ལྷ་མོའི་ལྭ་བ། མུ་འགོད་སྒྲུང་ཐུང་ཁག

སྒྲུང་ཐུང་དྲུག་པ། <<ལྷ་མོའི་ལྭ་བ།>>  མུ་འགོད་སྒྲུང་ཐུང་ཁག 

                  —ཐང་གླུད་ཀྱིས་བསྒྱུར།

སྔ་མོ་ཞིག་ལ། ཤིང་མཁན་ན་གཞོན་ཞིག་གིས་ཤིང་སྡོང་ཞིག་གི་རྒྱབ་ཏུ་སྦས་པའི་བྱ་སྒྲོའི་ལྭ་བ་མཛེས་སྡུག་ལྡན་པ་ཞིག་རྙེད། ཁོས་དེ་ཁྱིམ་དུ་ཁྱེར་ནའང་ལྷ་མོ་ཞིག་ལ་བདག་པ་མ་ཤེས། སྐབས་དེར། ལྷ་མོས་ནགས་ཚལ་ཡོངས་ལ་རང་གི་ལྭ་བ་བཙལ། ལྭ་བ་མེད་ན་ལྷ་མོ་འཕུར་སྐྱོད་བྱེད་མི་ཐུབ་པས་ཐུགས་སེམས་རབ་ཏུ་སྐྱོ་བ་རེད། དེ་ནས་མོ་མྱུར་དུ་ཤིང་མཁན་གྱི་ཁང་ཆུང་དུ་ཕྱིན་པ་དང་ཁོའི་སླེ་བོའི་ནང་དུ་མོའི་གྱོན་ཆས་ཡོད་པ་མཐོང་འདུག 

ལྷ་མོ་ཤིང་མཁན་ཡོད་སར་ཕྱིན་ཏེ། “ངའི་གྱོན་ཆས་ང་ལ་ཕྱིར་གནང་བར་ཞུ”ཞེས་བཤད་པ་ན། 

ཤིང་མཁན་གྱིས། “ཁྱེད་ཀྱིས་ང་དང་མཉམ་དུ་གཉེན་སྒྲིག་མ་བྱས་པར་དུ་ངས་ཁྱེད་ཀྱི་ལྭ་བ་ཕྱིར་སྟེར་རྒྱུ་མིན” ཞེས་བསྙད། ལྷ་མོ་ལ་རང་གི་ལྭ་བ་ངེས་པར་དུ་དགོས་པས་ན། ཁོ་མོས་མོས་མཐུན་བགྱིས་ཏེ་ཁོང་གཉིས་ཀྱིས་དགའ་ཞིང་སྤྲོ་བའི་ངང་ནས་གཉེན་སྒྲིག་བྱས་ཡོད། 

ཉིན་ཞིག ལྷ་མོས་རང་གི་གྱོན་ཆས་གྱོན་ཏེ་ལྷ་ཡུལ་དུ་འཕུར་སོང་བ་དང་། དེ་གར་མོ་རང་གི་ཡབ་ཆེན་བསྡད་ཡོད་པ་རེད། 

ཡིད་སྐྱོ་བ་ཞིག་ལ།  མོའི་ཡབ་ཆེན་གྱིས་མོའི་གཉེན་སྒྲིག་ལ་འཚིག་པ་གཏིང་ནས་ཟོས་ཏེ།   ཁོང་གིས་མོ་ལྕོག་མཁར་ནང་དུ་བཀག་བསྐྱིལ་བྱས་ཡོད། 

ཤིང་མཁན་གྱིས་རང་གི་ཆུང་མ་ཤིན་ཏུ་དྲན་ནའང་། ཁོས་ལྷ་ཡུལ་དུ་ཇི་ལྟར་འགྲོ་དགོས་མ་ཤེས། 

ཉིན་མོ་ཞིག་ལ། བྱ་ཁྱུ་ཞིག་གིས་ལྷ་མོའི་བྱ་སྒྲོའི་ལྭ་བ་མཆུ་བར་ལ་བཟུང་ནས་ཤིང་མཁན་གྱི་ཁང་ཆུང་དུ་སླེབས་སྐབས།  ཤིང་མཁན་གྱིས་དེ་རང་གི་ཆུང་མས་མངགས་པ་ཡིན་པ་ཤེས་ཏེ། ཁོས་འདུན་པ་དྲག་པོའི་ངང་ནས་གྱོན་ཆས་གྱོན་པ་དང་། ལྷ་ཡུལ་དུ་ཕུར་སོང་། ཁོས་ལྷ་མོ་ཉེན་ཁ་ལས་བསྐྱབས་ཏེ་ཕྱིར་རང་ཁྱིམ་དུ་ཁྲིད་ཅིང་།   ཁོང་གཉིས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་རོལ་ཏོ།།

