
ཀུན་མཁྱེན་གོ་རམས་པའི་རྟོགས་བརྗོད།
རྩོམ་པ་པོ་རྒྱང་མཁར་མདའ་སྨྱུག
མདོ་ཁམས་འབོམ་གྱི་ཡུལ་ནས་མཚན་དཔེ་བཞད་ཅིང་།།
འཕྲིན་ལས་རིག་པའི་གཟི་འོད་གླིང་ལ་ཁྱབ་པ།།
བུདྷའི་ཕྲེང་བ་སྨུག་པོ་གནམ་ལ་འཕྱར་ཏེ།།
དཔྱད་འཚོལ་རིག་པའི་འབོག་སྒྲིལ་རྒྱབ་ཏུ་འཁུར་བ།།
བློ་སྟོབས་རིག་པའི་གད་རྒྱང་ས་ན་སྒྲོག་ཅིང་།།
ལུང་རིགས་རྩོད་པའི་ངར་སྒྲ་འདི་ན་འུར་བ།།
གོ་བོ་མཚན་གྱི་ཅོད་པན་དབུ་ན་མཛེས་ཤིང་།།
དཔྱད་གསུམ་རིག་པའི་མེ་ཏོག་ས་ལ་འཕོས་པ།།
སྨྲ་བ་ངག་གི་འགྱུར་ཁུགས་གསུང་ལ་ཐིམ་ཞིང་།།
རྣམ་དཔྱོད་ཐུགས་ཀྱི་བུམ་བཟང་གཡང་དུ་འཇོ་བ།།
རྒོལ་ངན་སྲིན་བྱའི་ཁྱུ་ཚོགས་གདན་དུ་བཅིལ་ཅིང་།།
མི་འཇིགས་སེང་གེའི་རལ་པ་གྱེན་དུ་མཛེས་པ།།
མཐའ་བྲལ་ལྟ་བའི་དགག་བཞག་ངོ་མཚར་ཆེ་ཞིང་།།
མན་ངག་ཕར་ཕྱིན་བཀའ་སྲོལ་གདེང་དང་ལྡན་པ།།
བཤད་པ་རིག་པའི་གླེང་བརྗོད་མཚར་དུ་དངར་ལ།།
སྒྲུབ་སྔགས་སྙིང་པོའི་གདམས་པ་ཐུགས་ན་མངའ་བ།།
ཟབ་དོན་གཞུང་ལུགས་རྣམ་བཞག་སྒྲོས་པ་གཙང་ཞིང་།།
ཇི་སྙེད་ཤེས་བྱའི་གནས་ལུགས་མཁྱེན་རྒྱ་ཡངས་པ།།
གནམ་ལྕགས་རིགས་པའི་དགག་སྒྲུབ་རྣོ་ཁ་བཙན་ཅིང་།།
དྲི་མེད་རང་ལུགས་མན་ངག་བཙན་ས་ཟིན་པ།།
བཀའ་པོད་གཞུང་གི་དོགས་སློང་གནད་དུ་བསྣུན་ཅིང་།།
དཀའ་གནད་བརྗོད་བྱའི་ཟབ་དོན་གཅིག་ཏུ་བསྒྲིལ་བ།།
མདོ་སྔགས་མཁས་པའི་སྤྱི་ནོར་གསེར་གྱི་ཡང་ཞུན།།
ས་བསྟན་གོང་མའི་རིང་ལུགས་ཕྱོགས་སུ་སྤེལ་བ།།
འདི་ན་སྨྲ་བའི་ཉི་མ་གོ་རམས་ཆོས་རྗེར།།
བསྟོད་པའི་སྙན་ཚིག་ཆོ་ལོ་ཁོང་ནས་ཤོར་ཐལ།།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།
You must be logged in to post a comment.