི་འདི་དག་ཟག་བཅས་ཀྱི་ཕུང་ཚོགས་ཡིན་པས་བཟང་ངན་གཉིས་ཀྱི་ལས་ཅི་བྱེད་ན་ཟག་བཅས་དགེ་སྡིག་གི་ལས་ཤིག་ཏུ་འགྱུར་བས་འཁོར་བའི་རྒྱུ་ཁོ་ན་མ་གཏོགས་ཐར་བ་དང་ཐམས་ཅད་མཁྱེན་པའི་རྒྱུར་འགྱུར་བ་མི་སྲིད་པས་སོ། ཐ་སྙད་ཀྱི་ཆོས་ལ་སྙིང་པོ་མེད་པ་དང་། བྱ་བྱེད་ཀྱི་ཆོས་ཀྱིས་འཚང་མི་རྒྱ་བ་བཤད་དོན་ཡང་འདི་རང་ཡིན་ལ། མ་ཟད་ལྟ་བ་སྤྲོས་བྲལ་རྟོགས་པ་ལ་དང་པོ་སྤྲོས་པའི་མཐའ་ཐམས་ཅད་རིགས་པས་བཀག་པ་ལ་མ་ལྟོས་པར་དང་པོ་ཉིད་ནས་སློབ་དཔོན་གྱི་མན་ངག་ལ་བརྟེན་ནས་སྤྲོས་པ་ཐམས་ཅད་བཙན་ཐབས་ཀྱིས་བཀག་ནས་སྤྲོས་བྲལ་གྱི་དོན་ལ་མཉམ་བཞག་བྱེད་ཐུབ་པས། སྤྲོས་མེད་རྣམ་པར་མི་རྟོགས་པའི་ཡེ་ཤེས་བསྒོམ་པའི་སྔོན་ལ་ཐོས་བསམ་བྱེད་པའམ་འཇོག་སྒོམ་གྱི་སྔོན་ལ་བསྐྱེད་སྒོམ་བྱེད་མི་དགོས་ཞེས་པའང་བཞེད། གཞན་དག་གིས་འདོད་ཚུལ་འདི་ལ་སོ་སོ་རྟོགས་པའི་ཤེས་རབ་མི་དགོས་པ་འདོད་ཅེས་བཤད་སྲོལ་ཡང་ཡོད་དོ།།
ཀུན་མཁྱེན་གོ་རམས་པས་། སྤྲོས་པའི་མཐའ་ཐམས་ཅད་དགག་བྱ་འདོད་པའི་བོད་སྔ་རབས་པའི་ལྟ་བ་དང་། ཧྭ་ཤང་གི་ལྟ་བ་གཉིས་མི་མཚུངས་པའི་རྒྱུ་མཚན་ལ། སྔ་རབས་པས་སྤྲོས་པ་ཐམས་ཅད་རིགས་པས་བཀག་ནས་མཐའ་ཅི་ཡང་མ་གྲུབ་པ་ལ་ཡུལ་གྱི་གནས་ཚུལ་འདོད་ལ། ཧྭ་ཤང་གིས་སྤྲོས་པ་ཐམས་ཅད་བཙན་ཐབས་ཀྱིས་བཀག་ནས་མཐའ་ཅི་ཡང་མ་རྙེད་པ་ཙམ་ལ་གནས་ལུགས་འདོད་པས་མི་འདྲ་ཞེས་གསུངས་ཀྱང་མི་འཐད་དེ། དེ་འདྲའི་ཁྱད་པར་དེ་སྤྲོས་བྲལ་གྱི་ལྟ་བ་རྟོགས་པར་བྱེད་པའི་སྦྱོར་བ་ཐབས་ཀྱི་ཁྱད་ཙམ་ཡིན་པ་ལས་དངོས་གཞི་སྤྲོས་བྲལ་གྱི་ལྟ་བའི་ཁྱད་མིན་པའི་ཕྱིར་རོ། །གཞན་དུ་ན་གསང་སྔགས་རྒྱུད་སྡེའི་ལུགས་ལ་སྟོང་ཉིད་བཙན་ཐབས་ཀྱིས་ངོ་སྤྲོས་ནས་ལྟ་བ་བསྒོམ་པའི་སྲོལ་ཡོད་པ་དེ་ཡང་ཧྭ་ཤང་གི་ལུགས་བཞིན་དུ་མི་འཐད་པ་འགྱུར་བ་དང་། ལྟ་བ་ཤན་འབྱེད་ལས། སྟོང་ཉིད་སྟོན་པའི་སྣོད་དེ་ལ་གཉིས་ཡོད་པ་ལས་སྟོང་ཉིད་ཀྱི་བག་ཆགས་ཡོད་པ་ལ་གཞུང་ནས་བཤད་པའི་རིགས་པ་བཀོད་མི་དགོས་པ་ཁྲིད་ཙམ་གྱིས་ངོ་འཕྲོད་འགྲོ་བ་བཤད་པ་དང་ཡང་འགལ་བར་འགྱུར་བའི་ཕྱིར་རོ། ། གལ་ཏེ་གང་ཟག་དེས་སྐྱེ་བ་སྔ་མ་ལ་ལྟ་བ་རིགས་པས་གཏན་ལ་ཕབ་ཟིན་པས་འགལ་བ་མེད་སྙམ་ན། འོ་ན་དེ་ཁྲིད་ཀྱི་ཐབས་ཡང་མི་དགོས་པ་འགྱུར་ཏེ། སྐྱེ་བ་སྔ་མ་ནས་ལྟ་བ་རིགས་པས་རྙེད་ཟིན་པའི་ཕྱིར། སྐྱེ་བ་སྔ་མ་དྲན་པ་ཉམས་ཟིན་པས་ཚེ་འདི་ཁྲིད་ཀྱི་ཐབས་ཀྱིས་དྲན་གསོ་བྱེད་དགོས་སྙམ་ན། སྔ་མའི་་རིགས་པའི་བྱེད་པའང་ཉམས་ཟིན་པས་སླར་ཡང་རིགས་པ་བཀོད་དགོས་པར་འགྱུར་རོ། དེས་ན་རྒྱ་ནག་ཐལ་འགྱུར་བ་དང་། རྒྱ་ནག་ཧྭ་ཤང་། བོད་སྔ་རབའ་པ་རྣམས་ཀུན་རྫོབ་སྤྲོས་བཅས་སྤངས་པའི་དོན་དམ་སྤྲོས་བྲལ་འབའ་ཞིག་པ་འདོད་ཚུལ་མཚུངས་པས་ལྟ་བ་ལ་ཁྱད་མེད་པ་ཁོ་ནའོ།། འོན་ཀྱང་ཀུན་རྫོབ་ལ་དམིགས་པའི་རྗེས་ཐོབ་འཁྲུལ་སྣང་གི་ངོར་སེམས་ཅན་ལ་དམིགས་པའི་སྙིང་རྗེ་དང་སངས་རྒྱས་ལ་དམིགས་པའི་དད་པ་སོགས་ཡུལ་མཆོག་དམན་ལ་བརྟེན་ནས་དམིགས་བཅས་བསོད་ནམས་ཀྱི་ཚོགས་བསག་བྱ་དགོས་པ་ཐལ་འགྱུར་བ་དང་སྔ་རབས་པ་རྣམས་པས་འདོད་པ་དང་། ཧྭ་ཤང་གིས་མཉམ་བཞག་དམིགས་མེད་ཡེ་ཤེས་ཀྱི་ཚོགས་རྐྱང་པ་སངས་རྒྱས་དགྱེས་པའི་ལམ་ཡིན་པ་འདོད་པའི་ཁྱད་ཡོད་པ་མངོན་ནོ།། གལ་ཏེ་ཀུན་རྫོབ་སྣང་ཙམ་པོ་རྟེན་འབྲེལ་འདུས་བྱས་ཀྱི་ཆོས་འདི་དོན་དམ་རིགས་པའི་དགག་བྱ་དང་དོན་དམ་གནས་ལུགས་སྤྲོས་བྲལ་འབའ་ཞིག་པའམ་སྟོང་རྐྱང་འདུས་མ་བྱས་ཤིག་ཡིན་ན་ཧྭ་ཤང་གི་གསུངས་དེ་ཤིན་ཏུ་འཐད་དེ། མཉམ་བཞག་གིས་བཀག་པ་དེ་རྗེས་ཐོབ་ཀྱིས་འབད་དེ་བསྒྲུབས་པ་དང་། རྗེས་ཐོབ་ཀྱིས་གང་བསྒྲུབ་པ་དེ་མཉམ་བཞག་གིས་ཁྱད་དུ་བཀག་དགོས་ན་གླང་ཆེན་གྱིས་ཁྲུས་བྱས་པ་དང་འདྲ་བས་ངལ་བ་ལ་འབྲས་སུ་མེད་པའི་ཚད་ཡིན་པས་སོ། ལུགས་འདི་དག་ནི་བདེན་གཉིས་འགལ་འཛིན་གྱི་ལོག་རྟོག་གི་བརྒྱུང་བསླད་པའི་སྟོང་ཉིད་གཞི་བྱས་ལ་རྟེན་འབྲེལ་མི་འཐད་པ་ད

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*