༢༠༡༩/༥/༨

གཟའ་ལྷག་པ།

སྒྲུང་ཐུང་བདུན་པ།  <<མདོག་ཉེས་པའི་ངང་ཕྲུག>>

                                —ཐང་གླུད་ཀྱིས་བསྒྱུར།

སྐབས་ཤིག་ན། ངང་མ་ཞིག་གིས་སྒོ་ང་ལྔ་ཚང་ལ་རུམ་སྟེ་བསྡད་ཡོད།  མཐར་ཚག་སྒྲ་ཆེན་པོ་ཞིག་བྱུང་བ་དང་། ངང་ཕྲུག་གཅིག་མ་གཏོགས་ངང་ཕྲུག་སེར་པོ་བཞི་པོ་སྒོང་ཤུན་ལས་ཐོན་པ་དང་།  དེ་ནས་སེམས་ཅན་ཁྱད་མཚར་ཞིང་སྐྱ་མདོག་ཅིག་སྒོང་ཤུན་ནས་ཐོན།  ཁོའི་མདོག་ནི་རང་གི་སྤུན་རྣམས་ལས་ངན་པ་དང་གཟུགས་པོ་ཡང་ཁོང་ཚོ་ལས་ཆེ་བ་ཡོད།

ངང་མས་རང་གི་ཕྲུ་གུ་རྣམས་ཁྲིད་དེ་ངང་འགྲོས་བྱེད་བཞིན་ངང་པ་གཞན་ཚོར་ཐུག་ཏུ་འགྲོ་སྐབས། དེ་དག་གིས་ཡིད་དུ་མི་འོང་བའི་ངང་ཕྲུག་དེ་མཐོང་སྐབས། ཚོ་ཚང་མས་ཁོ་ལ་འཕྱ་སྨོད་བྱས།

 ངང་ཕྲུག་དེ་སྙད་རྐོས་པ་དང་འཕྱ་སྨོད་བྱས་པར་སུན་སྣང་སྐྱེས་ཏེ་ས་སྟོང་ཞིག་ལ་ཕྱིན། ཡུལ་དེ་ནས་སྔར་ལས་ཀྱང་སྡུག་པའི་བརྙས་བཅོས་བྱས།  ངང་ཕྲུག་དེ་མདོག་ཉེས་པར་བརྟེན། ཁོ་གནས་གང་དུ་སོང་ཡང་གོང་ལྟར་གཞན་གྱིས་བརྙས་བཅོས་བྱས་པ་དེས་ཁོ་སེམས་སྡུག་གི་ནང་དུ་ལྷུང་དུ་བཅུག

ལྷ་ཡི་ཡུམ་གྱིས་མདོག་ཉེས་པའི་ངང་ཕྲུག་འདི་ལ་ཅི་ཞིག་འབྱུང་བཞིན་པ་ཚང་མར་གཟིགས།  

ངང་པ་རྣམས་རང་རང་གི་དྲོད་ཁོལ་ལྡན་པའི་ཚང་དུ་སྡོད་པའི་མོད་ལ་དགུན་ཁ་འདས་སོང་།   འོན་ཀྱང་། མདོག་ཉེས་པའི་ངང་ཕྲུག་དེ་གཅིག་པུར་ས་སྟོང་དུ་འཁྱག་འདར་རྒྱག་གིན་བསྡད་ཡོད།  

ལྷ་ཡི་ཡུམ་གྱིས་ལག་དབྱུག་དེ་མདོག་ཉེས་པའི་ངང་ཕྲུག་གི་སྟེང་ལ་གཡབ་གཡབ་བྱས་ཏེ། ཁོ་ལ་དྲོད་ཁོལ་བསྐྱེད།

དུས་ཚོད་སྐད་ཅིག་ལ་འདས་སོང་།   མདོག་ཉེས་པའི་ངང་ཕྲུག་དེ་ད་ལྟ་ངང་པ་ཆེན་པོ་ཞིག་ཏུ་གྱུར་བ་མ་ཟད།   ཁོ་ཆུ་རྐྱལ་བྱེད་བཞིན་པའི་སྐབས་སུ་ཆུའི་ནང་ནས་རང་གི་གཟུགས་བརྙན་མཐོང་དུས། རང་ཉིད་ངང་ཕྲུག་མདོག་ཉེས་ཤིག་རྩ་བ་ནས་མིན་པར།  དེ་ལས་ལྡོག་སྟེ་རྫིག་ཉམས་ལྡན་པའི་ངང་པ་དར་མ་ཞིག་ཡིན་པ་ཤེས་ནས་ཧ་ཅང་ཧང་སང་བར་གྱུར། 

ད་གཞི་ནས་ཁོས་རང་ཉིད་རང་གི་སྤུན་རྣམས་དང་རྩ་བ་ནས་མི་འདྲ་བའི་རྒྱུ་མཚན་རྟོགས་ཏེ། “ཁོ་ཚོ་ནི་ཆུ་བྱ་ཡིན་པ་དང་ང་ནི་ངང་ཕྲུག་ཅིག་ཡིན་འདུག”ཅེས་་ཁྲེད་དགོད་ཅིག་བྱས།

ཁོ་ཡིད་སེམས་དགའ་སྤྲོས་ཁེངས་ཏེ་ངང་པ་གཞན་རྣམས་དང་མཉམ་དུ་ཆུ་རྐྱལ་ལ་རོལ་ཏོ།། 

༢༠༡༩/༥/༩

གཟའ་ཕུར་བུ།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*