ཡི་གེ་རྩོམ་མི་སྤྲུལ་བའི་སངས་རྒྱས།

དེ་རིང་སྟེ་ཕྱི་ལོ་ ༢༠༡༩ ཟླ་ ༠༥ ཚེས་ ༣༠ ཉིན་དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན་ ༤༢ པ་མཆོག་གིས་སོག་པོའི་རྒྱལ་ཡོངས་གཙུག་ལག་སློབ་གྲྭ་ཆེན་མོར་འགྲོ་མགོན་ཆོས་རྒྱལ་འཕགས་པས་སོག་ཡིག་གྲུ་བཞི་མ་མཛད་ནས་ལོ་ ༧༥༠ འཁོར་བའི་རྗེས་དྲན་རྒྱལ་སྤྱིའི་ཚོགས་འདུ་ཞིག་འཚོགས་པའི་ཚོགས་མགོན་དུ་ཞབས་སོར་བཀྲིན་བསྐྱངས་ནས་དབུ་འབྱེད་མཛད་སྒོར་སྤྱིར་ཧོར་བོད་འབྲེལ་བའི་སྐོར་དང་ལྷག་པར་དུ་ས་སྐྱ་དང་སོག་པོའི་འབྲེལ་བའི་བྱུང་རིམ་སོགས་ཀྱི་སྐོར་བཀའ་སློབ་གནང་ཡོད་འདུག །

དེ་ཡང་དགུང་ལོ་བཅུ་ལས་སོན་མེད་པའི་འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པ་ཆོས་རྗེ་ས་པཎ་དང་ལྷན་དུ་ཆེན་པོ་ཧོར་གྱི་རྒྱལ་ཁམས་སུ་ཕེབས། ཧོར་གྱི་ཡུལ་ཆོས་རྗེ་བླ་མ་བདེ་བར་མ་གཤེགས་བར་དུ་ཧོར་གྱི་ཡུལ་དུ་ལོ་མང་བཞུགས་ནས་གསན་བསམ་མཐར་ཕྱིན་མཛད་པ་མ་ཚད། སྤྱིར་རྒྱལ་ཁམས་བདེ་བ་དང་། ཡང་དགོས་བོད་འབངས་རྣམས་སྡུག་ངལ་ལས་བསྐྱབས་པ་མཛད་པའི་འཕྲིན་ལས་ནི་སུས་ཀྱང་འགྲན་དུ་མི་བཟོད་པ་ཞིག་ཏུ་གྱུར་ཡོད།

ཆོས་རྗེ་ས་པཎ་དང་གོ་དན་རྒྱལ་པོ་གཉིས་དགོངས་པ་རྫོགས་རྗེས་ཁོང་གིས་སླར་ཡང་སེ་ཆེན་རྒྱལ་པོ་དང་འབྲེལ་འདྲེས་གནང་ནས་འགྲོ་མགོན་འཕགས་པས་ཧོར་སེ་ཆེན་རྒྱལ་པོར་དབང་བསྐུར་ལན་གསུམ་མཛད་པར་དང་པོའི་དབང་ཡོན་ལ་ཁྲི་སྐོར་བཅུ་གསུམ་དང་། གཉིས་པའི་དབང་ཡོན་ལ་ཆོལ་ཁ་གསུམ་གཙོས་པའི་བོད་ཡུལ་རྣམས་ཕུལ་བ་དང་། གསུམ་པའི་དབང་ཡོན་ལ་རྒྱའི་མི་ཡུར་ཆེན་མོ་བྱ་བ་སྟེ་ལོ་རེ་བཞིན་རྒྱ་མི་མང་པོ་ཁྱུ་འདེད་ཀྱིས་རྨ་ཆུར་འཕེན་པའི་རྒྱུན་བཅད་པ་སོགས་རྒྱ་བོད་མི་རིགས་གཉིས་ཀ་ཕན་པའི་མཛད་འཕྲིན་རླབས་ཆེན་བསྐྱངས། 

