རྫོང་གསར་མཁྱེན་བརྩེ་མཆོག་ནས་ཨ་སྒོར་ས་ཡ་༢ དང་འབུམ་ལྔ་གཏོང་ནས་ནང་ཆོས་ཀྱི་ས་མིག་ཉོས་འདུག

༧རྫོང་གསར་རིན་པོས་ཨ་སྒོར་ས་ཡ་༢དང་འབུམ་ལྔས་ནང་ཆོས་ཀྱི་ས་མིག་ཉོས་པ།

སེངྒེའི་ང་རོ་ཞེས་པའི་ནང་པའི་སྤྱི་ཚོགས་བརྒྱུད་ལམ་ཆེ་ཤོས་ཐོག་ལ་བཀོད་པའི་གསར་འགྱུར་ཞིག་འདིར་བསྒྱུར་བཀོད་ཞུས་ཡིན། དེ་ཡང་ལམ་དུ་རླངས་འཁོར་ལ་འགྲོ་ཞོར་བསྒྱུར་བཀོད་ཞུས་པ་ཡིན་པས། བསྒྱུར་ནོར་དང་དག་ཆ་སོགས་ལ་ནོར་འཁྲུལ་ཅི་མཆིས་མཁྱེན་ལྡན་རྣམ་པས་བཅོས་རོགས་ཞུ་ཞེས་གཟི་བརྗིད་མཐའ་ཡས་ཀྱིས།། གཙུག་ལག་སློབ་གྲྭ་ཆེན་མོ་མི་ཤི་གྷན་གྱི་བོད་བརྒྱུད་ནང་པའི་སྡེ་ཚན་ལ་ནང་པ་སངས་རྒྱས་པའི་དགེ་རྒན་ས་དམིགས་ཆེད་དུ་ཨ་སྒོར་ས་ཡ་གཉིས་དང་འབུམ་ལྔ་གནང་བ། མཁྱེན་བརྩེ་ཐེབས་རྩ་ཚོགས་པས་བྱང་སྡེ་ཨ་མི་ར་ཀན་དུ་ནང་པའི་དགེ་རྒན་གྱི་ས་དམིགས་ཆེ་ཤོས་དངོས་སུ་ཚུགས་པ། གཙུག་ལག་གི་སློབ་གྲྭ་ཆེན་མོ་མི་ཤི་གྷན་གྱི་སྐད་ཡིག་དང་། ཚན་རིག་དང་།  སྒྱུ་རྩལ་གྱི་མཐོ་སློབ་ཏུ་བོད་བརྒྱུད་ནང་བསྟན་གྱི་དགེ་རྒན་ས་དམིགས་མིང་ལ་མཁྱེན་བརྩེ་དགེ་འདུན་ཆོས་འཕེལ་ཞེས་པ་དེ་གཙུག་པའི་ཆེད་དུ་ཨ་སྒོར་ས་ཡ་གཉིས་དང་འབུམ་ལྔ་ལེགས་སྐྱེས་སུ་གནང་འདུག  ཐེབས་རྩ་ཚོགས་པས་གསུངས་དོན་ལྟར་ན། བྱང་སྡེ་ཨ་མི་ར་ཀན་དུ་བོད་བརྒྱུད་ནང་བསྟན་གྱི་སློབ་སྦྱོང་ཆེད་དུ་དངུལ་འབོར་ཆེ་ཤོས་ཀྱི་ཞབས་འདེབས་དེ་ཆགས་ཡོད་ཟེར། རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེའི་ཞལ་སྔ་ནས། “དུས་རབས་མང་པོ་ཞིག་གི་རིང་དུ། ནང་ཆོས་ལ་སློབ་སྦྱོང་དང་ཉམས་ལེན་བྱས་པ་ཡིས། གང་ཟག་སྤྱི་སྒེར་གཉིས་ཆར་ལ་ཞི་བདེ་དང་བརྟན་ལྷིང་བཟོས་པའི་ར་འཕྲོད་ཡོད།” ཟེར། ཁོང་ནི་ནང་པ་སངས་རྒྱས་པའི་ཆོས་བརྒྱུད་ཚང་མའི་སློབ་སྦྱོང་དང་ཉམས་ལེན་བྱེད་མཁན་ལ་རྒྱབ་སྐྱོར་རོགས་དན་གནང་ཕྱིར་མཁྱེན་བརྩེ་ཐེབས་རྩ་ཚོགས་པ་སྤྱི་ལོ་༢༠༠༡ལོར་དང་པོ་གསར་དུ་བཙུགས་གནང་ཞིག་རེད་འདུག བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཞིག་གིས་ཕྱི་རྒྱལ་ཡུལ་གྲུ་ནང་དུ་ནང་བསྟན་དར་སྤེལ་ཆེད་དུ་གཙུག་ལག་སློབ་གཉེར་ཁང་དུ་ནང་པའི་དགེ་རྒན་གཅིག་གི་ས་མིག་ཉོས་པ་ཐེངས་དང་པོ་རེད་འདུག་ལ། དགེ་རྒན་གཅིག་གི་ས་མིག་ལ་རིན་ཚད་ཨ་སྒོར་ས་ཡ་༢ དང་འབུམ་ ༥ གནང་ནས་དགེ་རྒན་ཞིག་གི་ས་མིག་ནང་ནས་རིན་གོང་ཆེ་ཤོས་ཡང་ཆགས་འདུག

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*