གཟིམ་སྤྱིལ་དཀར་པོའི་དུས་དེབ་དབུ་འབྱེད་གནང་འདུག

སྤུ་རུ་ཝ་ལ་མ་དགོན་བཤད་གྲྭའི་དུས་དེབ་གཟིམ་སྤྱིལ་དཀར་པོ་ཞེས་པའི་ཕྱག་དཔེ་དབུ་འབྱེད་གནང་འདུག 

ཁ་རྩང་སྤྱི་ཚེས ༢༡ ཉིན་དཔལ་ས་སྐྱ་མ་དགོན་བཤད་གྲྭའི་ལོ་འཁོར་དུས་དེབ་<<གཟིམ་སྤྱིལ་དཀར་པོ>>་ཞེས་པའི་འདོན་ཐེངས་དང་པོ་འདི་ཉིད། རྒྱལ་སྤྱིའི་ཕ་སྐད་ཉིན་མོ་དང་བསྟུན་ནས་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་ཆེན་མཆོག་གིས་དབུ་འབྱེད་གནང་སོང་།  དེ་ཡང་དུས་དེབ་འདིར་བཀའ་སློབ།  ནང་ཆོས།  ལོ་རྒྱུས། སྙན་དངགས།  ཀ་རྩོམ།  རང་མོས་སྙན་ངག་བཅས་ཀྱི་ལེ་ཚན་མི་འདྲ་བ་དྲུག་གི་བདག་ཉིད་ལས་གྲུབ་པའི་ས་སྐྱའི་དུས་དེབ་ཞིག་རེད་འདུག  དེ་ཡང་བཙན་བྱོལ་དུ་ས་སྐྱའི་དུས་དེབ་དང་པོ་ནི་རྫོང་གསར་ནས་བཏོན་པའི་ཉིན་གཞོན་དུས་དེབ་དང་།  དེའི་རྗེས་སུ་གངས་དཀར་རྡོ་རྗེ་གདན་པ་ནས་བཏོན་པའི་ཆོས་དུང་དཀར་པོའི་དུས་དེབ།  དེའི་རྗེས་སུ་རྫོང་གསར་ནས་བཏོན་པའི་ཆོས་ཀྱི་བློ་གྲོས་དུས་དེབ།  དེའི་རྗེས་སུ་ས་སྐྱའི་མཐོ་སློབ་ནས་བཏོན་པའི་རི་དཀར་པོའི་བརྗིད་སྒྲ།  དེའི་རྗེས་སུ་ཕལ་ཆེལ་མ་དགོན་བཤད་ནས་བཏོན་པའི་གནང་བའི་གཟིམ་སྤྱིམ་དཀར་པོའི་དུས་དེབ་ཡིན་སྙམ།  གལ་སྲིད་ནོར་ཡོད་ཚེ་ཁོ་བོར་འབྲེལ་གཏུག་དང་སྦྲགས་བསྐྱར་བཅོས་བྱེད་ཆོག  ད་རན་མ་དགོན་བཤད་གྲྭ་ནས་བཏོན་གནང་བའི་དུས་དེབ་གཟིམ་སྤྱིམ་དཀར་པོ་འདི་ནི་སྒོ་རུམ་བླ་མ་ལྷ་ཁང་དང་པོ་རེད།  བླ་བྲང་ཟེར་ན་ཆོག  ཕོ་བྲང་ཟེར་ན་ཆོག   མཚན་ཆ་ཚང་ལ་༼སྒོ་རུམ་གཟིམ་སྤྱིལ་དཀར་པོ།༽ ཟེར། དེ་ཡང་དཔལ་ལྡན་ས་སྐྱ་པའི་བླ་བྲང་ཐམས་ཅད་ཀྱི་ཆེར་ཐོག་མ་གྱུར་པའི་གཙུག་ནོར་སྒོ་རུམ་གཟིམ་སྤྱིལ་དཀར་པོ་འདི་ཉིད་ཡིན། དེ་ཡང་། དཔལ་ས་སྐྱ་པ་ངག་དབང་བློ་གྲོས་མཆོག་གིས་བརྩམས་གནང་བའི་ཧོར་རྩ་བོད་རྩར་སོང་བའི་སྤྱི་འགྲོ་ལས།  ཤེས་རབ་ཚུལ་ཁྲིམས་ཀྱི་གཅུང་པོ་བླ་ཆེན་དཀོན་མཆོག་རྒྱལ་པོས་དཔལ་ཆེན་ཕོ་བྲང་གི་རི་རྩེ་ནས་ས་དཔྱད་ལེགས་པར་གཟིགས་ཏེ། ཆུ་མོ་གླང་གི་ལོ་བོད་ཀྱི་རྡོ་རྗེ་གདན་ས་སྐྱའི་གཙུག་ལག་ཁང་རྣམས་ཀྱི་ཐོག་མར་སྒོ་རུམ་གཟིམ་སྤྱིལ་དཀར་པོ་བཏབ་པ་ནས་བཟུང་གནས་ཀྱི་མིང་གདུང་བརྒྱུད་ལ་ཐོག་སྟེ་མིང་ས་སྐྱ་པ་ཞེས་གྲགས། ཞེས་གསུངས་འདུག དེ་བཞིན་དུ་བསེ་མགོན་ཆེན་པོས་རྨི་ལམ་དུ་ལུང་བསྟན་བྱུང་བའི་དཀར་ཆག་ལས།  གདན་ས་ཀུན་གྱི་གཙུག་རྒྱན་དཔལ་ས་སྐྱའི། །བླ་བྲང་མཆོག་གྱུར་གཟིམ་སྤྱིལ་དཀར་པོ་ཡི། །བསེ་མགོན་ཡིད་བཞིན་ནོར་བུའི་ཕོ་བྲང་སྟེང་། །རྗེ་བཙུན་གོང་མ་རྣམ་ལྔའི་བསྟི་བའི་གནས། །  ཡང་། གངས་ཅན་བོད་ཀྱི་ལྟེ་བ་རྡོ་རྗེ་གདན། །དཔལ་ལྡན་ས་སྐྱའི་བླ་བྲང་ཐམས་ཅད་ཀྱི། །ཐོག་མར་གྱུར་པ་གཙུག་གི་ནོར་བུ་མཆོག། སྒོ་རུམ་གཟིམ་སྤྱིལ་དཀར་པོ་འདི་ཉིད་ཀྱི། ། ཞེས་སོགས་དཔལ་ས་སྐྱ་པའི་ལོ་རྒྱུས་དང་རྣམ་ཐར་དག་ལས་གསལ་བཞིན་ཐུན་མིན་གྱི་བརྡ་ཆད་ཅིག་རེད།  དེ་བཞིན་དུ་དཔལ་ལྡན་ས་སྐྱ་པར་ཐུན་མིན་གྱི་བརྡ་ཆད་ཧ་ཅང་མང་ན་ཡང་དེང་སང་སྨྱུག་ཐོག་པ་ཁ་ཤས་ཀྱིས་སྔོན་མའི་བརྡ་ཆད་སོགས་ཆོས་བརྒྱུད་ཕན་ཚུན་བསྣོར་བ་བྱེད་ནས་ནོར་འཁྲུལ་བཟོ་བཞིན་འདུག  དེའི་ཕྱིར་ཆོས་བརྒྱུད་སོ་སོའི་ཐུན་མིན་གྱི་བརྡ་ཆད་རང་སོར་གཞག་ན་དགེ་མཚན་ཆེའོ་སྙམས་པར་སོམས་སོ།    ༢༠༡༩/༢/༢༢/༧/༤༠


རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན། 2

  1. བཀུར་འོས་རྩོམ་སྒྲིག་པ་མཆོག། བཀའ་དྲིན་ཆེ། ད་དུང་ཡང་བརྗོད་བྱ་དང་རྗོད་བྱེད་གཉིས་ཀར་གཟབ་པར་འཚལ། (གངས་དཀར་རྡོ་རྗེ་གདན་པ་ནས་བཏོན་པའི་ཆོས་དུང་དཀར་པོའི་དུས་དེབ།) (མ་དགོན་བཤད་ནས་བཏོན་པའི་གནང་བའི་གཟིམ་སྤྱིམ་དཀར་པོའི་དུས་དེབ་) བསམ་ཚུལ་ཙམ་ཡིན། ཐུགས་བསུན་ལ་མ་དགོངས་པར་འཚལ།

    • དགོངས་འཆར་གནང་བར་བཀའ་དྲིན་ཆེ། རེད་དེ་བརྗོད་བྱ་དང་རྗེད་བྱེད་ལ་ཇི་ལྟར་གཟབ་དགོས་པར་མ་ཤེས་པས་ཁ་གསལ་ཙམ་གནང་རོགས། དེ་མིན་མངོན་བསྟོད་ལྐོག་སྨད་ལྟ་བུ་མ་གནང་རོགས་ཞུ། རྗེས་སོར་ཡང་སྐྱོན་དང་ནོར་འཁྲུལ་གང་ཡོད་ཡོ་བསྲང་ལེགས་བཅོས་གནང་རོགས།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*