འཇིགས་བྲལ་རྡོ་རྗེ་འཆང་།

འཇིགས་བྲལ་སྟོབས་ཀྱི་མགོན་པོ་བདག་ཆེན་རྡོ་རྗེ་འཆང་ལ་གསོལ་བ་འདེབས་པ་ཐུགས་རྗེ་རྣམ་དཀར་མ་ཞེས་བྱ་བ།།
སྟག་ལྗོངས་འཆི་མེད། < ཐོང་གཤོལ།>
ཐུགས་རྗེ་རྣམ་དཀར་འོ་མའི་རྒྱ་མཚོ་ལས། །ཉེ་བར་འཁྲུངས་པའི་འཇིག་རྟེན་གསུམ་གྱི་མགོན།།
ངག་གི་དབང་པོ་ཀུན་དགའི་མཚན་ཅན་ལ། །སྙིང་ནས་གསོལ་འདེབས་བདག་རྒྱུད་བྱིན་གྱིས་རློབས།།
ཐུན་མོང་སྒྲ་ཚད་ལ་སོགས་རིག་པའི་གནས། །ཐུན་མིན་མདོ་རྒྱུད་ཀུན་ལ་སྤྱན་ཡངས་ཤིང་།།
ངེས་དོན་རྡོ་རྗེ་འཛིན་པའི་རྣལ་འབྱོར་པ། །རྗེ་བཙུན་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས།།
ཀུན་རྫོབ་སྣང་བའི་དཀྱིལ་འཁོར་ལྷ་ཚོགས་དང་། །དོན་དམ་གཡོ་མེད་ཟུང་འཇུག་ཕྱག་རྒྱ་ཆེ།།
དབྱེར་མེད་གཅིག་ཏུ་གཟིགས་པའི་ཐུགས་རྗེ་ཅན། །མཐུ་སྟོབས་དབང་ཕྱུག་ཁྱེད་ལ་གསོལ་བ་འདེབས།།
སངས་རྒྱས་ཀུན་གྱི་ངོ་བོ་རྡོ་རྗེ་འཆང་། །རྣལ་འབྱོར་དབང་ཕྱུག་རྗེ་བཙུན་ཡབ་སྲས་སོགས།།
རྒྱུད་པ་གཅིག་པའི་རིགས་དང་ཆོས་ཀྱི་སྲས། །ཟླ་མེད་འཁོར་ལོ་མགོན་པོའི་ཞབས་ལ་འདུད།།
ཕྱི་རུ་སོར་ཐར་སྡོམ་པའི་རྩ་བ་བརྟན། །ནང་དུ་བྱང་ཆུབ་སེམས་ཀྱི་འདབ་མ་མཛེས།།
གསང་ཆེན་གསུང་ངག་ལམ་གྱི་འབྲས་བུ་ཆེ། །འགྲོ་ལ་སྩོལ་མཁས་ཁྱེད་ལ་གསོལ་བ་འདེབས།།
མ་འདྲེས་ཆ་ཤས་ཡོངས་རྫོགས་འོད་ཀྱི་ཕྲེང་། །སྙིང་གི་གདུང་བ་སེལ་བའི་འཇིག་རྟེན་མགོན།།
བདག་སོགས་ཀུནྡའི་གཉེན་གྱུར་ཐུགས་རྗེའི་གཏེར། །ངག་དབང་ཀུན་དགའ་བསོད་ནམས་ཞབས་ལ་འདུད།།
ཐུབ་བསྟན་སྨན་ལྗོངས་ཉམས་དགའི་ལྟེ་བ་ན། །མང་ཐོས་རལ་བ་རྒྱས་པའི་དཔལ་ལྡན་ཞིང་།།
འཆད་རྩོད་རྩོམ་པའི་གད་ཆེར་སྒྲོག་པའི། །སྔགས་འཆང་ཆོས་ཀྱི་རྒྱལ་པོ་སྙིང་ནས་དྲན།།
ངག༷་དབང༷་ལྷ་ཡི་ཐུགས་རྗེ་ཡངས་པ་ནས། །ཀུན༷་དག༷འ་ལེགས་བཤད་དལ་གྱིས་འབབ་པའི་རྒྱུན།།
བསོ༷ད་ནམ༷ས་འགྲོ་ལ་དཔལ་སྦྱིན་རིན་པོ་ཆེ། །འཕྲིན་ལས་རྒྱུན་མི་ཆད་པ་ཁྱེེད་ལ་འདུད།།
རྒྱལ་ཀུན་ཡེ་ཤེས་གཅིག་བསྡུས་འཇམ་པའི་དཔལ། །མ་རུང་འདུལ་ཕྱིར་ཁྲོ་བོའི་སྐུར་བསྟན་པ།།
དཔལ་ལྡན་གཤིན་རྗེའི་གཤེད་དང་དབྱེར་མེད་པའི། །ཁྱབ་བདག་ངག་གི་དབང་པོ་སྙིང་ནས་དྲན།།
ཤེས་བྱ་ཀུན་གཟིགས་ཟབ་མོའི་ལམ་གྱིས་གྲོལ། །ས་དྲུག་བརྙེས་པའི་ཚུལ་གྱིས་འགྲོ་དོན་མཛད།།
གྲུབ་ཆེན་བེ་རུ་པ་དང་དབྱེར་མེད་པའི། །མཚུངས་མེད་ཆོས་ཀྱི་རྗེ་ལ་གསོལ་བ་འདེབས།།
ཆོས་རྣམས་རྨི་ལམ་སྒྱུ་མ་ལྟར་རྟོགས་ཀྱང་། །འགྲོ་ལ་སྙིང་བརྩེའི་སྤྱོད་པ་མི་དོར་ཞིང་།།
ཐབས་མཁས་ཐུགས་རྗེ་ཅན་གྱིས་རྗེས་བཟུང་ནས། །འགྲོ་ཀུན་ཁྱེད་བཞིན་འགྱུར་བར་བྱིན་གྱིས་རློབས།།
འཆི་ཁ་སྙིང་གི་འོད་ཀྱི་གོང་བུ་ཉིད། །ལས་ཀྱིས་རླུང་གིས་བསྐུལ་ཏེ་སྐར་མདའ་ལྟར།།
བར་དོ་མེད་པར་མཁའ་སྤྱོད་བགྲོད་པ་དང་། །དབྱིངས་རིག་དབྱེར་མེད་འགྲུབ་པར་བྱིན་གྱིས་རློབས།།
གསང་ངག་ལམ་གྱི་རྩ་བ་དྲིན་ཆེན་རྗེ། །ཡོན་ཏན་ཀུན་གྱི་གཞི་རུ་ལེགས་མཐོང་ནས།།
སྤྱི་བོར་བསྒོམ་ནས་རྩེ་གཅིག་གསོལ་འདེབས་ན། །བདག་རྒྱུད་བྱིན་གྱིས་རློབས་ཤིག་བླ་མ་མཁྱེན།།
ཞེས་པ་འདི་ནི་བླ་མ་ས་སྐྱ་པ་ཆེན་པོའི་འདས་མཆོད་ཉིན་སྨར་ཁམས་པ་སྟག་ལྗོངས་འཆི་མེད་ཀྱིས་གང་དྲན་མགྱོགས་པར་སྦྱར་བའོ།། 
རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*