སྐྱབས་མགོན་གོང་མ་ཡབ་སྲས་དང་ས་སྐྱའི་བླ་ཆེན་ཁག་གི་མཛད་འཕྲིན་སྙིང་བསྡུས།

དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་ཨ་རི་མངའ་སྡེ་ཁག་ཁ་ཤས་ནང་དུ་ཆིབས་བསྒྱུར་དང་མི་མང་ལ་བཀའ་སློབ་ལམ་སྟོན་དང་གནད་ཡོད་མི་སྣ་མཇལ་འཛོམས་གནང་འདུག   དེ་བཞིན་དུ་༧ སྐྱབས་མགོན་གོང་མ་ཁྲི་འཛིན་ ༤༢ པ་མཆོག་སོག་པོའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོར་འགྲོ་མགོན་ཆོས་རྒྱལ་འཕགས་པས་སོག་ཡིག་གྲུ་བཞི་མ་མཛད་ནས་ལོ་ ༧༥༠ འཁོར་བའི་རྗེས་དྲན་རྒྱལ་སྤྱིའི་ཚོགས་འདུ་ཞིག་འཚོགས་པའི་ཚོགས་མགོན་དུ་ཞབས་སོར་བཀྲིན་བསྐྱངས་ནས་དབུ་འབྱེད་མཛད་སྒོར་སྤྱིར་ཧོར་བོད་འབྲེལ་བའི་སྐོར་དང་ལྷག་པར་དུ་ས་སྐྱ་དང་སོག་པོའི་འབྲེལ་བའི་བྱུང་རིམ་སོགས་ཀྱི་སྐོར་བཀའ་སློབ་གནང་འདུག    སོག་ཡུལ་དུ་སྐལ་ལྡན་གྱི་གདུལ་བྱ་དོན་གཉེར་ཅན་རྣམས་ལ་དཔལ་ས་སྐྱའི་གསེར་ཆོས་བཅུ་གསུམ་གྱི་བཀའ་དབང་གནང་དང་གནང་མུས་རེད་འདུག 

སྐྱབས་རྗེ་འཁོན་གདུང་ ༧ སྐྱབས་རྗེ་ཛྙཱ་ན་བཛྲ་རིན་པོ་ཆེ་མཆོག་ནས་ཐེ་ཝན་མཚོ་གླིང་སོགས་སུ་དེང་བསྟན་འགྲོའི་མཛད་འཕྲིན་སྐྱོང་གནང་མུས་རེད་འདུག 

དཔལ་ས་སྐྱའི་ཕུན་ཚོག་ཕོ་བྲང་གི་འཁོན་གདུང་ ༧ སྐྱབས་རྗེ་ཨ་བི་ཀྲྀ་ཏ་བཛྲ་རིན་པོ་ཆེ་མཆོག་ནས་བལ་ཡུལ་པོག་ར་པདྨ་ཚལ་དགོན་དུ་ཕུར་པ་རྡོ་རྗེ་གཞོན་ནུའི་བཀའ་དབང་དང་སྦྲགས། ཆོས་ཞུ་བ་ཚོར་བོད་དང་བལ་པོའི་སྐད་ཡིག་༼སང་ཀྲི་ཏ༽ནི་ནང་ཆོས་སློབ་སྦྱོང་བ་ཚོར་དམིགས་གསལ་གལ་ཆེ་བའི་སྐད་ཡིག་ཞིག་ཡིན་ཙང་དེ་ཉིད་མི་ཉམས་གོང་འཕེལ་གཏོང་རྒྱུ་ཧ་ཆང་གལ་ཆེ་སྐོར་བླང་དོར་བཀའ་སློབ་ཟབ་རྒྱས་སྩལ་གནང་འདུག  

རྒྱ་གར་བྱང་ཕྱོགས་ས་གནས་མ་ནཱ་ལི་རུ་དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་༧སྐྱབས་མགོན་༧གོང་མ་འཇིགས་བྲལ་བདག་ཆེན་རྡོ་རྗེ་འཆང་མཆོག་གྱི་འདས་མཆོད་ཉིན་ལ་སྐུའི་ཚྭ་བོ་༧སྐྱབས་མཆོག་འཁོར་ལོའི་མགོན་པོ་འཁོན་གདུང་ཨ་སངྒ་བཛྲ་རིན་པོ་ཆེ་མཆོག་གི་དབུས་པའི་མཁན་སྤྲུལ་ཁོ་ཆག་རིན་པོ་ཆེ་དང་བླ་སྤྲུལ་དགེ་འདུན་འདུས་པ་ཡོངས་ཀྱིས་སྔ་དྲོ་ལམ་བྲས་བླ་མཆོད་ཆོ་ག་དང་ཕྱི་དྲོ་བསྐང་གསོ་དང་ཚོགས་འབུམ་རྒྱ་ཆེན་མཛད་གནང་འདུག  

སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་མཆོག་ཉེ་ཆར་ཐན་ཝེན་ཕྱོགས་སུ་ཆིབས་བསྒྱུར་དང་དཔལ་ས་སྐྱའི་ཆོས་ཚོགས་ཁག་གི་བླ་མ་དང་དགེ་འདུན་ཡོངས་ནས་བདེ་བར་གཤེགས་པ་མཁན་རིན་པོ་ཆེ་ཀུན་དགའ་ཕྱུག་དབང་མཆོག་གི་དགོངས་རྫོགས་མཆོད་འབུམ་སོགས་གནང་འདུག 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*