སྤྱང་གྲུང་འཛོམས་པའི་ལྷ་མོ་སྔོན་མོ། མུ་འགོད་སྒྲུང་ཐུང་ཁག


སྒྲུང་ཐུང་བརྒྱད་པ། <<སྤྱང་གྲུང་འཛོམས་པའི་ལྷ་མོ་སྔོན་མོ།>>

                                  —ཐང་གླུད་ཀྱིས་བསྒྱུར།

གནའ་སྔ་མོ་ཞིག་ལ། ལྷའི་རྒྱལ་མོས་ལྷ་མོ་སྔོན་མོ་རྫུ་འཕྲུལ་གྱི་ལྡུམ་རྭ་ནས་དངུལ་གྱི་རྒུན་འབྲུམ་ཆུན་པོ་ཞིག་འཐུ་བར་བཏང་། ལྷ་མོ་སྔོན་མོ་འགྲོ་བའི་ལམ་ཁ་ནས་གདུག་རྩུབ་ཅན་གྱི་གླག་རྒོད་ཀྱིས་བཟུང་བའི་ལྷ་མོ་དམར་མོ་ལ་ཐུག   ལྷ་མོ་སྔོན་མོས་རྫུ་འཕྲུལ་གྱིས་གླག་རྒོད་ཕམ་ཉེས་སུ་བཏང་སྟེ་ལྷ་མོ་དམར་མོ་བསྐྱབས།  

བཀའ་དྲིན་བསམ་ཤེས་ཅན་གྱི་ལྷ་མོ་དམར་མོས “ངས་རྫུ་འཕྲུལ་གྱི་ལྡུམ་རྭ་གང་དུ་ཡོད་ཤེས། དེ་ནི་གཏུམ་དྲག་འབར་བའི་གནོད་སྦྱིན་ཞིག་གིས་འགོག་སྲུང་བྱེད་ཀྱི་ཡོད། འོན་ཀྱང་། ལྷ་ཡུལ་འཕྲག་སྟེང་དུ་འདེགས་པའི་ངའི་སྤུན་མཆེད་ཝིན་ཁལ་གྱིས། ལས་སླ་བོའི་ངང་ནས་ཁྱེད་ལ་དངུལ་གྱི་རྒུན་འབྲུམ་ལེན་རོགས་བྱེད་ཐུབ་ངེས་ཡིན་” ཞེས་བཤད་དོ།།

དེར་བརྟེན།  ལྷ་མོ་སྔོན་མོ་ཝིན་ཁལ་ལ་ཐུག་ཏུ་སོང་སྟེ“སྐུ་མཁྱེན། ང་ལ་དངུལ་གྱི་རྒུན་འབྲུམ་རྣམས་ལེན་རོགས་གནོངས་དང་། སྐུ་ཉིད་ཕྱིར་མ་ཕེབས་བར་དུ་ངས་ཁྱེད་ཀྱི་ཁུར་པོ་འཁུར་ཐུབ”ཅེས་ཞུ་བ་ཕུལ། 

ཝིན་ཁལ་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ངོས་ལེན་བྱས་ཏེ། རང་གི་འཕྲག་སྟེང་གི་ལྗིད་ཁོག་དེ་ལྷ་མོ་སྔོན་མོའི་འཕྲག་སྟེང་དུ་སྤར་ནས། དངུལ་གྱི་རྒུན་འབྲུམ་རྣམས་ལེན་དུ་ཕྱིན།    ཝིན་ཁལ་གྱིས་དངུལ་གྱི་རྒུན་འབྲུམ་རྣམས་ཁྱེར་ནས་ཕྱིར་འབྱོར་ན་ཡང་། ལྷ་མོ་སྔོན་མོའི་འཕྲག་སྟེང་གི་ལྗིད་ཁོག་དེ་ཕྱིར་ལེན་པར་འཐད་པ་མ་བྱུང་།   

སྤྱང་གྲུང་འཛོམས་པའི་ལྷ་མོ་སྔོན་མོས་ཝིན་ཁལ་ལ། “སྐུ་མཁྱེན་ལགས། ངས་སྔས་འབོལ་ཞིག་ལེན་པའི་བར་དུ་ཁྱེད་ཀྱིས་འཁྱུག་ཙམ་ལ་ངའི་ཚབ་བྱས་ནས་འདི་འདེགས་རོགས” ཞེས་བཤད་པ་ན།  

ཝིན་ཁལ་གྱིས་དང་ལེན་བྱས་ཏེ་ལྷ་མོ་སྔོན་མོའི་འཕྲག་སྟེང་གི་ལྕིད་ཁོག་དེ་ཕྱིར་བླངས་པ་དང་།  ལྷ་མོ་སྔོན་མོས་ལམ་སེང་དངུལ་གྱི་རྒུན་འབྲུམ་ཆུན་པོ་དེ་བླངས་ནས་བྲོས་པའོ།།     ༢༠༡༩/༥/༡༠གཟའ་པ་སངས།

