གླིང་གེ་སར་ཡོད་མེད་ལ་དཔྱད་པ་བཀའ་སྲུང་དགྱེས་པའི་མཆོད་སྤྲིན།

་སར་ལ་དཔྱད་པ་ཡིད་དམ་བཀའ་སྲུང་དགྱེས་པའི་མཆོད་སྤྲིན།

ཡིད་དམ་རྒྱུད་སྡེའི་ལྷ་ཚོགས་ལ།།

གུས་པས་འདུད་དེ་བདག་གིས་ནི།།

གེ་སར་རྒྱལ་པོ་གང་ཡིན་དཔྱད།།

ད་ལྟའི་ས་དགོན་འགའ་ཞིག་ལ།།

བླ་མ་གཞན་གྱི་ཤུགས་རྐྱེན་གྱིས།།

གེ་སར་རྒྱལ་པོ་ཞེས་བྱ་བ།།

ཡིད་དམ་སྲུང་མ་བྱེད་སྲོལ་དར།།

དེ་ལ་རེ་ཞིག་བརྟག་པར་བྱ།།

གེ་སར་ཡིད་དམ་ལྷ་ཡིན་པའི།།

རྒྱུ་མཚན་རྒྱུད་དང་རྒྱ་གཞུང་ནི།།

གང་ལ་ལྟོས་པར་སྨྲ་དགོས་སོ།།

གལ་ཏེ་ཡིད་དམ་ཡིན་པ་ལ།།

རྒྱུ་མཚན་རྒྱ་གཞུང་དགོས་མོད་ཀྱི།།

སྲུང་མ་ཙམ་ཞིག་བྱེད་པ་ལ།།

རྒྱུད་དང་རྒྱ་གཞུང་ལ་སོགས་པའི།།

རྒྱུ་མཚན་མེད་ཀྱང་རུང་བ་སྟེ།།

བོད་ཀྱི་ལྷ་མི་གཞན་འགའ་ཞིག།

སྲུང་མ་བྱེད་སྲོལ་ཡོད་པར་ལྟར།།

འདི་ཡང་བྱས་ཀྱང་ཆོག་སྙམ་ན།།

མ་ཡིན་འདི་ལ་དགོས་དོན་མེད།།

ཅི་ཕྱིར་ཞེ་ན་སྲུང་མ་ནི།།

མགོན་པོ་སོགས་ཀྱིས་ཆོག་པའི་ཕྱིར།།

ད་དུང་བླ་རྒན་འགའ་ཞིག་གིས།།

མགོན་པོ་ལས་ཀྱང་གེ་སར་མཆོག།

བཤད་པ་བདག་གིས་གོ་ཐོས་བྱུང་།།

བླ་མ་དེ་འདྲའི་སྙིང་དཀྱིལ་ལ།།

བདུད་སྡེ་ཞུགས་ནས་སྨྲས་པ་སྟེ།།

ཡིད་དམ་སྲུང་མའི་གནད་འཆུག་ན།།

སྒྲུབ་པ་པོ་ལ་དངོས་གྲུབ་མེད།།

ཐུབ་པས་རྒྱུད་སྡེ་རྣམས་ལས་གསུངས།།

ས་སྐྱ་པ་ཡི་ལེགས་བཤད་ལས།།

འགྲོ་མགོན་སངས་རྒྱས་བཞུགས་བཞིན་དུ།།

སྟོན་པ་གཞན་ལ་བསྟེན་པ་ནི།།

ཡན་ལག་བརྒྱད་ལྡན་ཆུ་འགྲམ་ནས།།

བ་ཚྭའི་ཁྲོན་པ་བཀོལ་བ་བྱེད།།

ཅེས་གསུངས་འདི་འདྲའི་དོན་ལ་དགོངས།།

སྤྱིར་བཏང་གེ་སར་ཡོད་མེད་ལ།།

དོགས་པ་ཡོད་དེ་སྔོན་བྱོན་ཀྱི།།

མཁས་པའི་དབང་པོ་དགེ་ཆོས་ཀྱིས།།

མེད་པ་དངོས་སུ་གསུངས་པས་སོ།།

གལ་ཏེ་ཡོད་དུ་ཆུག་ན་ཡང་།།

ཇག་ཚང་ཞིག་གི་ཇག་དཔོན་ལས།།

གཞན་པ་བསྟན་དང་འགྲོ་བའི་དོན།།

མཛད་མཁན་ཞིག་ནི་མིན་པར་ངེས།།

རྙིང་མ་པ་ཡི་བན་རྒན་འགས།། 

གེ་སར་ཡོད་དེ་མཚན་བརྗོད་ལས།།

དཔའ་བོ་བདུད་དགྲ་འདུད་འདུལ་པས།

བདུད་གཞིའི་འཇིགས་པ་སེལ་བར་བྱེད།།

ཅེས་གསུངས་ལུང་གིས་བསྟན་ཞེས་ཟེར།།

ལུང་དེ་འཇམ་དབྱངས་བསྟན་པའི་ཚིག།

ཡིན་པས་གེ་སར་ག་ལ་བསྟན།།

གེ་སར་ཡིད་དམ་བྱེད་པའི་སྲོལ།།

སྔར་འགྱུར་རྙིང་མའི་ལུགས་ཡིན་གྱི།།

དཔལ་ལྡན་ས་སྐྱ་པ་ལ་མེད།།