སེ་ཆེན་རྒྱལ་པོའི་ཐུགས་རེ་བཞིན་འགྲོ་མགོན་འཕགས་པས་ཧོར་ཡིག་གི་སྲོལ་གསར་བཏོད་མཛད་ནས་ཡིག་ཕུད་རྒྱལ་པོར་ཕུལ་བ་ལ་རྒྱལ་པོ་ཐུགས་ཤིན་ཏུ་དགྱེས་ནས་འགྲོ་མགོན་འཕགས་པར“གནམ་གྱི་འོག་སའི་སྟེང་། རྒྱ་གར་གྱི་ལྷའི་སྲས་པོ། ཡི་གེ་རྩོམ་མི་སྤྲུལ་བའི་སངས་རྒྱས། རྒྱལ་ཁམས་འཇགས་སུ་འཇུག་མི། སྙན་ངག་གི་རྒྱུ། པཎྜི་ཏ་འཕགས་པ་ཏཱི་ཤྲི”ཞེས་པའི་མཚན་བསྟོད་དང་ཟང་ཟིང་གི་དངོས་འབུལ་ཕུན་སུམ་ཚོགས་པས་མཉེས་པ་བྱས། འགྲོ་མགོན་འཕགས་པས་གསར་བཏོད་གནང་བའི་ཧོར་ཡིག་ཅེས་པ་འདི་ནི་བོད་ཡིག་གསལ་བྱེད་རྨང་གཞི་བྱས་ནས་གོང་ནས་འོག་ཏུ་གྲུ་བཞི་འཁོར་མར་འབྲི་རྒྱུ་ཞིག་བསྐྲུན་ཡོད་ལ། དེའང་ཡོན་རྒྱལ་རབས་ཀྱི་མཇུག་བར་དུ་མཐོ་རིམ་ནང་ཁུལ་དུ་ཕལ་ཆེར་ལོ་ངོ་བརྒྱ་ཉེ་བར་བེད་སྤྱོད་བྱས་མྱོང་བར་བཤད་ལ། དུས་ཕྱིས་མ་བཀོལ་བས་ལོ་རྒྱུས་སྟེང་གི་ཡིག་རིགས་རྙིང་པར་གྱུར། དེང་སྐབས་ཡིག་རིགས་འདི་སོག་པོའི་རྒྱལ་ནང་དུ་གཞུང་འབྲེལ་གྱི་བེད་སྤོད་བྱེད་ཀྱི་མེད་ཀྱང་མི་རིགས་རང་གི་ཡི་གེ་ཡིན་པ་དང་། གསར་བཏོད་མཛད་མཁན་ཆོས་རྒྱལ་འཕགས་པ་ཡིན་པ་སོགས་ཀྱི་འདོད་ཚུལ་ནི་གཅིག་མཚུངས་སུ་སྣང་། དེང་སྐབས་བོད་ཀྱི་དགོན་སྡེ་དང་ལྷ་ཁང་འགའ་རེའི་སྒོ་ཆེན་སོགས་ལ་འབྲི་སྲོལ་མཆིས། 

གོང་གསལ་རྒྱལ་པོའི་བཀའ་ཡིག་དེ་བཞིན་ཕྱི་ལོ་ ༡༢༧༠ ལོར་གནང་བ་ཞིག་ཡིན་ཚུལ་རྒྱ་བོད་ཀྱི་ལོ་རྒྱུས་ཡིག་ཚགས་ཁག་ལ་མཇལ་མྱོང་། དེ་ལྟར་ན་བཀའ་ལུང་དེ་བཞིན་འཕགས་པས་ཡི་གེ་མཛད་ཚར་མཚམས་དེ་མ་ཐག་ཏུ་གནང་བ་ཞིག་གམ་ཡང་ན་ལོ་གཅིག་གི་རྗེས་སུ་གནང་བ་ཞིག་ཡིན་མིན་སོགས་ནི་གསལ་ཆ་གང་ཡང་མ་མཐོང་། གང་ལྟར་ཕྱི་ལོ་ ༡༢༦༩ དང་ ༡༢༧༠ ལོ་སྔ་ཕྱི་གང་དུ་གསར་བཏོད་མཛད་ཡོད་ཀྱང་། ད་ལོའང་སང་ལོ་གང་རུང་ཞིག་ལ་ལོ་ ༧༥༠ ཧྲིལ་པོ་འཁོར་གྱི་ཡོད་འདུག 

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*