ས་འཇམ་སྦགས་སྒྲུབ་ཀྱི་འགྲེལ་བ་ཤེས་རབ་ཆར་འབེབས་ཞེས་བྱ་བ་བཞུགས་སོ།  

རྩོམ་པ་པོ། འགུ་ཟི་མཁྱེན་བཟང་།

༄།  །ན་མོ་གུ་རུ་བྷྱཿ   བླ་མ་མཁྱེན་ནོ་ས་སྐྱ་པ་ཆེན་པོ་མཁྱེན་ནོ།  །བཀའ་དྲིན་མཚུངས་པ་མ་མཆིས་པ་རྗེ་བཙུན་རྩ་བའི་བླ་མ་དམ་པ་རྣམས་དང་།   དབྱེར་མ་མཆིས་པ་སྐྱབས་གནས་ཀུན་འདུས་ཀྱི་བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་སྒོ་གསུམ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།  །ཐུགས་བརྩེ་བ་ཆེན་པོས་ཤེས་རབ་ཀྱི་རྗེས་སུ་གཟུང་དུ་གསོལ།                                            

                                                རྒྱལ་བསྟན་པ༷དྨ༷་དཀར་པོའི་དགའ་ཚལ་ནས།  །

                                               ད༷མ་ཆོ༷ས་སྦྲང་རྩིའི་དགའ་སྟོན་སྩོལ་མཛད་པ། །

                                                མཁས་གྲུབ་བུང་བས་ལེགས་པར་བསྟེན་པ་ཡི།  །

                                                དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།  །

                          འདི་རྗེ་ཉིད་ཀྱི་ཞལ་གསུངས་དངོས་ཡིན་པས་བྱིན་རླབས་ཀྱི་རྟེན་ཉིད་དུ་བཞག་པ་ཡིན།  

                                               རྣམ་གྲོལ་ལམ་སྟོན་སྟོན་པ་རྡོ་རྗེ་འཆང་།  །

                                               རྣམ་དག་ཐུབ་པའི་རྒྱལ་ཚབ་ས་སྐྱ་པ།  །

                                               རྣམ་པར་དཀར་བའི་བརྒྱུད་པ་དང་བཅས་པའི།  །

                                              རྣམ་ཀུན་མཁས་པའི་ཚོགས་ལ་གུས་པས་བཏུད།  །

                                              དམར་སེར་གཞོན་ནུ་མཚན་དཔེའི་སྤྲུལ་པའི་སྐུ།   །

                                              གླེགས་བམ་རལ་གྲི་ཅན་གྱི་ལྷ་མཆོག་དང་།   །

                                              དབྱེར་མེད་ས་སྐྱ་པཎ་ཆེན་ཞབས་ལ་བཏུད།   །

                                              མཁྱེན་གཉིས་སྣང་བ་རྒྱས་པའི་ཡེ་ཤེས་སྩོལ།   །

                                                འདི་ནི་མདོ་རྒྱུད་ཀུན་གྱི་སྙིང་པོའི་དོན།   །

                                               འདི་ནི་ཡོན་ཏན་མ་ལུས་འབྱུང་བའི་གནས།   །

                                              འདི་ནི་སངས་རྒྱས་སྒྲུབ་པའི་ལམ་མཆོག་ཡིན།  །

                                                བླ་མའི་རྣལ་འབྱོར་འདི་ནི་བཤད་པར་བྱ།   །

                 ཞེས་མཆོད་པ་བརྗོད་པའི་ཚིག་གིས་མདུན་བསུས་ནས་གང་ཞིག་གླེང་བར་བྱ་བའི་ཆོས་ནི།  

འཇམ་མགོན་ས་སྐྱ་པཎྜི་ཏའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་ཚུལ་མཁྱེན་བརྩེའི་ནུས་མཐུའི་ཆར་འབེབས་ཞེས་བྱ་བ་བཞུགས་སོ།  །ཞེས་གསུངས་པ་འདི་ཡིན་ལ། སྤྱིར་བླ་མེད་ཀྱི་དངོས་གཞིའི་ཉམས་ལེན་མ་ཟད་སྤྱོད་ལམ་ཐམས་ཅད་ལ་འཇུག་པའི་ཚེའང་ཅི་དང་ཅིར་སྣང་བ་ཐམས་ཅད་ལྷ་དང་།  ངག་ཏུ་བརྗོད་པ་ཐམས་ཅད་སྔགས་དང་།  སེམས་ཀྱིས་བསམ་པ་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་ཤེས་པར་བྱ་དགོས་ཏེ། རྗེ་ས་ཆེན་གྱིས། འགྲེང་འཆག་ཉལ་འདུག་ཐམས་ཅད་དུ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་མ་ཡིན་པར་ཐ་མལ་གྱི་རྣམ་རྟོག་སྐད་ཅིག་ཀྱང་མེད་པར་བྱས་ལ། ཞེས་གསུངས་པ་གཞིར་བྱས་ནས་སྒྲུབ་ཐབས་འདི་ཉམས་སུ་ལེན་པ་ལ་ཐོག་མར་སྔགས་བླ་མེད་ཀྱི་ཀྱེ་རྡོར་ལྟ་བུར་དབང་བཞི་སྔོན་དུ་སོང་བ་དང་།   དེ་ནས་བླ་མའི་རྣལ་འབྱོར་འདིའི་བྱིན་རླབས་ཐོབ་པ་ཞིག་གིས་ཉན་པ་དང་ཉམས་སུ་ལེན་དགོས་ཀྱི་དེ་ལས་གཞན་དུ་ན་དགོས་པ་ལས་དགག་བྱ་ཆེ་བ་ཡིན་ནོ།  །གཞན་དུ་ན་ཆོས་རྗེ་ཉིད་ཀྱིས་རབ་དབྱེ་སྐབས་གསུམ་པ་ལས། འཁོར་ལོ་བདེ་མཆོག་ལྟ་བུའི་དབང་བཞི་སྔོན་དུ་མ་སོང་བའི་གང་ཟག་ལ་རྡོ་རྗེ་ཕག་མོའི་བྱིན་རླབས་བྱེད་པ་ལ།   ལུང་རིགས་མན་ངག་དུ་མས་དགག་པའི་ཁུར་ཆེན་པོའི་འོག་ཏུ་སྦས་ཀྱང་།  དེང་གི་ས་སྐྱའི་བླ་ཆེན་དུ་ཁས་འཆེ་བ་ཁག་ཅིག་གིས།   མཁན་ཆེན་གཡག་ནས་བརྒྱུད་པའི་བླ་མའི་རྣལ་འབྱོར་འདིའི་བྱིན་རླབས་ཀྱང་དབང་བཞི་སྔོན་དུ་མ་སོང་བའི་གང་ཟག་ལ། གནང་བ་པོའི་གནང་ས་ཅི་རྙེད་ཞུ་བ་པོའི་ཞུ་ས་ཅི་རྙེད་བྱེད་པའི་གོམས་གཤིས་འདིའི་ར་བའི་ནང་དུ་ཡར་ལང་རྒྱབ་མ་བྱུང་ངམ།   དེ་ལྟར་མི་མཛད་པ་ཞུ་ཞེས་གསོལ་བ་རྩེ་གཅིག་ཏུ་བཏབ་ནས།  མཁའ་སྤྱོད་དང་ལམ་ཟབ་བིར་སྲུང་གི་བྱིན་རླབས་རྣམས་ཀྱི་སྔོན་དུ་བླ་མེད་ཀྱི་དབང་ཞིག་འགྲོ་དགོས་པ་བཞིན་དུ་འདིའང་དེ་དེ་བཞིན་ནོ།  །བླ་མ་དང་མགོན་པོ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ།  །ཞེས་ཡུལ་ཁྱད་པར་ཅན་བླ་མ་དམ་པ་དང་རྗེ་བཙུན་འཇམ་པའི་དབྱངས་གཉིས་དབྱེར་མ་མཆིས་པར་སྒོ་གསུམ་གུས་པས་ཕྱག་འཚལ་བ་ཡིན་ནོ།  །འདི་ཡི་དམ་ལྟར་དུ་གཙོ་བོ་སྒྲུབ་པ་མ་ཡིན་པར་བླ་མེད་ཀྱི་དབང་དུ་བྱས་པའི་བླ་མའི་རྣལ་འབྱོར་ཉིད་དུ་སྒྲུབ་པ་བྱ་བ་ཡིན་ནོ་ཞེས་མཚམས་སྦྱར་ནས།    

