རྗེ་ཙོང་ཁ་པས་ས་པཎ་ལ་ཕུལ་བའི་བསྟོད་པ།


མཛད་པ་པོ། ཤར་རྒྱལ་བ་ཙོང་ཁ་པ་ཆེན་པོ།

རིག་གནས་རྒྱ་མཚོའི་ཕ་རོལ་སོན་གྱུར་པས།།

གསུང་རབ་ནོར་བུའི་གླིང་ལ་མངའ་སྒྱུར་ཞིང་།།

སྙན་གྲགས་ཀུན་གྱི་རྣ་བའི་རྒྱན་གྱུར་པས།།

ངོ་མཚར་བསྔགས་པའི་གནས་གྱུར་ས་སྐྱ་པ།།

མཁྱེན་པས་ཤེས་བྱ་ཀུན་གྱི་དེ་ཉིད་གཟིགས།།

བརྩེ་བས་ལེགས་བཤད་དགའ་སྟོན་འགྲོ་ལ་སྩོལ།།

མཛད་པས་རྒྱལ་བ་མཉེས་པ་འབའ་ཞིག་སྒྲུབ།།

མཚན་ནས་བརྗོད་པར་དཀའ་བ་ཁྱེད་ལ་འདུད།།

ཁྱེད་ནི་བློ་གྲོས་དྲི་མ་མེད།།

མུ་མཐའ་བྲལ་བའི་ཤེས་བྱ་ལ།།

ལྷ་ཡི་ལམ་ལ་འོད་སྟོང་བཞིན།།

འཇུག་པར་མཐོང་ཚེ་བདག་གི་ཡིད།།

ཡ་མཚན་གྱུར་ནས་དེ་ཡི་དཔེར།།

འཇམ་དཔལ་དབྱངས་ཀྱི་མཁྱེན་པ་བཙལ།།

དེ་ནས་དེ་གཉིས་དབྱེར་མེད་པར།།

མཐོང་བས་བདག་གིས་དཔེ་མ་རྙེད།།

རབ་འབྱམས་རྒྱལ་བའི་ཡེ་ཤེས་འཇམ་དཔལ་དབྱངས།།

རབ་དཀར་གངས་རིའི་ལྗོངས་སུ་འགྲོ་རྣམས་ཀྱི།།

རབ་མཛེས་གཙུག་གི་རྒྱན་དུ་བྱོན་གྱུར་ནས།།

རབ་རིབ་མ་ལུས་སེལ་བའི་ས་སྐྱ་པ།།

མ་ལྟར་བརྩེ་བའི་ཐུགས་རྗེས་ལུས་ཅན་ཀུན།།

སྲིད་ལས་སྒྲོལ་བའི་ཐབས་ལ་ཤིན་ཏུ་དགའ།།

མཁྱེན་བརྩེའི་དཔུང་གིས་བདུད་སྡེའི་དཔུང་བཅོམ་ནས།།

བསྟན་པའི་རྒྱལ་མཚན་འཛིན་པ་ཁྱེད་ལ་འདུད།།

ཁྱེད་ཀྱིས་ཐུབ་བསྟན་ནོར་བུ་ཡི།།

དྲི་མ་རིགས་པའི་ཆུ་ཡིས་བཀྲུས།།

ཡིད་ཆེས་ལུང་གིས་བྱི་དོར་བྱས།།

སྒྲུབ་པའི་རྒྱལ་མཚན་རྩེ་རུ་མཆོད།།

ཉིན་མཚན་དུས་ནི་ཐམས་ཅད་དུ།།

བསྟན་པ་འབའ་ཞིག་དགོངས་པ་ཁྱེད།།

སྙིགས་དུས་འགྲོ་བ་སྐྱབས་མེད་ལ།།

རྒྱལ་བ་པས་ཀྱང་ཐུགས་རྗེ་ཆེ།།

ཐ་སྙད་གཙུག་ལག་ནང་གི་སྡེ་སྣོད་ཀྱི།།

བདེ་བཤེགས་དགོངས་པ་ཐམས་ཅད་ལེགས་རྟོགས་ནས།།

མ་རྟོགས་པ་དང་ཕྱོགས་རེས་ཚིམས་པ་དང་།།

ཇི་བཞིན་མིན་པར་རྟོགས་པའི་འགྲོ་བ་ལ།།

ལྷག་པར་བརྩེ་བ་སྐྱེས་ནས་ཡིན་ལུགས་དོན།།

རྣར་སྙན་ཡིད་འབབ་གོ་བར་སླ་བ་ཡི།།

སྐྱོན་སྤངས་གསུང་གིས་ཡང་ཡང་འདོམས་མཛད་པ།།

ཁྱེད་ལ་བསམ་པ་དག་པས་བདག་ཕྱག་འཚལ།།

ས་སྟེང་འགྲན་ཟླ་བྲལ་བ་ཆོས་ཀྱི་རྗེ།།

ཤེས་བྱ་ཀུན་ལ་ཐོགས་མེད་འཇམ་པའི་དབྱངས།།

གནས་ལྔ་མངོན་དུ་གྱུར་པའི་པཎྜི་ཏ།།

གངས་ཅན་འགྲོ་བའི་སྐྱབས་གཅིག་ས་སྐྱ་པ།།

ཉིན་མཚན་ཀུན་ཏུ་གུས་པས་གསོལ་བ་འདེབས།།

སྐྱེ་ནས་སྐྱེ་བར་མཚན་དཔེའི་གཟི་འབར་བ།།

ཁྱེད་སྐུ་མཐོང་ཞིང་ཐེག་མཆོག་སྒྲོག་པ་ཡི།།

ཁྱེད་གསུང་རྒྱུན་ཆད་མེད་པར་ཐོས་པར་ཤོག།

ཅེས་པ་འདི་ནི་རྒྱུད་སྡེ་འཛིན་པ་ཡར་ཀླུང་པ་སེང་གེ་རྒྱལ་མཚན་པས་བསྐུལ་བའི་དོན་དུ་ཆོས་རྗེ་དེ་ཉིད་ལ་མི་ཕྱེད་པའི་གུས་པ་དང་ལྡན་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་མོན་མཁར་བཀྲིས་གདོང་དུ་སྦྱར་བའོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*