ས་སྐྱ་པའི་བཞི་མཆོད།

  ༼ཆོས་རྗེ་བླ་མ་ས་སྐྱ་པཎྡིཏའི་དུས་མཆོད།༽

རྩོམ་པ་པོ། མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས།

འཇམ་དབྱངས་རྣམ་སྤྲུལ་འཇམ་དབྱངས་ལུང་བསྟན་པ།།

འཇམ་དབྱངས་ཞལ་གཟིགས་འཇམ་དབྱངས་མངོན་སུམ་མཐོང་།།

འཇམ་དབྱངས་ཞེས་གྲགས་འཇམ་དབྱངས་བླ་མ་མཆོག།

འཇམ་དབྱངས་ས་པཎ་འཇམ་དབྱངས་ཁྱེད་ལ་འདུད།།

སྤྱི་བོའི་གཙུག་ཏོར་མཆོག་ཏུ་མངོན་པར་འཕགས།།

གསང་གནས་འཁོར་ལོ་ལྟ་བས་མི་མངོན་ཞིང་།།

སྨིན་མཚམས་མཛོད་སྤུ་ཁ་བ་དུང་ལྟར་འཁྱིལ།།

མཚན་དཔེ་རྒྱན་པའི་ས་སྐྱ་པཎ་ཆེན་རྒྱལ།།

གང་གི་ཞབས་སེན་ཆེ་དགུ་བཀའ་གཙང་ལུང་།།

རལ་པའི་ཐོར་ཅོག་རྩེ་མོར་དབང་བསྒྱུར་ཞེས།།

གངས་ཅན་མཁས་ཀུན་ཚོམས་ནས་ལྷུན་ངེས་བརྗིད།།

ས་འཛིན་དཀར་པོའི་སྟོན་པ་ཁྱེད་ལས་སུ།།

བྱང་ཕྱོགས་ཆོས་ལྡན་བཙན་པོའི་རྒྱལ་ཁམས་འདིར།།

ལོ་ཙཱ་ཆེ་བཞིའི་དམ་ཆོས་དྲི་མེད་ལུགས།།

བཀའ་བསྡུ་བཞི་པའི་སྲོལ་འབྱེད་ས་དཀར་ཞེས།།

ཆོ་རིགས་འཁོན་གདུང་སྟོན་པའི་ཤིང་རྟའི་གཉེན།།

ཐུབ་བསྟན་འོད་འབར་རལ་གྲི་མཁའ་རུ་འཕྱར།།

རྨོངས་པའི་ལྟ་ངན་འཁྲི་ཤིང་རྩད་ནས་གཅོད།།

རིགས་བདག་འཇམ་དཔལ་དབྱངས་དངོས་སྨྲ་བའི་ལྷ།།

བློ་གཏེར་སྨྲ་བའི་དབང་པོ་ས་པཎ་མཆོག།།

གཏན་ཚིགས་རིགས་པའི་དངོས་སྟོབས་གད་རྒྱངས་ཅན།།

མཁྱེན་རབ་ཟབ་ཡངས་རྒྱ་མཚོའི་ཀློང་འཁྱིལ་པ།།

རབ་མཛེས་གཙུག་གི་ནོར་བུ་རྒྱན་དུ་བྱོན།།

རབ་འབྱམས་རྒྱལ་བའི་ཡེ་ཤེས་འཇམ་པའི་དབྱངས།།

ལྷག་བསམ་དག་པའི་སེམས་བསྐྱེད་འཇུག་སྒོ་ནས།།

མགྲིན་ལག་ཟུང་གིས་རབ་དཀར་དགེ་བའི་རྒྱུན།།

ཅི་མཆིས་འཇམ་དབྱངས་ས་པཎ་རྣམ་པ་ཐར།།

དད་མོས་རབ་ཏུ་གཡོ་བས་ཧུབ་གཅིག་འདྲེན།།

༧ ཆོས་རྗེ་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་༼༡༡༨༢-༡༢༥༡༽མངོན་དགའ་ཞིང་དུ་གཤེགས་ནས་མི་ལོ་ཧྲིལ་བོ ༧༦༧ སོང་བའི་དུས་མཆོད་ཁྱད་པར་ཅན་འདིར་བཅོས་མིན་ཡིད་ཀྱིས་གུས་ཤིང་མོས་པའི་དྭངས་བ་འདྲེན་པའི་མགྲིན་ལག་ཟུང་གིས་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཀྱིས་སྦྱར།  བོད་ཟླ་ ༡༡ པའི་ཚེས ༡༤ ༢༠༡༨/༡༢/༢༡ རེས་གཟའ་པ་སངས།  ས་དཀར་བསུ། 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*