ད་ནི་ལས་དངོས་ལ་འཇུག་པར་བྱའོ།  །ཐོག་མར་དགེ་བ་སྐྱབས་འགྲོ་དང་སེམས་བསྐྱེད།  བར་དུ་དགེ་བ་དངོས་གཞིའི་ཉམས་ལེན།   ཐ་མར་དགེ་བ་བསྔོ་བ་དང་སྨོན་ལམ་གྱི་རྒྱས་བཏབ་པ་དང་གསུམ་ལས།   དང་པོ་ཕྱི་རོལ་པ་ལས་ཁྱད་པར་དུ་འཕགས་པའི་ཀུན་འདུས་ནོར་བུ་ལུགས་ཀྱི་སྐྱབས་འགྲོ་བཤད་པ།   ནང་པ་སངས་རྒྱས་པའི་ཉན་རང་དང་ལམ་གཞན་ལས་ཁྱད་པར་དུ་འཕགས་པའི་སེམས་བསྐྱེད་བཤད་པ་དང་།   ཕར་ཕྱིན་ཐེག་པ་ལས་ཁྱད་པར་དུ་འཕགས་པའི་འདི་ཚད་མེད་བཞི་བཤད་པའོ།  །དང་པོ་ནི།   འདིར་འཇམ་མགོན་ས་སྐྱ་པཎྜི་ཏའི་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པར་འདོད་པས།  བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་གྱིས་འདུག་ལ།  ཞེས་གསུངས་པས་ལུས་རྣམ་སྣང་ཆོས་བདུན་དང་ལྡན་པ་བྱས་ལ།  དེ་ནས་སྐྱབས་སུ་འགྲོ་བའི་རྒྱུ་ནི།   འཇིགས་པ་དང་།  དད་པ་དང་།  སྙིང་རྗེ་གསུམ་ལས།   དང་པོ་ནི།    རང་གཞན་སེམས་ཅན་རྣམས་དམྱལ་བ་ཚ་གྲང་དང་། ཡི་དྭགས་བཀྲེས་སྐོམ།   དུད་འགྲོ་བླུན་རྨོངས་བཀོལ་སྤྱོད་དང་།   ལྷ་འཆི་འཕོ་ལྟུང་དང་།   ལྷ་མ་ཡིན་འཐབ་རྩོད་དང་།   མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དེ་རྣམས་ཀྱི་ངོ་བོ་དང་ཚེ་ཚད་རྒྱུ་འབྲས་སོགས་ལ་བསམ་ནས་སྐྱབས་སུ་འགྲོ་སྟེ།   འཇིགས་སྐྲག་དང་སྡུག་བསྔལ་དེ་རྣམས་ལ་ཁ་ཙམ་ཚིག་ཙམ་མ་ཡིན་པར་དཔེར་ན་མེའི་རང་བཞིན་ཚ་ཞིང་བསྲེགས་པ་ལ་བསྲེག་པར་ལྟར་རང་ནུས་གང་ཡོད་ཐོག་ནས་ངེས་ཤེས་མ་སྐྱེའི་བར་དུ་བསྒོམ་ལ། འཇིགས་པ་དེ་ལས་སྐྱོབས་པའི་ཐབས་བླ་མ་དཀོན་མཆོག་གསུམ་ལས་གཞན་མེད་པར་ཐག་བཅད་པའོ།  །གཉིས་པ་དད་པ་ལ་དང་འདོད་ཡིད་ཆེས་གསུམ་ལས།   དང་པོ་ནི་སྤྱིར་དཀོན་མཆོག་དང་ཁྱད་པར་དུ་ས་སྐྱ་པཎ་ཆེན་ནི་སྤངས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ནས་མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག་ཡིན་པར་ཤེས་པས་ཡོན་ཏན་དེ་ལ་སེམས་རབ་ཏུ་དགའ་བ་ནི་དང་བའི་དད་པའོ། །གཉིས་པ་ནི། དེ་ལྟ་བུའི་ཡོན་ཏན་རྣམས་བདག་གཞན་སེམས་ཅན་ཐམས་ཅད་ཐོབ་པར་འདོད་པ་ལ་འདོད་པའི་དད་པའོ།  །གསུམ་པ་ནི།   སྐྱབས་ཡུལ་དེ་རྣམས་ལ་དགའ་དད་སྤྲོ་གསུམ་ཆེན་པོའི་ངང་ནས་ངེས་པ་གཏིང་ནས་རྙེད་པ་ལ་ཡིད་ཆེས་པའི་དད་པའོ།  །གསུམ་པ་སྙིང་རྗེ་ནི།   སྐྱབས་སུ་འགྲོ་མཁན་རིགས་དྲུག་གིས་བསྡུས་པའི་སེམས་ཅན་འདི་རྣམས།  འདོད་པ་བདེ་བ་འདོད་ཀྱང་ཐབས་ལ་མི་མཁས་པའི་དབང་གིས་སྡུག་བསྔལ་འབའ་ཞིག་ལ་ལོངས་སྤྱོད་པ་པོ་འདི་རྣམས་ཐར་བར་བྱ་བའི་ཕྱིར་དུ་སྟེ། དེའང་སོ་སོར་སྡུག་བསྔལ་ལས་སྒྲོལ་བའི་ནུས་པ་རང་ཉིད་གཅིག་པུ་ལ་མེད་ཀྱི།   གཞན་འཇིག་རྟེན་ན་ཆེ་བའི་ཡུལ་ལྷ་གཞི་བདག་ཚངས་པ་དང་བརྒྱ་བྱིན།  དེང་སང་འཛམ་བུ་གླིང་གི་རྒྱལ་ཁབ་སོ་སོའི་སྲིད་འཛིན་སོགས་སུ་ལའང་ཡོད་པ་མ་ཡིན་པས་སོ།   །དེས་ན་བླ་མ་དཀོན་མཆོག་གསུམ་མ་གཏོགས་གཞན་གང་ལའང་མེད་པས་སྐྱབས་སུ་འགྲོ་དགོས་པའི་ངེས་པ་འདྲེན་པའོ།  །སྐྱབས་སུ་འགྲོ་བའི་ཡུལ་དེ་ལ་སྤྱིར་ན།   ཐོ་བརྩེགས་སུ་བསྒོམ་པ་དང་།   ཁྲོམ་ཚོགས་སུ་བསྒོམ་པ་དང་།   ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པ་དང་གསུམ་ལས་འདིར་སྤྲོས་པ་ཆུང་ལ་བྱིན་བརླབ་མྱུར་བས་ན།  ཀུན་འདུས་ནོར་བུ་ལུགས་སུ་བསྒོམ་པ་འདི་རྟེན་འབྲེལ་ཆེ་བ་གསུངས་པས་དེ་བཤད་ན་སོ་སྐྱེ་ཐ་མལ་པ་ལ་སྣང་བའི་ཡུལ་དང་ཡུལ་ཅན་གྱི་ཆོས་ཡོད་དོ་ཅོག་མི་དམིགས་པ་སྟོང་པ་ཉིད་དུ་སྦྱང་ནས།   སྟོང་ཉིད་དེའི་ངང་ལས་མེ་ལོང་ནང་གི་གཟུགས་བརྙན་དང་ནམ་མཁའི་འཇའ་འཚོན་ལྟར་སྣང་ལ་རང་བཞིན་མེད་པའི་སྒོ་ནས་ས་གཞི་ཐམས་ཅད་ལ་མེ་ཏོག་རྣམ་པ་སྣ་ཚོགས་པའི་འཇའ་ཚོན་གྱི་རང་མདངས་ས་ལ་ལྷུང་བའི་མཛེས་སྡུག་ལྡན་པ།  མཐའ་ནས་ནགས་ཚལ་རྩི་ཤིང་རྣམས་ལོ་ཡག་སྙེ་མའི་ལང་ཚོ་ངོམ་ཞིང་།   རི་དྭགས་རྣམས་ནི་རྩེད་འཇོར་གཡེང་བ།   