གླིང་གེ་ས་ཡོད་མེད་ལ་དཔྱད་པ་བཀའ་སྲུང་དགྱེས་པའི་མཆོད་སྤྲིན་ལ་གེ་སར་ཁྲོམ་ཆེན་ཟིལ་གནོན།

མཁས་པ་པདྨ་བློ་གྲོས་མཆོག་ལ་གྲོས་སུ་མོལ་བ་གེ་སར་ཁྲོམ་ཆེན་ཟིལ་གནོན།

ཐུགས་ཀྱི་འཁོར་ཕྱོགས་རིགས་པའི་འོད་དང་ལྡན།།རྒྱུན་གྱི་སྤྱོད་པ་འདྲིས་བཟང་གྲོགས་ཀྱི་མཆོག།དགག་སྒྲུབ་སྨྲ་བའི་མགྲིན་པ་མ་འགག་པའི།།ཡུན་རིང་འདྲིས་པའི་གྲོགས་ལ་སྐད་འདི་ཕུལ།།སྔ་ཕྱི་ཚིག་ལ་སེང་གེས་གཟིགས་སྟངས་གཅིག།གྲལ་གང་གཏམ་ལ་ཟླ་བའི་དབྱིབས་འདྲ་གཉིས།།ཚིག་ཉུང་ངོས་གཙང་དོན་གསལ་མེ་ལོང་གསུམ།།སྐད་ཆ་འདི་འདྲ་བཤད་ན་དགོས་པ་ཆེ།།གཞན་གྱི་གཏམ་ལ་རིག་པ་གཏད་ནས་ཉོན།།རང་གི་ཚིག་ལ་སྔོན་དུ་བརྟགས་ནས་ཤོད།།བདེན་དང་རྫུན་ཞེས་ཐོག་མར་རང་ལ་དྲིས།།སྐད་ཆ་འདི་འདྲ་བཤད་ན་མཁས་པ་ཡིན།།གཏམ་གྱི་དཔེ་འཇོག་ཆུ་ཟླ་གསལ་འདྲ་གཅིག།དོན་གྱི་གནད་འབྱིན་མདའ་མོ་འབེན་ཕོག་གཉིས།།གནད་ལ་དཔྱད་པ་ནམ་ལངས་ཉི་ཤར་གསུམ།།འདི་གསུམ་ཡོད་ན་མཁས་པའི་མདུན་དུ་མཛེས།།མཁྱེན་བརྩེ་མི་ཕམ་ཆོས་བློ་བྲག་དགོན་པས།།གེ་སར་ཡོད་ཅེས་གསུངས་པ་གང་གིས་འགོག།དགེ་ཆོས་མཁས་པས་གུད་དུ་མེད་ཟེར་བར།།མེད་པར་འགྲེལ་བའི་མཁས་པ་ཁྱེད་འདྲ་མེད།།ཚེ་གཏན་ཞབས་དྲུང་དུང་དཀར་དམུ་དགེ་སོགས།།གེ་སར་བཞེད་པའི་མཁས་པ་གྲལ་གང་ལ།།དགེ་ཆོས་ཚིག་གིས་གུད་དུ་མེད་ཟེར་བར།།འགོག་བྱེད་དྲངས་པ་འཇག་མའི་མདའ་མོ་འདྲ།།རྒྱུད་ཀྱི་གཞུང་ལས་དངོས་སུ་མ་བསྟན་པས།།དམ་ཆོས་སྲུང་མའི་རིགས་སུ་མི་འཐད་ན།།སྲུང་མ་བསེ་ཁྲབ་དམག་ཟོར་རྒྱལ་མོ་སོགས།།རེ་རེ་རྒྱུད་དང་གཞུང་གིས་བསྟན་པ་སྨྲོས།།གལ་སྲིད་ཡོད་ཀྱང་ཇག་དཔོན་ཡིན་པ་དང་།།བསང་མཆོད་ཙམ་གྱི་རྟེན་དུ་ཆོག་པ་འགལ།།ཇག་དཔོན་བསང་མཆོད་རྟེན་དུ་བྱེད་རུང་ན།།བུ་ལོང་མ་ལ་བསང་མཆོད་གྱིས་ཤིས་ཨང་།།ཇག་པའི་རྣམ་པ་སྣང་བས་དེ་ཡིན་ན།།སྲིན་པོའི་རྣམ་པ་སྣང་ན་སྲིན་པོ་རུ།།གྱུར་ན་སྲུང་མ་ཕལ་ཆེ་སྲིན་པོ་ཉིད།།འགྱུར་བའི་ཉེས་པ་ཁྱོད་ཀྱི་སྐལ་དུ་བབ།།གེ་སར་སྐྱབས་སུ་བསྟེན་པ་རྣམས།།སྐྱབས་འགྲོའི་སྡོམ་པ་མེད་པ་དང་།།མགོན་པོ་སྐྱབས་སུ་བཟུང་བ་རྣམས།།སྡོམ་པ་ཡོད་པའི་རྒྱུ་མཚན་གང་།།དུས་གསུམ་རྒྱལ་བའི་འཕྲིན་ལས་ཀུན།།དཔའ་བོའི་གཟུགས་སུ་སྣང་བ་ལ།།སྐྱབས་འགྲོའི་སྡོམ་པ་འཇིག་དགོས་ན།།ཕྱོགས་བཅུའི་རྒྱལ་བའི་འཕྲིན་ལས་ཀུན།།བུད་མེད་རྟེན་དུ་སྣང་བ་ཡང་།།སྐྱབས་འགྲོ་འཇིག་པའི་རྒྱུ་རུ་འགྱུར།།དེས་ན་སྒྲོལ་མར་སྐྱབས་བཟུང་བའི།།མི་རྣམས་ཤིན་ཏུ་རྨོངས་པར་གྱུར།།འཇིག་རྟེན་པ་ཡི་དྲེགས་པ་ལ།།སྐྱབས་སུ་བཟུང་ན་གནད་ཆུག་མོད།།དུས་གསུམ་རྒྱལ་བའི་རོལ་བ་ལ།།སྐྱབས་སུ་བཟུང་ན་ཉེས་པ་ཅི།།འོ་ན་འཇིག་རྟེན་གསུམ་མགོན་ལ།།སྙིང་རྗེས་གཟུགས་སུ་སྣང་བ་འགལ།།དེ་འདྲ་སྐྱེས་བུ་བཅུ་གཅིག་ཞལ།།དངོས་ཡོད་ལོ་རྒྱུས་ཁྲོད་ན་མེད།།ཅི་སྟེ་ཉམས་ལེན་མ་ཆུག་ན།།དེ་འདྲ་སྒོམ་པའི་རྟེན་རུང་ན།།དེས་ན་གེ་སར་ཅིས་མི་རུང་།།གེ་སར་ཞེས་པའི་མིང་བཟུང་ནས།།ངོ་བོ་སྒོམ་པའི་གནད་ཆུག་ན།།དགོན་པོ་ཞེས་པའི་མཚན་བཟུང་ནས།།མགོན་པོ་སྒོམ་ཡང་འདྲེ་རུ་འགྱུར།།ནང་བསྟན་གཞུང་དུ་གྲགས་པ་ཡི།།ལྷ་དང་སྲུང་མ་མང་པོ་ཞིག།ཕྱི་རོལ་པ་ཡི་གཞུང་དུ་ཡོད།།འོན་ཀྱང་ཉམས་ལེན་མ་ནོར་ན།།དངོས་གྲུབ་སྒྲུབ་པའི་གྲོགས་སུ་རུང་།།གེ་སར་རྙིང་མའི་སྲུང་མ་དང་།།མགོན་པོ་ས་སྐྱའི་སྲུང་མ་རུ།།སྒྲུབ་པར་མུ་ཅོར་སྨྲ་བ་སྟེ།།དེ་གཉིས་ས་སྐྱ་རྙིང་མ་ཞེས།།འཇིག་རྟེན་བྱེད་པོ་གང་གིས་བྱས།།བསྟེན་པའི་གང་ཟག་ཁྱད་ཙམ་གྱིས།།ལྷ་དེར་ས་རྙིང་ཇི་ལྟར་འབྱེད།།འདི་འདྲ་སྨྲ་བར་དགོས་པ་ཆུང་།།རྣམ་པ་དཔའ་བོའི་གཟུགས་སུ་སྣང་བ་དང་།།དངོས་ཡོད་ལོ་རྒྱུས་བསྒྲིགས་ནས་སྨྲ་བ་སོགས།།གེ་སར་འགོག་པའི་སྦྱོར་བ་བཤམས་པ་འདི།།སྐབས་དང་ངོ་བོ་སོ་སོར་མ་ཕྱེས་བར།།བསྲེས་ནས་གང་དྲན་སྨྲས་པའི་སྐྱོན་འདུག་སྙམ།།མ་བཅོས་སྤྱོད་པ་ཚུལ་གནས་ཐོས་དང་ལྡན།།ཟབ་མོའི་གཞུང་གི་ཚིག་དོན་སྨྲ་བར་མཁས།།ཆེ་ཚུགས་མེད་ཀྱང་དོན་གྱི་ཆེ་བ་ཅན།།ཆོས་ཀྱི་མཆེད་པོ་གང་དེའི་མདུན་དུ་སྤྲིངས།།དེ་སྐད་སྨྲ་བའི་བདག་གི་སེམས།།གཡོ་དང་སྒྱུ་ཡིས་མ་བསླུས་ཤིང་།།གཏམ་དང་ཞེན་པས་མ་བཅིངས་བར།།དྲན་ཚུལ་གཙང་མའི་འགྲོས་ཙམ་ཞིག །ཡི་གེའི་གཟུགས་སུ་ཉེ་བར་བཀོད།།ཚིག་འདིར་རྫུན་དང་ཕྲ་མའི་ཆ།།ཕྱོགས་ཙམ་མེད་པར་སེམས་ན་ཡང་།།སྨྲ་མང་ཉེས་པའི་གཏེར་ཡིན་པས།།ནོར་བ་མཆིས་ན་འཐོལ་ཞིང་བཤགས།།

     ཞེས་པ་རྫ་བ་ཚུལ་ཁྲིམས་ནོར་བུས་ཤར་མར་བྲིས་པའོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*