གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་བཤད་གྲྭ་ཆེན་མོའི་མཁན་པོ་ཁྲི་སྟོན་མཛད་སྒོ་གནང་འདུག

      གདན་ས་ཆེན་པོར་བཤད་གྲྭའི་མཁན་ཆེན་ཁྲི་གསོལ་མཛད་པ། བོད་ས་ཕག་ལོ་སྤྱི་ལོ་༢༠༡༩ལོའི་ཀུན་མཁྱེན་མཁས་པའི་དབང་པོ་གོ་བོ་རབ་འབྱམས་པ་བསོད་ནམས་སེངྒེའི་དགོངས་རྫོགས་དུས་ཆེན་ཁྱད་པར་ཅན་ལ་དམིགས་ཏེ་གདན་ས་ཆེན་པོའི་མཁན་ལས་དབུ་བྱེས་རྣམས་ཀྱིས་སྔར་གྱི་ལམ་སྲོལ་གཙང་མའི་ཐོག་རྒྱལ་བསྟན་རིན་པོ་ཆེ་སྤྱི་དང་བྱེ་བྲག་དཔལ་བརྩེ་བ་ཆེན་པོའི་རིང་ལུགས་དྲི་མ་མེད་པ་འདི་ཉིད་རྒྱུན་འཛིན་དར་སྤེལ་གྱི་སླད་དུ་བསླབ་པ་གསུམ་གྱི་བདག་ཉིད་གཞུང་ལུགས་རབ་འབྱམས་སྨྲ་བའི་དབང་པོ་ཚད་མའི་སློབ་དཔོན་དགེ་འདུན་རྒྱ་མཚོ་མཆོག་དང་།  ཕར་ཕྱིན་སློབ་དཔོན་འཇམ་དཔལ་ཡེ་ཤེས་རྣམ་གཉིས་གདན་སའི་མཐོ་རིམ་བཤད་གྲྭ་ཆེན་མོའི་ལས་ཐོག་མཁན་པོར་མངའ་གསོལ་མཛད་པ་རེད།  དེ་རིང་གི་དུས་བཟང་ལ་སྔར་སྲོལ་བཞིན་གདན་ས་ཆེན་པོའི་དབུ་འཛིན་སྐུ་གཞོན། གཟིམ་ཆུང་དཔོན་སློབ་བྱམས་པ་རབ་རྒྱས་མཆོག་གིས་འདུས་ཚོགས་ཀྱི་གཙོ་སྐྱོང་མཛད་དེ་སློབ་དཔོན་རྣམ་གཉིས་ལ་བཤད་གྲྭའི་ལས་ཐོག་མཁན་པོའི་མཚན་གནས་འབུལ་བའི་ཁྱབ་སྒྲགས་མཛད་པ་དང་།  དེ་རྗེས་མཐོ་རིམ་བཤད་གྲྭའི་མཁན་པོ་ཟུར་པ་མཁན་རིན་པོ་ཆེ་བསྟན་པ་དར་རྒྱས་མཆོག་གིས་ལོ་མང་གི་བཤད་གྲྭ་མཁན་པོ་མཛད་པའི་ལས་དོན་ཕྱོགས་བསྡོམས་དང་མཚན་གནས་ཕུལ་པའི་མཁན་པོ་རྣམ་གཉིས་ལ་ཆེད་དུ་རེ་འདུན་གསལ་འདེབས་དང་མཁན་པོ་རྣམ་གཉིས་ཀྱིས་ཆོད་སེམས་དམ་བཅའ་གཏམ་གླིང་མཛད། དེ་ནས་བཞུགས་ཁྲིར་མངའ་གསོལ་མཛད་རྗེས་མཁན་ཆེན་བསྟན་པ་དར་རྒྱས་མཆོག་གིས་དབུ་བཞུགས་གདན་ས་ཆེན་པོའི་རྫོང་ཆུང་དཔོན་སློབ་ཐུབ་བསྟན་རྒྱ་མཚོ་མཆོག་དང་གཟིམ་ཆུང་དཔོན་སློབ་བྱམས་པ་རབ་རྒྱས་མཆོག  བསམ་བརླིང་དཔོན་སློབ་བློ་གྲོས་ཐོགས་མེད་མཆོག  སྐྱེད་ལྷས་དཔོན་སློབ་སེངྒེ་བཟང་པོ་མཆོགསྐྱེད་ལྷས་སྒྲུབ་དཔོན་ཐོགས་མེད་ཆོས་འཕེལ་མཆོག གདན་སའི་ལས་སྣེ་ཚུལ་ཁྲིམས་རྒྱལ་མཚན་མཆོག་དང་བྱམས་པ་ཆོས་འཕེལ་ལ་སོགས་པ་དང་།  མཐོ་རིམ་བཤད་གྲྭའི་སློབ་དཔོན་རྣམ་པ། ཉེ་འཁོར་དགོན་སྡེ་ཁག་གི་ལས་སྣེ་མཁན་ཆེན་རྣམ་པ་བཅས་པས་རིམ་པར་མཎྜལ་སྐུ་གསུང་ཐུགས་རྟེན་འབུལ་བ་དང་དུས་མཚུངས་འདུས་སྡེ་དགེ་འདུན་ཡོངས་ཀྱིས་རྟེན་འབུལ་མཛད།  ཁྲི་གསོལ་ཆོ་ག་ཡོངས་སུ་ལེགས་གྲུབ་བྱུང་རྗེས་ལས་ཐོག་མཁན་པོ་རྣམ་གཉིས་ཀྱིས་དུས་བཟང་ཁྱད་པར་ཅན་ལ་དམིགས་ཏེ་ཡོངས་ལ་ཆོས་ཁྲིད་ཀྱི་བཀའ་དྲིན་བསྐྱངས་ཏེ་ལེགས་པར་གྲུབ་པ་མཛད་ཡོད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*