བྱ་རིགས་མཛེས་པའི་སྤུ་སྡུག་ངོམ་པ་སྙན་འགྱུར་སྣ་ཚོགས་རྣ་བའི་བདུད་རྩི་རུ་གྱུར་པ།   ཕྱོགས་མཚམས་རྣམས་སུ་དལ་བབས་ཀྱི་ཆུ་བོ་ཡན་ལག་བརྒྱད་དང་ལྡན་པ།   མཐོང་བ་ཙམ་གྱིས་བསམ་གཏན་འཁྲུང་སའི་གནས་ཕུན་སུམ་ཚོགས་པ་ཞིག་གསལ་བཏབ་ནས།   མདུན་གྱི་ནམ་མཁར་པད་ཟླའི་གདན་ལ་ས་སྐྱ་པཎྜི་ཏའི་ངོ་བོར་གྱུར་པའི་འཇམ་དབྱངས་དམར་སེར་ཆོས་འཆད་ཨུཏྤལ་གླེགས་རལ་ཅན་དར་དང་རིན་པོ་ཆེས་བརྒྱན་པ་རྡོ་སྐྱིལ་གྱིས་བཞུགས་པའི་སྐུ་དགེ་འདུན།  གསུང་དམ་ཆོས།  ཐུགས་བླ་མ་དང་སངས་རྒྱས་སུ་མོས་དྲུང་དུ་བདག་དང་མར་གྱུར་སེམས་ཅན་ཐམས་ཅད་འཁོད་ནས།  འཇིགས་དད་སྙིང་རྗེ་གསུམ་གྱིས་ཀུན་ནས་བསླངས་ཏེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་བསམ་པས་ཞེས་གསུངས་པའི་དོན་ནི། རང་གི་མདུན་གྱི་ནམ་མཁའ་ལ་དཔག་བསམ་གྱི་ཤིང་ངམ་ཡལ་ག་ལོ་མ་ཕུན་སུམ་ཚོགས་པ་ཞིག་གསལ་བཏབ།   དེའི་སྟེང་དུ་པདྨ་དང་ཟླ་བའི་གདན་གྱི་སྟེང་དུ་ཞལ་སྒྲུབ་པ་པོ་རང་ལ་བསྟན་ནས་རྩ་བའི་བླ་མ་དང་ཆོས་རྗེ་ས་སྐྱ་པཎྜི་ཏ་གཉིས་ངོ་བོར་དབྱེར་མེད་ཉིད་དུ་གྱུར་པ་བསྒོམས། རྣམ་པར་རྗེ་བཙུན་འཇམ་པའི་དབྱངས་སྐུ་མདོག་དམར་སེར་ཞལ་གཅིག་ཕྱག་གཉིས་ཀྱིས་ཆོས་འཆད་ཀྱི་ཕྱག་རྒྱ་དང་ཨུཏྤལའི་ཡུ་བ་ནས་བཟུང་ཞིང་གཡས་རལ་གྲི་དང་གཡོན་གླེགས་བམ་བསྣམས་པ།  དར་དང་རིན་པོ་ཆེའི་བརྒྱན་བརྒྱད་ཀྱིས་བརྒྱན་པ་ཞབས་རྡོ་རྗེ་སྐྱིལ་མོ་དཀྲུང་གིས་བཞུགས་པའི་སྐུ་དགེ་འདུན་དཀོན་མཆོག  །གསུང་དམ་ཆོས་དཀོན་མཆོག  །ཐུགས་བླ་མ་དང་སངས་རྒྱས་དཀོན་མཆོག་ཏུ་མོས་པའི་ཉམས་ལེན་འདིར་བྱིན་རླབས་ཤིན་ཏུ་མྱུར་བའི་རྟེན་འབྲེལ་ཡོད་པར་གསུངས།  ཡུལ་ཁྱད་པར་ཅན་དེའི་དྲུང་དུ་བདག་དང་མར་གྱུར་སེམས་ཅན་ཐམས་ཅད་འཁོད་ནས་འཇིགས་དད་སྙིང་རྗེ་གསུམ་གྱིས་ཀུན་ནས་བསླངས་ཏེ་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་བའི་བསམ་པ་དང་ལྡན་པ་བྱས་ལ། དེའང་བདག་གཞན་ཐམས་ཅད་ཀྱི་བདེ་སྡུག་གི་རྒྱུ་ལས་འབྲས་ཕྱིན་ཅི་མ་ལོག་པར་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་མཁྱེན་པས་ན་མཁྱེན་པའི་ཡེ་ཤེས་ཀྱང་མངའ་བའོ།  །དེ་ལྟར་མཁྱེན་པ་ཡོད་ཀྱང་སྡུག་བསྔལ་ལས་སྐྱོབ་པར་འདོད་པའི་བརྩེ་བ་མེད་ན་མི་ཕན་པས།   ཐུགས་དམིགས་པ་མེད་པའི་སྙིང་རྗེའི་གཞན་དོན་དུ་བུ་གཅིག་པུ་ཅན་གྱི་མའི་བརྩེ་བ་ལྟར་སེམས་ཉིད་སྙིང་རྗེ་ཆེན་པོའི་ངོ་བོ་རུ་གནས་པས་ན་རྒྱུན་མི་ཆད་པ་མངའ་བའོ།  །དེའང་མཁྱེན་བརྩེ་གཉིས་ཡོད་ཀྱང་ནུས་པ་མེད་ན་མ་ལག་ཞ་མའི་བུ་ཆུས་ཁྱེར་བ་བཞིན་སྐྱོབ་མི་ནུས་ཀྱང་།   དེ་ལྟར་མ་ཡིན་པ་གདུལ་བྱ་གང་ལ་གང་འདུལ་གྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་མངའ་བས་ན་མཁྱེན་བརྩེ་ནུས་པའི་ཡོན་ཏན་ཕུན་སུམ་ཚོགས་པ་མངའ་བ་ལ་མངའ་བ་ཡིན་པར་ཐོས་པས་གཏན་ལ་ཕབས་བསམ་པས་ཐག་གཅད་སྒོམ་པས་ངེས་ཤེས་སྐྱེ་བ་ལ་འབད་པ་གལ་ཆེའོ། །མདོར་ན་སྐྱིད་སྡུག་ལེགས་ཉེས་གང་བྱུང་ཡང་སྐྱབས་དང་སྐྱོབ་མགོན་དང་དཔུང་གཉེན་གཞན་དུ་མི་འཚོལ་བར་བླ་མ་དཀོན་མཆོག་ལ་བློ་སྙིང་བྲང་གསུམ་གཏད་ནས་སྐྱབས་སུ་འགྲོ་དགོས།  དེའང་བྲག་ཕུག་ལྟ་བུ་ལ་ཆར་པ་སྐྱོབ་པའི་ནུས་པ་ཡོད་ཀྱང་།  རང་གི་བློ་མ་བཀལ་བར་དེར་མ་སོང་ན་ཁ་ནས་བྲག་ཕུག་བྲག་ཕུག་ཅེས་བརྒྱ་སྟོང་བོས་ཀྱང་ཆར་བས་བངས་པ་ལ་མི་ཕན་པས།   ཐེ་ཚོམ་མེད་པར་སོང་ན་དེ་ལས་ངེས་པར་དུ་སྐྱོབ་པ་བཞིན་དུ།   སེམས་ཕྱི་རོལ་ཚོགས་དྲུག་གི་ཡུལ་ལ་ཡེངས་ནས་རྣམ་རྟོག་སྣ་ཚོགས་འཆར་བཞིན་པའི་ངང་ནས་སྐྱབས་འགྲོ་བརྒྱ་སྟོང་ཁྲི་འབུམ་ག་ཚོད་འདོན་ཡང་།  བསོད་ནམས་ཆ་མཐུན་གྱི་དགེ་རྩ་རེ་ལོས་ཡོད་མ་གཏོགས་ཐར་པ་ཆ་མཐུན་གྱི་དགེ་རྩ་ནི་མི་འབྱུང་ངོ་།  །དེས་ན་རང་གི་ལུས་གུས་པའི་སྒོ་ནས་ཕྱག་འཚལ་བ་བཞིན་དུ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ཀྱིས་ཀྱང་ཕྱག་འཚལ་བར་བསམ།   རང་གི་ངག་གུས་པའི་སྒོ་ནས་སྐྱབས་འགྲོ་འུར་སྒྲ་དང་བཅས་འདོན་པར་ལྟར་སེམས་ཅན་ཐམས་ཅད་ཀྱིས་ཀྱང་དེ་ལྟར་དུ་འདོན་པ་བསམ།  