༸སྐྱབས་རྗེ་ཀླུ་ལྡིང་མཁན་ཆེན་མཆོག་གི་འཁྲུངས་སྐར་སྲུང་རྩིས་གནང་།

བོད་ཟླ་དགུ་པའི་ཚེས་བཅུ་བཞི་ནི་དཔལ་ལྡན་ས་སྐྱ་པའི་སྲོལ་འབྱེད་པ་འཁོན་དཀོན་མཆོག་རྒྱལ་པོ་མཆོག་དང་། སྐད་གཉིས་སྨྲ་བའི་དབང་པོ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས།  རྣལ་འབྱོར་གྱི་དབང་ཕྱུག་དཔལ་བརྩེ་བ་ཆེན་པོ་ས་ཆེན་ཀུན་དགའ་སྙིང་པོ། བསྟན་པའི་རྩ་ལག་དམ་པ་མགོན་པོ་བསོད་ནམས་མཆོག་ལྡན་བཅས་ཀྱི་དགོངས་རྫོགས་མཆོད་འབུལ་དུས་ཆེན་ཡིན་པ་དང་།  རྒྱལ་བའི་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་ངོར་ཆེན་རྡོ་རྗེ་འཆང་གི་རྒྱལ་ཚབ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དོན་ལྔ་པ་༸སྐྱབས་རྗེ་ངོར་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་དགུང་གྲངས་༨༩ ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་བཅས་ཉིན་འདི་ནི་དུས་ཆེན་ལྔ་འཛོམས་ཀྱི་ཉིན་མོ་སྟེ་ཆེས་དུས་ཆེན་ཁྱད་པར་ཅན་ཞིག་ཡིན།  ཞོགས་པའི་ཆུ་ཚོད ༩།༣༠ ལ་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་ཕོ་བྲང་གཉིས་ཀྱི་འཁོན་གདུང་རྣམ་པ་དང་། ངོར་ཁྲི་པ་རིན་པོ་ཆེ་རྣམ་པ་གཉིས་དང་། ཚར་ལུགས་ཁྲི་པ་རིན་པོ་ཆེ་མཆོག་དང་ཞབས་དྲུང་རྣམ་པ། གདན་ས་ཁག་གི་མཁན་པོ་རྣམས་དང་བཤད་གྲྭ་ཁག་གི་མཁན་པོ་དང་སྤྲུལ་སྐུ་རྣམས་དང་། གནད་ཡོད་མི་སྣ་བཅས་ཀྱིས་སྤོས་སྣ་དང་མེ་ཏོག རོལ་དབྱངས་སོགས་ཀྱིས་བརྒྱན་དང་ལྡན་པ་བླ་བྲང་ནས་གཙུག་ལག་ཁང་དུ་ཕེབས་བསུ་བྱས། དེ་ནས་༸སྐྱབས་མགོན་ས་སྐྱ་༸གོང་མ་ཁྲི་འཛིན་རིན་པོ་མཆོག་གིས་མཎྡལ་ལྗགས་བཤད་དང་སྦྲགས་ས་སྐྱའི་སྤྱི་འཐུས་མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས་དང་སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན་གསུམ་ནས་མཎྡལ་འདེགས་འབུལ་ཞུས།        དེའི་རྗེས་སུ་༸སྐྱབས་རྗེ་འཁོན་གདུང་ཨ་བྷི་ཀྲི་ཏ་བཛྲ་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་འཁོན་གདུང་ ཨ་སངྒ་རིན་པོ་ཆེ་མཆོག    ༸སྐྱབས་རྗེཐར་རྩེ་མཁན་རིན་པོ་ཆེ་མཆོག་དང་༸སྐྱབས་རྗེ་བཅོ་བརྒྱུད་ཁྲི་པ་རིན་པོ་ཆེ་མཆོག  ༸སྐྱབས་རྗེ་ཁང་གསར་ཞབས་དྲུང་རིན་པོ་ཆེ་མཆོག་སོགས་ཀྱིས་མཎྜལ་རྟེན་གསུམ་འདེགས་འབུལ་དང་བཀྲ་ཤིས་རྫས་བརྒྱད་སོགས་རིམ་བཞིན་འདེབས་འབུལ་གནང་རྗེས།  ཆོས་བརྒྱུད་ཁག་གི་སྐུ་ཚབ་དང་དགོན་སྡེ་གྲྭ་ཚང་།  མི་མང་བཅས་ནས་འབུལ་མཚོན་འདེགས་འབུལ་ཞུས་ཡོད།  བརྟན་བཞུགས་ཀྱི་མཛད་རིམ་ལེགས་པར་གྲུབ་རྗེས་ཉིན་རྒྱབ་ཕྱི་ལུགས་ལྟར་དཔལ་༸སྐྱབས་མགོན་ས་སྐྱ་གོང་མ་ཁྲི་རིན་པོ་ཆེ་མཆོག་དང་། ཆོས་རིག་བཀའ་བློན་རྣམ་གཉིས་ནས་མངར་བཟས་གཏུབས་ཏེ་དཔལ་༸སྐྱབས་རྗེ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་གི་འཁྲུངས་སྐར་སྲུང་བརྩི་དང་སྦྲགས།   དེ་ནས་རིམ་བཞིན་གོང་དཀར་དགེ་འདུན་པ་རྣམས་ཀྱིས་རྔ་འཆམ་དང་། སློབ་ཕྲུག་བཅས་ནས་རིག་གཞུང་འཁྲབ་སྟོན་སོགས་གཟིགས་འབུལ་ཞུས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*