བྱེས་ཀྱི་ངོར་གདན་ས་ཆེན་མོར་༸སྐྱབས་རྗེ་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་ལ་བརྟན་བཞུགས་བསྟར་འབུལ་གྱི་སྒྲུབ་ཞག་གནང་བཞིན།

བོད་ཟླ་ ༩ པའི་ཚེས ༡༤ ནི་དཔལ་ལྡན་ས་སྐྱ་པའི་དམིགས་གསལ་དུས་ཆེན་ཡིན་ཞིག  དེ་ཡང་དཔལ་ས་སྐྱའི་ཁྲི་རབས་དང་པོ་འཁོན་དཀོན་མཆོག་རྒྱལ་པོ་མཆོག་དང་ས་སྐྱའི་ཁྲི་རབས་གཉིས་པ་བ་རི་ལོ་ཙཱ་བ་ཆེན་པོ་མཆོག་དང་།   ས་སྐྱའི་ཁྲི་རབས་གསུམ་པ་ས་ཆེན་ཀུན་དགའ་སྙིང་པོ་བཅས།  ས་སྐྱའི་ཁྲི་རབས་དང་པོ་གསུམ་གྱི་དུས་མཆོད་(འདས་མཆོད) ཡིན་པ་མ་ཟད་དུས་གསུམ་རྒྱལ་བའི་མཁྱེན་བརྩེ་ནུས་པའི་རང་གཟུགས་དཀྱིལ་འཁོར་རྒྱ་མཚོའི་གཙོ་བོ་ཁྱབ་བདག་རྡོ་རྗེ་སེམས་དཔའི་ངོ་བོ་མགོན་པོ་བསོད་ནམས་མཆོག་ལྡན་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་དུས་མཆོད་ཡང་ཡིན་ཞིག    ཁོང་ནི་ཕོ་བྲང་པོ་ཏཱ་ལར་གོང་ས་ལྔ་པ་ཆེན་པོ་སོགས་ལ་གསུང་ངག་སློབ་བཤད་ཀྱི་གདམས་པ་ཡོངས་རྫོགས་སྩལ་བ་སོགས་གངས་ཅན་པའི་རིས་མེད་བླ་སྤྲུལ་གྲངས་མེད་ཀྱི་དབུ་བླ་ཞིག་ཡིན།  དེ་བཞིན་དུ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་གི་འཁྲུངས་སྐར་བཅས་དུས་ཆེན་ལྔ་འཛོམས་ཉིན་བཟང་དུས་གཅིག་ཁེལ་ཡོད།    དེའི་ཕྱིར་བྱེས་ཀྱི་གདན་ས་ཆེན་པོ་དཔལ་ངོར་ཨེ་ཝཾ་ཆོས་ལྡན་དུ་ཁ་རྩང་ཕྱི་ལོ་༢༠༡༩ ཕྱི་ཟླ་ ༡༡ ཚེས ༥ ཉིན་ནས་བཟུང་ཉིན་བདུན་བར་དུ་དཔལ་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་ནས་༧ སྐྱབས་རྗེ་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཆེད་དུ།   སྤྱི་ཚེས་ ༨ ལ་ས་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྔགས་འཆང་བླ་མ་ས་སྐྱ་པ་ཆེན་པོ ༧ སྐྱབས་མགོན་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་དམིགས་གསལ་ཆིབས་བསྒྱུར་གནང་ནས་སྒྲུབ་ཞག་ཉིན་གཅིག་ཚོགས་མགོན་གནང་བ་མ་ཟད།   ༧སྐྱབས་མགོན༧གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་།  དཔལ་ས་སྐྱའི་ཕུན་ཚོགས་ཕོ་བྲང་གི་འཁོན་གདུང་༧སྐྱབས་རྗེ་ཨ་སངྒཱ་བཛྲ་རིན་པོ་ཆེ་མཆོག ༧སྐྱབས་རྗེ་ངོར་ཁྲི་པ་ཀླུ་ལྡིང་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག་དང་༧ སྐྱབས་རྗེ་ངོར་ཁྲི་པ་ཐར་རྩེ་ངག་དབང་བསོད་ནམས་མཆོག་ལྡན་མཆོག   ༧ སྐྱབས་རྗེ་བཅོ་བརྒྱད་ཁྲི་པ་རིན་པོ་ཆེ་དབུས་བཞུགས་ཀྱིས།  དཔལ་ལྡན་ས་སྐྱ་པའི་གདན་ས་ཆེན་པོ་བཞི་དང་། རང་ལུགས་བཤད་གྲྭ་ཁག་གི་མཁན་པོ་རྣམ་པ།    ཕྱོགས་མཐའ་ནས་ཕེབས་པའི་ས་ངོར་ཚར་རྫོང་གི་བླ་མ་སྤྲུལ་སྐུ་མཁན་པོ་དགེ་བཙུན་ཁྱོན་ཡོངས་དགེ་བཙུན་བདུན་བརྒྱ་ལྷག་ཆེད་ཕེབས་གནང་ནས་༧སྐྱབས་མཆོག་རྩ་བའི་བླ་མ་ངོར་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་ལ་ས་ངོར་ཚར་རྫོང་འདུས་སྤྱི་ཐུན་མོང་ནས་དགུང་གྲངས་རྒྱ་དགུར་ཕེབས་པའི་སྐུའི་འཁྲུངས་སྐར་དང་སྟབས་བསྟུན་དཔལ་ས་སྐྱའི་ལྷ་སྡེ་མི་སྡེ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་སྒྲུབ་ཞག་ཉིན་དྲུག་པ་འགྲོ་མུས།     སང་ཉིན་བརྟན་བཞུགས་དངོས་གཞི་རེད་འདུག  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*