རང་གི་ཡིད་གུས་པས་སྒོ་ནས་གསོལ་བ་འདེབས་པ་བཞིན་དུ་གཞན་སེམས་ཅན་ཐམས་ཅད་ཀྱིས་ཀྱང་གསོལ་བ་འདེབས་པ་བསམ་མོ།  །དེས་ན་སངས་རྒྱས་ལ་ལམ་སྟོན་པ་པོ།  ཆོས་ལ་ལམ་དངོས།   དགེ་འདུན་ལ་ལམ་གྱི་ཟླ་གྲོགས་ཞུ་བའི་འདུན་པ་དང་བཅས།   ངག་ཏུ་བདག་དང་ཞེས་པས་སྒྲུབ་པ་པོ་རིག་པ་འཛིན་པའི་རྣལ་འབྱོར་པ་རང་དང་།  འགྲོ་བ་ཞེས་པ་ནི་རིགས་དྲུག་གིས་བསྡུས་པའི་སེམས་ཅན་རྣམས་སོ་སོའི་རྣམ་པར་མ་ཡིན་པར་མཐའ་ན་སྨྲ་ཤེས་དོན་གོ་མིའི་རྣམ་པར་ཅན་ཞིག་ངེས་པར་དུ་བསྒོམ་དགོས།  འདིར་བླ་མའི་རྣལ་འབྱོར་གཞིར་བྱས་ལ་རབ་ན་རང་དང་།   རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་འཇམ་དབྱངས་དམར་སེར་ཞལ་གཅིག་ཕྱག་གཉིས་པའམ།  ཡང་ན་ཆོས་རྗེ་ས་སྐྱ་པཎ་ཆེན་རྐྱང་རྐྱང་བསྒོམ་དགོས་པ་ནི་གཞུང་གི་དངོས་གཞིའི་ཉམས་ལེན་ཡིན་ནོ།  །འདིའི་གོང་འོག་བར་གསུམ་དུ་བླ་མའི་རྣལ་འབྱོར་གྱི་སྔོན་འགྲོ་དང་།  དངོས་གཞི་གཉིས་ཅི་རིགས་པ་འབྱུང་བ་ཤེས་དགོས།  ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཅེས་པ་ནི་ནམ་མཁའ་ལ་མཐའ་དང་ཚད་མེད་པའི་དཔེར་དེས་སེམས་ཅན་ལ་ཚད་དང་གྲངས་མེད་པས་སྐྱབས་སུ་འགྲོ་མཁན་ཤིན་ཏུ་མང་པོ་བསྒོམ་དགོས་ཞེས་པའི་དོན་ཏོ།  །དུས་འདི་ནས་བཟུང་སྟེ་ཞེས་པ་ནི་སྐབས་འདིར་ས་འཇམ་སྦགས་སྒྲུབ་ཀྱི་བྱིན་བརླབ་ཐོབ་པའི་དུས་དེའི་ཉིན་མོ་ནས་བཟུང་སྟེ་ཞེས་པའི་དོན་ཏོ།  །ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ་ཞེས་པ་ནི་དུས་དེ་རིང་ནས་བཟུང་སྟེ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་གོ་འཕང་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་རུ་མ་ཕྱིན་གྱི་བར་དུ་ཞེས་པའི་དོན་ཏོ།  །ཕྱོགས་བཅུ་དུས་གསུམ་གྱི་ཞེས་པ་ནི་ཤར་ཕྱོགས་ན་བཞུགས་པའི་རྡོ་རྗེ་སེམས་དཔའི་རིགས་ཀྱི་ལྷ་ཚོགས་དང་།   ལྷོ་ཕྱོགས་ན་བཞུགས་པའི་རིན་ཆེན་འབྱུང་ལྡན་གྱི་ལྷ་ཚོགས་རྣམས་དང་།   ནུབ་ཕྱོགས་ན་བཞུགས་པའི་འོད་དཔག་མེད་ཀྱི་ལྷ་ཚོགས་རྣམས་དང་།  བྱང་ཕྱོགས་ན་བཞུགས་པའི་དོན་ཡོད་གྲུབ་པའི་རིགས་ཀྱི་ལྷ་ཚོགས་རྣམས་དང་།  ཤར་ལྷོ་སངས་རྒྱས་སྤྱན་མ་དང་།   ལྷོ་ནུབ་ཏུ་མ་མཱ་ཀཱི།  ནུབ་བྱང་དུ་གོས་དཀར་མོ།   བྱང་ཤར་དུ་དམ་ཚིག་སྒྲོལ་མའི་ལྷ་ཚོགས་རྣམས་མཚམས་བཞི་དང་།   སྟེང་གི་རྣམ་པར་སྣང་མཛད་ཀྱི་ལྷ་ཚོགས་དང་།   འོག་གི་ས་སྤྱོད་མ་ལ་སོགས་པའི་རིགས་ཀྱི་ལྷ་ཚོགས་དང་བཅས་པའི་སངས་རྒྱས་རྣམས་དང་།   འདས་པའི་སངས་རྒྱས་འཁོར་བ་འཇིག་དང་གསེར་ཐུབ་འོད་སྲུང་སོགས་དང་།   མ་འོངས་པའི་སངས་རྒྱས་བྱམས་པ་མགོན་པོ་སོགས་དང་།   ད་ལྟའི་སངས་རྒྱས་སྟོན་པ་བཀའ་དྲིན་ཅན་ཤཱཀྱ་སེངྒེ་དང་བཅས་པ་ཐམས་ཅད་སྐབས་སུ་བབས་པ་ཆོས་རྗེ་འཇམ་དབྱངས་བླ་མ་ས་སྐྱ་པཎ་ཆེན་གྱི་ངོ་བོ་རུ་འདུས་པ་ཡིན་པས་ན་ས་སྐྱ་པཎ་ཆེན་ལ་སྐྱབས་སུ་སོང་ན་དེ་ཐམས་ཅད་ལ་སྐྱབས་སུ་འགྲོ་བའི་གོ་ཆོད་པ་ཡིན་ཞེས་པའི་དོན་ཏོ།   །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཞེས་པའི་དོན་ནི་རྒྱལ་བ་དེ་རྣམས་ཐུགས་ཟག་མེད་ཆོས་སྐུ་དེ་བཞིན་ཉིད་དག་པ་གཉིས་ལྡན་གྱི་ངང་དུ་གནས་པ་ལས་དུས་ནམ་ཡང་གཡོ་བ་མེད་ཅེས་པའི་དོན་ཏོ།   །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོ་ཞེས་པའི་དོན་ནི་ངོ་བོ་བླ་མ་དང་ཆོས་རྗེ་ས་སྐྱ་པཎ་ཆེན་ཡིན་པ་ལ་རྣམ་པ་འཇམ་དབྱངས་དམར་སེར་གྱི་སྐུ་རྣམ་པར་སྣང་མཛད། གསུང་འོད་དཔག་མེད།   ཐུགས་མི་བསྐྱོད་པ།   ཡོན་ཏན་རིན་ཆེན་འབྱུང་ལྡན།  ཕྲིན་ལས་དོན་ཡོད་གྲུབ་པ་དེ་ཐམས་ཅད་ཀྱི་བདག་ཉིད་ཀུན་འདུས་ནོར་བུ་ལུགས་ཀྱི་ངོ་བོ་གཅིག་ཏུ་གནས་པ་ཡིན་ཞེས་པའི་དོན་ཏོ།  །ཆོས་ཀྱི་ཕུང་པོ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་འབྱུང་གནས་ཞེས་པའི་དོན་ནི་གདུལ་བྱ་འདོད་ཆགས་ལ་སྤྱོད་པའི་གཉེན་པོར་ཚུལ་ཁྲིམས་ཀྱི་བསླབ་པ་གཙོ་བོར་སྟོན་པ་འདུལ་བའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་དང་།   