བླུན་པོ་ཆུ་སྣ་ག་ཁྲིད་ལྟར།།

ཡིན་པས་དེང་སོང་ས་སྐྱ་པའི།།

བླུན་དགོན་འགའ་ལ་སྲོལ་དེ་དར།།

འདི་ལ་གནད་དོན་ཆེ་མཐོང་བས།།

དེ་བས་ཚིག་རྩུབ་སྨྲས་པ་ཡིན།།

མདོར་ན་ཁོ་བོས་ཟེར་རྒྱུ་ནི།།

མྱོང་བ་མེད་ཕྱིར་མངོན་སུམ་མིན།།

གཏན་ཚིགས་མེད་པས་རྗེས་དཔག་མེད།།

དེས་ན་གེ་སར་ཡོད་དོ་ཞེས།།

བཤད་པ་དེ་ཚོ་རྫུན་གཏམ་ཡིན།།

བདག་གིས་འདི་ལྟར་སྨྲས་པའི་ཚེ།

བསམ་པ་དག་པས་གེ་སར་ལ།།

དད་འདུན་ཡོད་མཁན་གཞན་དག་རྣམས།།

དགོངས་པ་མ་འཚོམས་ཁོ་བོས་ནི།།

ང་ཚོའི་བསྟན་པ་ཁུང་དག་ཅིག།

གནས་ན་བསམ་ནས་བྲིས་ཡིན་གྱི།།

གེ་སར་ཁོང་དང་ང་གཉིས་ལ།།

མི་མཐུན་པ་ནི་ཅུང་ཙམ་མེད།།

ཁྱེད་ཀྱིས་གེ་སར་ཡིད་དམ་ལྷ།།

བྱེད་ན་བདག་ལ་ཕན་གནོད་གང་།།

ཡོད་པ་མིན་པས་བདག་གིས་ཀྱང་།།

ཁྱེད་ལ་མི་དགའ་ཅི་ཞིག་བྱེད།།

མ་ཟད་ད་ལྟའི་དུས་སྐབས་སུ།།

དད་དང་བསམ་པ་རང་དབང་ཞེས།།

ཀུན་གྱིས་བཤད་པ་ཉི་ཟླ་ལྟར།།

ཡོངས་གྲགས་ཡིན་པ་ངས་ཀྱང་གོ།

འཇིག་རྟེན་པ་ཡི་ལྷ་ཚོགས་ལ།།

བསང་མཆོད་བྱེད་པའི་གནས་སྐབས་སུ།།

གེ་སར་ལ་ཡང་བསང་མཆོད་ཅིག།

བྱེད་ན་འགལ་བ་གང་ཡང་མེད།།

སུམ་ཅུ་པ་ཡི་རྩ་བ་ལས།།

དགོས་པའི་དབང་གིས་རྟག་ཞི་ལ།།

མཆོད་བརྗོད་བྱས་པ་ལྟ་བུ་ཡིན།།

དེ་མིན་སྐྱབས་འགྲོའི་ཡུལ་བཟུང་ན།།

སྐྱབས་འགྲོའི་སྡོམ་པ་འཇིག་པར་འགྱུར།།

དེ་སྐད་དུ་ཡང་ས་པཎ་གྱིས།།

བསྟན་བཅོས་ཐུབ་པ་དགོངས་གསལ་ལས།།

འདི་འདྲའི་དོན་དག་གསལ་པོར་གསུངས།།

དེས་ན་ཡིད་དམ་སྲུང་མའི་གནད།།

འཆུག་ན་བསྟན་དང་འགྲོ་བའི་དོན།།

མི་འགྲུབ་པ་ནི་གསུངས་པས་ན།།

ཀུན་གྱིས་འདི་ལ་དཔྱད་པར་ཞུ།།

ཆོས་བཞིན་སྒྲུབ་པའི་གང་ཟག་ལ།།

བར་ཆད་སྲུང་བ་ཁས་བླངས་པའི།།

ཆོས་སྐྱོང་སྲུང་མའི་ཚོགས་དག་དང་།།

སྐད་ཅིག་ཙམ་ཡང་འབྲལ་མེད་ཤོག།

  དཔལ་ས་སྐྱའི་ཆོས་སྡེ་ཆེན་མོ་རྫོང་སར་དགོན་དང་འགུ་ཟི་དགོན་སོགས་ཀྱིས་ད་སྐབས་གླིང་རྗེ་གེ་སར་རྒྱལ་པོའི་དབང་ལུང་མན་ངག་སྤེལ་ནས་ཤིན་ཏུ་རྩ་ཆེན་བྱེད་བཞིན་ཡོད་པའི་གནས་ཚུལ་ལ་དམིགས་ནས་འགུ་ཟི་པད་བློས་རང་གི་བསམ་ཚུལ་ཙམ་ཞིག་བྲིས་པ་ཡིན་པས་སུ་ལའང་དགོངས་འགལ་མེད་པར་ཞུ་ཞེས་སྙིང་ནས་གསོལ་བ་འདེབས་པ་ལགས་ན་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག།  དགེའོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*