ཆོས་རྗེ་ས་པཎ་གྱི་མཛད་རྣམ་དང་མཁན་ཆེན་ཨ་པད་རིན་པོ་ཆེ་གླེང་བ་ཞེས་པའི་ཕྱག་དཔེ་དབུ་འབྱེད།

དེ་རིང་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་རྣམ་གཉིས་ཀྱིས་འཇམ་མགོན་བླ་མ་ཆོས་རྗེ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་རྣམ་པ་ཐར་པའི་མུས་འབྲེལ་རི་མོའི་ལམ་ནས་ཤིན་ཏུ་བསྡུས་པ་ཞིག་དཔལ་ས་སྐྱའི་བདག་མོ་རིན་པོ་ཆེ་སྐལ་ལྡན་སྒྲོན་སྐྱིད་མཆོག་གིས་རྩོམ་སྒྲིག་གནང་བ་<<ཆོས་རྗེ་ས་པཎ་གྱི་མཛད་རྣམ་>>ཞེས་པ་ཞིག་དབུ་འབྱེད་གནང་འདུག  དེ་ཡང་བདག་མོ་མཆོག་གིས་གཙོ་བོ་ཕྲུ་གུ་ན་གཞོན་ཚོར་སྔོན་བྱོན་སྐྱེས་ཆེན་དམ་པ་ཚོའི་རྣམ་ཐར་དཀའ་ཚེགས་མེད་པའམ་ཤེས་སླ་མོའི་ཐོག་ནས་ངོ་སྤྲོད་མཚམས་སྦྱོར་དང་བློ་ངོར་བག་ཆགས་བཟང་པོ་ཞིག་བཞག་པའི་ཕྱིར་དུ་དམིགས་ཡུལ་གཙོ་བཟུང་ཐོག་ནས་རྩོམ་སྒྲིག་བགྱིས་པ་ཞིག་རེད་འདུག

ཁ་རྩང་ཕྱི་དྲོ་ཆུ་ཚོད་གསུམ་པར་རྡོར་གདན་དཔལ་ས་སྐྱའི་གཙུག་ལག་ཁང་ཐེག་གསུམ་ཆོས་གླིང་དུ་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དང་། ༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་རྣམ་གཉིས་དབུ་བཞུགས་ཐོག འཁོན་གདུང་རྣམ་པ་དང་། དཔལ་སྐྱའི་བསྟན་བདག་བླ་ཆེན་རྣམ་པ། བསྟན་པའི་གསལ་བྱེད་མཁན་པོ་བླ་སྤྲུལ་བརྒྱ་ཕྲག་ལྷག་དང་། དགེ་འདུན་ཞལ་གྲངས་སྟོང་ཕྲག་འགའ་འཛོམས་པའི་དཀྱིལ་འཁོར་དུ། ལོ་ཤས་གོང་དྲིན་ཅན་རྩ་བའི་བླ་མས་ཇི་ལྟར་བཀས་བསྐུལ་བ་ལྟར་གུས་པས་རང་གི་ཤེས་བརྩོན་གྱི་ནུས་པས་ལྕོགས་ཚོད་ཀྱིས་ཁུར་བླངས་པའི་ཐོག་ནས་ཡོངས་ཀྱི་དགེ་བའི་བཤེས་གཉེན་མཁན་ཆེན་ཨ་པད་རིན་པོ་ཆེའི་མཛད་རྣམ་<< མཁན་ཆེན་ཨ་པད་རིན་པོ་ཆེ་གླེང་བ། >> ཞེས་པ་ཞིག་དཔལ་ས་སྐྱའི་མཐོ་སློབ་དགེན་ཨ་འདུས་སྐལ་བཟང་རྒྱ་མཚོས་རྩོམ་སྒྲིག་བགྱིས་པ་ཞིག་ད་ལོར་སྤར་སྐྲུན་ཐོག་མ་ལེགས་པར་གྲུབ་སྟེ་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ཉིན་གནས་མཆོག་རྡོ་རྗེ་གདན་དུ་༸སྐྱབས་མགོན་༸གོང་མ་ཡབ་སྲས་རྣམ་པའི་ཞལ་སྔ་ནས་དངོས་སུ་དབུ་འབྱེད་གནང་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*