ཞེ་སྡང་ལ་སྤྱོད་པའི་གཉེན་པོར་ཏིང་ངེ་འཛིན་གྱི་བསླབ་པ་གཙོ་བོར་སྟོན་པ་མདོ་སྡེའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་།   གཏི་མུག་ལ་སྤྱོད་པའི་གཉེན་པོར་ཤེས་རབ་ཀྱི་བསླབ་པ་གཙོ་བོར་སྟོན་པ་མངོན་པའི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་།   དུག་གསུམ་ཆ་མཉམ་ལ་སྤྱོད་པའི་གཉེན་པོར་གསང་སྔགས་ཀྱི་སྡེ་སྣོད་ཉི་ཁྲི་ཆིག་སྟོང་ཡིན་ཞེས་སྟོན་པ་བཀའ་དྲིན་ཅན་གྱིས་ཀུན་བྱེད་རྒྱལ་པོའི་རྒྱུད་ལས་འབྱུང་བས་ན་འདིའང་དེ་ལྟར་དུ་ཉམས་སུ་བླངས་དགོས་ཞེས་པའི་དོན་མ་ཡིན་ནམ།  སྤྱིར་ན་ཆོས་ཞེས་པ་དེ་འཆོས་ཞེས་པའི་གོ་དོན་ཡིན་པས་དུག་གསུམ་གྱིས་ཀུན་ནས་སློང་བའི་ལུས་ངག་ཡིད་གསུམ་གྱི་བྱ་བ་ཐམས་ཅད་འདིར་ཇི་སྲིད་སྤང་གཉེན་རོ་གཅིག་ཏུ་མ་འདྲེས་ཀྱི་བར་དུ་བསྒྱུར་བཅོས་བཏུག་ནས་ལུས་ངག་ཡིད་གསུམ་ལྷ་སྔགས་ཡེ་ཤེས་གསུམ་གྱི་ཁྱེར་སོ་ལས་མི་འདའ་བ་རྒྱུན་སྐྱོང་དགོས་ཞེས་པའི་དོན་ཡིན་ནོ།   །འཕགས་པའི་དགེ་འདུན་ཐམས་ཅད་ཀྱི་མངའ་བདག་ཅེས་པའི་དོན་ནི་སོ་སོའི་སྐྱེ་བོའི་ས་ལས་རིང་དུ་འཕགས་པའི་གང་ཟག་རྣམས་དགེ་བའི་བྱ་བ་ལ་གཅིག་ཏུ་འདུན་པ་ནམ་ཡང་མི་ཕྱེད་པ་མངའ་བའི་བདག་ཉིད་ཆེན་པོ་ཡིན་པས་ན་དེ་སྐད་ཅེས་བྱའོ།  །རྗེ་བཙུན་ཞེས་པ་ནི་དད་པ་ཅན་རྣམས་སྲིད་པ་ཁམས་གསུམ་འཁོར་བའི་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་སྒྲོལ་བར་མཛད་པ་པོ་ཡིན་ཞེས་པའི་དོན་ནོ།  །རྩ་བ་དང་བརྒྱུད་པར་བཅས་པའི་ཞེས་པ་ནི་རིགས་དང་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག  །སྐྱབས་གནས་ཐམས་ཅད་འདུས་པའི་ངོ་བོ།   རང་ལ་དབང་བཞིའམ་ས་འཇམ་སྦགས་སྒྲུབ་ཀྱི་བྱིན་རླབས་དངོས་སུ་གནང་མཁན་གྱི་བཀའ་དྲིན་བླ་ན་མ་མཆིས་པ་དཔལ་མགོན་བླ་མ་དམ་པ་དང་དེའི་བླ་མ་དང་ཡང་དེའི་བླ་མ་སོགས་ནས་རྒྱལ་བ་རྡོ་རྗེ་འཆང་ངམ།  ཡང་ན་མཁན་ཆེན་གཡག་གི་བར་གྱི་བླ་མ་རྣམས་ལ་བརྒྱུད་པའི་བླ་མ་ཡིན་པས་དེ་རྣམས་ལ་མོས་གུས་ཀྱི་ངང་ནས་འབོད་ཅེས་པའི་དོན་ཏོ།   །དཔལ་ལྡན་བླ་མ་དམ་པ་རྣམས་ལ་སྐྱབས་སུ་མཆིའོ།   །ཞེས་པ་ནི་དོན་དམ་བདེན་པ་རྟོགས་པའི་ཐབས་སམ་དམིགས་བཅས་བསོད་ནམས་ཀྱི་ཚོགས་དང་།   ཆོས་ཐམས་ཅད་ཀྱི་གནས་ལུགས་སྤྲོས་པ་ཐམས་ཅད་བྲལ་བའམ་དམིགས་མེད་ཡེ་ཤེས་ཀྱི་ཚོགས་གཉིས་ཀྱི་དཔལ་དང་ལྡན་པས་ན་དཔལ་ལྡན་ཞེས་དང་།   བླ་མའི་སྐད་དོད་ལ་གུ་རུ་ཞེས་འབྱུང་དེའང་ལྕི་བ་སྟེ།  ཡོན་ཏན་གྱི་ཁུར་གྱིས་ལྕི་བས་ན་བླ་མ་སྟེ།  རང་ལ་དམ་ཆོས་འདུལ་བ་ནས་བཤད་པའི་གནས་ཀྱི་བླ་མ་ཡན་ཆད་ལའང་བླ་མ་ཞེས་པ་ནས་བཟུང་སྟེ།   འདི་དམ་པ་ཞེས་པ་དང་འབྲེལ་བས་ན་དབང་བསྐུར་རྒྱུད་བཤད་མན་ངག་མནོས་པའི་རྡོ་རྗེ་སློབ་དཔོན་དེ་ལ་གསོལ་བ་ཕུར་ཚུགས་སུ་བཏབ་ན་ཚེ་འདིའམ་བར་དོ་སོགས་སུ་སངས་རྒྱས་འབྱིན་པར་ནུས་པས་ན་དམ་པ་སྟེ།  དེ་རྣམས་ལ་སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས།  ༡ སངས་རྒྱས་ཀུན་འདུས་ཕྱི་ཡི་བླ་མ་ལ་ཅི་མཛད་ལེགས་པར་མཐོང་བ་དང་།  ཅི་གསུང་སངས་རྒྱས་ཀྱི་བཀའ་བཞིན་དུ་གདམས་ངག་ཡིན་པའི་ངེས་ཤེས་དང་།  ༢ སེམས་ཉིད་འོད་གསལ་ནང་གི་བླ་མ་ལ་ནི་བླ་མ་དྲན་པ་ཙམ་གྱིས་བླ་མའི་ཡོན་ཏན་དྲན་དེ་ལ་བརྟེན་ནས་མིག་ནས་མཆི་མ་དང་ལུས་ཀྱི་བ་སྤུ་ལྡང་ནས་ངེས་འབྱུང་སྤུ་སུད་མ་དང་།  སྐྱོ་ཤས་ཕྱོགས་རེ་བ། མོས་གུས་བྱ་རྒོང་ལྟ་བུར་མ་ཡིན་པར་ཡིད་ལེགས་པར་འཁུལ་ཐུབ་པའི་མྱོང་བ་ཁྱད་པ་ཅན་མོས་གུས་བཅོས་མ་མ་ཡིན་པ་ཞིག་ལ་གོ་དགོས། ༣ རང་བཞིན་སྤྲོས་བྲལ་དོན་གྱི་བླ་མ་ནི་རང་སེམས་གསལ་སྟོང་ཟུང་འཇུག་བརྗོད་པ་ཐམས་ཅད་དང་བྲལ་བ་ཀུན་གཞིའམ་བདེ་གཤེགས་སྙིང་པོ་འོད་གསལ་ལམ།  