སྒྲུང་ཐུང་དགུ་པ། <<མེ་ཏོག་དམར་པོ།>>

                   —ཐང་གླུད་ཀྱིས་བསྒྱུར།

བདུད་རྒན་མ་ཞིག་ནགས་ཚལ་ཁྲོད་ཀྱི་མཁར་རྫོང་ཞིག་ཏུ་བསྡད་ཡོད།    ན་ཆུང་བུ་མོ་སུ་ཞིག་མོའི་མཁར་རྫོང་གི་ཉེ་འགྲམ་དུ་ཡོང་བ་ན། མོས་བུ་མོ་དེ་བྱིའུ་ཞིག་ཏུ་བསྒྱུར་ཏེ་བྱིའུ་སྒྲོམ་ནང་དུ་འཇུག་གི་ཡོད།   མོའི་མཁར་རྫོང་ན་བུ་མོ་བྱིའུ་བསྒྱུར་ནས་བྱིའུ་སྒྲོམ་དུ་བཅུག་པའི་བྱིའུ་སྒྲོམ་འགའ་ཤས་མཆིས།

ཨི་བཱ་དང་ཨི་ཐན་ཞེས་པའི་ན་ཆུང་ཁྱོ་ཤུག་གཉིས་ཀྱིས་གནས་ཚུལ་དེ་མ་རྟོགས་པར། འདྲེ་མོའི་མཁར་རྫོང་གི་ཆེས་ཉེར་སར་འཁྱམ་མྱུལ་ལ་ཕྱིན་འདུག ཡིད་སྐྱོ་བ་ཞིག་ལ།   ཆུང་མ་ཨི་བཱ་བྱ་ཀ་ལ་པིང་ཀ་ཞིག་ལ་གྱུར་པ་དང་ཁྱོ་ག་ཨི་ཐན་ནི་འཇིམ་སྐུ་ཞིག་ཏུ་གྱུར།   འདྲེ་མོས་ཨི་བཱ་བྱིའུ་སྒྲོམ་དུ་བཅུག་ནས་ཁྱེར་ཡོད།   འདྲེ་མོ་སོང་བ་དང་ཁྱོ་ག་ཨི་ཐན་ཕྱིར་གསོན་པོར་གྱུར། 

ཁོས་རང་གི་ཆུང་མ་ཨི་བཱ་འདྲེ་མོའི་ལག་ནས་ཐར་བ་ལ་ཐབས་ལམ་འཚོལ་བཞིན་པའི་སྐབས་དེར།  ལྷ་མོ་ཞིག་ཁོའི་མདུན་ལ་སླེབས་པ་དང་།  ཁོས་ལྷ་མོ་ལ་རང་གི་སྙིང་སྡུག་མ་འདྲེ་མོས་བྱིའུ་ཞིག་ལ་བསྒྱུར་བ་དང་། བྱིའུ་སྒྲོམ་དུ་བཅུག་ཚུལ་སོགས་ཅི་བཞིན་བཤད།    དེ་ནས་ལྷ་མོས་ཨི་ཐན་ཁྲག་གི་མེ་ཏོག་དམར་པོའི་དཀྱིལ་ལ། མུ་ཏིག་ཡོད་པ་ཞིག་ཡོད་སར་ཁྲིད་ནས་ལམ་སྟོན་འགའ་གནང་།   ཨི་ཐན་གྱིས་ལྷ་མོས་གནང་བའི་ཁྲག་གི་མེ་ཏོག་དེ་ཁྱེར་ནས་འདྲེ་མོའི་མཁར་རྫོང་ལ་ཕྱིན། 

འདྲེ་མོའི་མཁར་རྫོང་གི་ཉེ་སར་འབྱོར་བ་དང་།  ཨི་ཐན་གྱིས་ལྷ་མོའི་ལམ་སྟོན་གཞིར་བཟུང་བྱས་ཏེ། འདྲེ་མོས་མི་ཤེས་སར་མཁར་རྫོང་ནང་དུ་ག་ལེར་འཇབ་ནས་ཕྱིན་ཏེ།   ཁྲག་གི་མེ་ཏོག་དམར་པོ་དེས་འདྲེ་མོ་ལ་རེག་པ་ན། འདྲེ་མོའི་རྫུ་འཕྲུལ་གྱི་ནུས་པ་ཡོངས་རྫོགས་མེད་པར་གྱུར་པས། ད་མོས་སུ་ལའང་གནོད་འཚེ་གཏོང་མི་ཐུབ།   དེ་ནས་ཁོས་མེ་ཏོག་དེ་རང་གི་ཆུང་མ་ཕྱིར་མིར་འགྱུར་བར་བེད་སྤྱོད་བྱས་པ་མ་ཟད། ཁོ་མོ་དང་འདྲ་བའི་བྱིའུ་ལ་གྱུར་བའི་བུ་མོ་རྣམས་ཕྱིར་མི་ལ་འགྱུར་དུ་བཅུག

མཐར་ཨི་བཱ་དང་ཨི་ཐན་ཁྱོ་ཤུག་གཉིས་དགའ་ཞིང་སྤྲོ་བའི་ངང་ནས་རང་གི་ཁྱིམ་ལ་ཕྱིར་ལོག་གོ།

༢༠༡༩/༥/༡༡གཟའ་སྤེན་པ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*