གང་ལྟར་གསལ་བ་རྒྱུན་ཆགས་མ་འགགས་པའི་ཟུང་འཇུག་འདུས་མ་བྱས་ཀྱི་ཡེ་ཤེས་དེའི་ངང་ལས་མ་གཡོས་པར་ཆོས་སྐུའི་རང་ཞལ་མཇལ་བ་དེའོ། །མདོར་ན་ཕྱི་ནང་གསང་གསུམ་གྱི་བླ་མའི་སྐུ་གསུང་ཐུགས་གསུམ་དང་རང་གི་ལུས་ངག་ཡིད་གསུམ་དབྱེར་མེད་མངོན་དུ་མ་གྱུར་གྱི་བར་དུའམ་སྣང་སྲིད་ཐམས་ཅད་བླ་མའི་རྣམ་རོལ་མ་ཤར་གྱི་བར་དུ་སྐྱབས་སུ་མཆིའོ་ཞེས་པའི་དོན་ཏོ།  །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་སྐྱབས་སུ་མཆིའོ།  །ཞེས་པ་ནི་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་ཀྱིས་བསྡུས་པའི་ཆོས་ཀུན་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་བཞིན་དུ་མཁྱེན་པའི་དཀྱིལ་འཁོར་མ་ལུས་པ་ཡོངས་སུ་རྫོགས་པ་དང་།   སྒྲིབ་གཉིས་ཀྱི་དྲི་མ་མ་ཟད་སྔགས་ཀྱི་ཐུན་མོང་མ་ཡིན་པའི་ཤིན་ཏུ་ཕྲ་བའི་འཁོར་བའམ་འཕོ་བའི་བག་ཆགས་དང་བཅས་པ།  མདོར་ན་རྣམ་ཤེས་ཚོགས་བརྒྱད་དང་དེའི་འཁོར་དུ་བྱུང་བའི་སེམས་བྱུང་རང་བཞིན་བརྒྱད་ཅུའི་རྟོག་པ་ཡོད་དོ་ཅོག་ཡེ་ཤེས་ལྔ་དང་སྐུ་བཞིའི་ངོ་བོ་རུ་གནས་གྱུར་པ་ཡིན་པས་ན་སངས་རྒྱས་ཞེས་དང་།   བདུད་བཞི་བཅོམ་ཞིང་དབང་ཕྱུག་ལ་སོགས་པའི་ཡོན་ཏན་དྲུག་གི་སྐལ་པ་དང་ལྡན་པ་སྟེ། མདོར་ན་སྐྱོན་ཡིན་ན་ཁོང་ལ་མེད་པས་ཁྱབ།   མཐར་ཐུག་གི་ཡོན་ཏན་ཡིན་ན་ཁོང་ལ་ཡོད་པས་ཁྱབ་ཅེས་པའི་དོན་ཡིན་ལ།  དེས་ན་མ་རིག་གཉིད་ལས་སངས་ཕྱིར་དང་།  །ཤེས་བྱ་ལའང་བློ་རྒྱས་ཕྱིར།   །སངས་རྒྱས་པདྨ་ལྟར་སངས་རྒྱས།  །དེ་ཕྱིར་སངས་རྒྱས་ཞེས་བྱའོ།  །ཞེས་དང་།  དམ་པའི་ཆོས་རྣམས་ལ་སྐྱབས་སུ་མཆིའོ།   །ཞེས་པ་ནི་སྐྱེས་བུ་དམ་པ་རྫོགས་པའི་སངས་རྒྱས་ཀྱི་ཞལ་ནས་གསུངས་པའི་ལུང་གི་ཆོས་སྡེ་སྣོད་གསུམ་དང་རྒྱུད་སྡེ་བཞིའམ། མདོར་ན་གསུང་རབ་ཡན་ལག་བཅུ་གཉིས་དང་། རྟོགས་པའི་ཆོས་དེ་དག་གི་ཐུགས་རྒྱུད་ལ་བཞུགས་པའི་འགོག་བདེན་དང་ལམ་བདེན་གྱིས་བསྡུས་པ་རྣམས་སོ།  །འཕགས་པའི་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ།  །ཞེས་པ་ནི་རང་ལས་བསླབ་པ་རྒན་པ་ཡན་ཆད་ཀྱི་དཔེའི་ཡེ་ཤེས་རྒྱུད་ལ་སྐྱེས་པ་ནས་རིག་གྲོལ་གྱི་ཡོན་ཏན་བརྒྱད་དང་ལྡན་པའི་རྒྱལ་སྲས་འཕགས་པ་རྣམས་དང་།  སངས་རྒྱས་ཀྱི་རྒྱུད་ཀྱི་ཡོན་ཏན་ཡོད་དོ་ཅོག་མ་ཚང་བ་མེད་པ་འདུས་པའི་ངོ་བོ་རུ་གྱུར་པའི་འཇམ་དབྱངས་དམར་སེར་གྱི་ཕྱི་ནང་གསང་གསུམ་དང་སྐྱེ་མཆེད་ཀྱི་ལྷ་རྣམས་གདན་གསུམ་ཚང་བའི་ལྷ་ཚོགས་ཀྱི་ངོ་བོ་རུ་འདུས་པ་རྣམས་སོ།  །མདོར་ན་དཔལ་ལྡན་བླ་མ་ཞེས་པའི་ཚེ་རྩ་བརྒྱུད་ཀྱི་བླ་མ་ཀུན་འདུས་པའི་ངོ་བོ་རྩ་བའི་བླ་མ་དང་དབྱེར་མེད་པའི་ཆོས་རྗེ་ས་སྐྱ་པཎ་ཆེན་ལ་སེམས་གཏད།  སངས་རྒྱས་ལ་ཞེས་པའི་ཚེ་རྣམ་པ་འཇམ་དབྱངས་དམར་སེར་གྱི་ཟག་མེད་ཀྱི་ཕུང་པོ་ལྔ་པོ་དེ་ཉིད་ཡེ་ཤེས་ལྔ་དང་རྒྱལ་བ་རིགས་ལྔ་ཡུམ་དང་བཅས་པའི་ངོ་བོར་བཞུགས་པར་བསམ།   དམ་པའི་ཆོས་ཞེས་པའི་ཚེ་དེའི་ཐུགས་རྒྱུད་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་རྣམས་བསམ།   འཕགས་པའི་དགེ་འདུན་ཞེས་པའི་ཚེ་ཕྱིའི་ལྷ་གཟུགས་ཕུང་རྣམ་སྣང་སོགས་དང་ནང་གི་སྐྱེ་མཆེད་ཀྱི་ལྷ་མིག་བྱང་ཆུབ་སེམས་དཔའ་སའི་སྙིང་པོ་དང་གཟུགས་རྡོ་རྗེ་མ་ལ་སོགས་པ་དང་།   གསང་བའི་ཚིག་མཚམས་ཀྱི་ལྷ་རང་འོད་ཀྱི་ཡུམ་དང་བཅས་པའི་གཤིན་རྗེ་གཤེད་སྔོན་པོ་སོགས་ཁྲོ་བོ་བཅུ་རང་འོད་ཀྱི་ཡུམ་དང་བཅས་པའི་གདན་གསུམ་ཚང་བའི་ལྷ་ཚོགས་ལ་སེམས་གཏད་ནས་སྐྱབས་སུ་འགྲོ་དགོས་པ་ཡིན་ནོ།  །ཞེས་པ་གསུམ་སོགས་ཅི་ནུས་བརྗོད་ཅེས་གསུངས་སོ།  །ཐལ་མོ་སྦྱར་ལ་ཞེས་གསུངས་པས་མཐར་རྡོ་རྗེའི་ཐལ་མོ་སྙིང་གར་སྦྱར་ཏེ།   སྤྱིར་ན་མུ་སྟེགས་ཀྱི་ཐལ་མོ་ལྟ་བུ་ཅར་ལེབ་ཏུ་སྦྱར་བ་མ་ཡིན་པར་ཐལ་མོ་ཁོང་སྟོང་དང་།   དེ་ལའང་མཉམ་པའི་ཐལ་མོ་དང་རྡོ་རྗེའི་ཐལ་མོ་གཉིས་ཡོད་པས་འདིར་སོར་མོ་རྣམས་ཕན་ཚུན་བསྣོལ་ཏེ་རྡོ་རྗེའི་ཐལ་མོ་ཡིན།  དེའང་ཚར་ཆེན་གྱིས་རླུང་སེམས་དབུ་མ་འདུས་པའི་རྟེན་འབྲེལ་ཡིན་པ་བཤད་པས་ན་བླ་མེད་ཁོ་ནའི་ཁྱད་ཆོས་ཡིན་ནོ།  །དེ་ནས་བླ་མ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ།  །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ།  ཞེས་བརྗོད་པས་ནི་སྐྱབས་ཡུལ་དེའི་ཐུགས་ཀ་ནས་འོད་ཟེར་དམར་པོའམ་སྣ་ཚོགས་འཕྲོས་སྐྱབས་སུ་འགྲོ་བ་པོ་རྣམས་ལ་ཕོག་པས།   འཁྲུལ་བའི་སྣང་ངོ་ལ་སེམས་ཅན་ཐམས་ཅད་དང་དེའི་རྒྱུད་ཀྱི་ཉོན་མོངས་པའི་སྡིག་པ་དང་ཤེས་བྱའི་སྒྲིབ་པ་སོགས་དག་ནས་ལུས་ཟག་མེད་འཇའ་ལུས་དང་།  སེམས་རྟོག་མེད་ཆོས་སྐུ་རུ་གནས་གྱུར་ནས་སངས་རྒྱས་ཀྱི་ས་རུ་རང་རང་གི་རིགས་དང་མཐུན་པར་དག་པའི་ཞིང་དུ་གཤེགས་པའམ་མདོར་ན་དཀོན་མཆོག་གསུམ་གྱི་བྱིན་རླབས་རྒྱུད་ལ་ཞུགས་ནས་རང་སེམས་གསལ་སྟོང་ཟུང་འཇུག་རང་ངོ་རང་གིས་ཤེས་སོང་བ་ཡིན་ནོ།   །དེ་ནས་སྐྱབས་ཡུལ་རྣམས་རང་ལ་ཐིམ་པ་བསམ་ཞེས་པ་ནི་དེའང་འཇམ་དབྱངས་དམར་སེར་དེའི་དཔྲལ་བ་ལས་འོད་ཟེར་དཀར་པོའི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས་རང་གི་སྤྱི་བོར་ནས་ཐིམ།   ལུས་ཀྱི་སྒོ་ནས་བསགས་པའི་སྲོག་གཅོད་པ་དང་མ་བྱིན་པ་ལེན་པ་འདོད་ལོག་སྤྱོད་པ་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བའི་ཉེས་པ་དང་།  རྩ་སྔོན་གཅོད་པ་སོགས་བཅས་པའི་ཁ་ན་མ་ཐོ་བ་དང་།  མདོར་ན་ལུས་ཀྱི་སྒོ་ནས་སྐྱེ་བ་འདི་དང་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་པ་དང་སྒྲིབ་པ་དག་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དངོས་གྲུབ་དང་བྱིན་རླབས་ཐམས་ཅད་ཞུགས་ནས་རང་གི་ལུས་དང་དབྱེར་མེད་དུ་གྱུར་པ་བསམ།    ཡང་སྐྱབས་ཡུལ་དེའི་མགྲིན་པ་ནས་འོད་ཟེར་དམར་པོ་འཕྲོས་རང་གི་མགྲིན་པར་ཐིམ།  ངག་གི་སྒོ་ནས་བསགས་པའི་རྫུན་ཕྲ་མ་ཚིག་རྩུབ་ངག་འཆལ་སོགས་དུག་གསུམ་གྱིས་ཀུན་ནས་བསླང་བའི་ང་རྒྱལ་ཁྱོད་ཕམ་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་། ཆབ་སྲིད་དང་བུད་མེད་ཀྱི་གཏམ་སོགས་བཅས་པའི་ཁ་ན་མ་ཐོ་བ་དང་།    མདོར་ན་ངག་གི་སྒོ་ནས་སྐྱེ་བ་འདི་དང་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དག་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དངོས་གྲུབ་དང་བྱིན་རླབས་ཐམས་ཅད་ཞུགས་ནས་རང་གི་ངག་དང་དབྱེར་མེད་བསམ།  ཡང་སྐྱབས་ཡུལ་དེའི་ཐུགས་ཀར་ནས་འོད་ཟེར་སྔོན་པོ་འཕྲོས་རང་གི་སྙིང་གར་ཐིམ།  ཡིད་ཀྱི་སྒོ་ནས་བསགས་པའི་བརྣབ་སེམས་དང་གནོད་སེམས་ལོག་ལྟ་སོགས་ཕ་རོལ་པོ་ལ་ང་རྒྱལ་དང་ཕྲག་དོག་གིས་ཀུན་ནས་བསླང་བའི་བསམ་པ་ངན་པ་སོགས་རང་བཞིན་གྱི་ཁ་ན་མ་ཐོ་བ་དང་།  འདོད་པ་ཆེན་པོ་དང་ཆོག་མི་ཤེས་པ་ཧ་ཅང་རེ་དོགས་ཆེ་བའི་འཇིག་རྟེན་ཆོས་བརྒྱད་སོགས་བཅས་པའི་ཁ་ན་མ་ཐོ་བ་དང་།  མདོར་ན་ཡིད་ཀྱི་སྒོ་ནས་སྐྱེ་བ་འདི་དང་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དག་ནས་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དངོས་གྲུབ་དང་བྱིན་རླབས་ཐམས་ཅད་ཞུགས་ནས་རང་གི་སེམས་དང་དབྱེར་མེད་བསམ།   དེ་ནས་སྐྱབས་ཡུལ་དེ་ཐད་ཀར་རང་ལ་ཐིམ་ནས་རང་དང་འཇམ་དབྱངས་དམར་སེར་གཉིས་དབྱེར་མེད་རོ་གཅིག་ཏུ་འདྲེས་པར་བསམ་མོ། །དེའང་རྣལ་འབྱོར་དབང་ཕྱུག་གིས།   ལུས་ངག་ཡིད་ཀྱི་སྒྲིབ་པ་གང་།  །བག་ལ་ཉལ་དང་བཅས་ལས་གྲོལ།  །སྐུ་གསུང་ཐུགས་དང་ཡེ་ཤེས་ཀྱི།  །རྡོ་རྗེ་རྣམས་དང་དབྱེར་མེད་འགྱུར།  །ཞེས་གསུངས་པའི་ཕྱིར།   །ཡང་ན་མི་དམིགས་པའི་ངང་དུ་བཞག་ཅེས་གསུངས་སོ། །དེས་ན་སྐྱབས་འགྲོ་འཁོར་འདས་དབྱེར་མེད་ཀྱི་སྟེང་དུ་ཅུང་ཟད་མཉམ་པར་བཞག་པར་བྱའོ།  །དེའི་ཕན་ཡོན་ནི་སངས་རྒྱས་ལ་སྐྱབས་སུ་སོང་ན་རང་ཉིད་སངས་རྒྱས་པའི་རྟེན་འབྲེལ་ཡོད།   ཆོས་ལ་སྐྱབས་སུ་སོང་བས་ན་མ་འོངས་པ་ན་ཆོས་ཀྱི་འཁོར་ལོ་རིམ་པ་གསུམ་དུ་བསྐོར་བའི་རྟེན་འབྲེལ་ཡོད།   དགེ་འདུན་ལ་སྐྱབས་སུ་སོང་ན་རིགས་ཅན་གསུམ་གྱི་གདུལ་བྱ་རྒྱ་མཚོ་ལྟ་བུ་འདུས་པའི་རྟེན་འབྲེལ་ལམ་བྱེད་ཡོད་པར་དམ་པ་གོང་མས་གསུངས་སོ།   །

གཞན་ཡང་སྣང་བ་གསུམ་དང་རྒྱུད་གསུམ་གྱི་ཉམས་ལེན་རྣམས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་འདི་ལ་ཚང་སྟེ།  དང་པོ་རང་ངོ་མ་ཤེས་པའི་སྐབས་སུ་བསྐྱབ་བྱ་ཉིད་དུ་གྱུར་པའི་རང་དང་རིགས་དྲུག་གིས་བསྡུས་པའི་འཁོར་བའི་སེམས་ཅན་དང་།   སེམས་ཅན་ལ་མ་དག་པའི་སྣང་བ་རྣམས་རྒྱུ་རྒྱུད་ཡིན།  བར་དུ་ཅུང་ཟད་རང་ངོ་ཤེས་པའི་སྐབས་སུ་བསྐྱབ་བྱ་དང་སྐྱོབ་བྱེད་གཉིས་རང་སེམས་དག་པའི་འཆར་སྒོ་ཙམ་མ་གཏོགས་ཕྱི་རོལ་པས་འདོད་པ་ལྟར་ཕྱི་རོལ་དུ་ཡོད་པ་མི་འཛིན་པར་ཐ་དད་མེད་པར་ངེས་པའི་ཉམས་ལེན་དང་།   རྣལ་འབྱོར་པ་ལ་ཉམས་ཀྱི་སྣང་བ་རྣམས་ཐབས་རྒྱུད་ཡིན།  འདི་ལ་རྒྱུའི་སྐྱབས་འགྲོ་ཡང་ཟེར།    མཐར་རང་ངོ་རང་གིས་ཤེས་པའི་དུས་སུ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཀུན་སྐྱབས་ཡུལ་དག་པའི་སྣང་བ་ལས་མི་འདའ་བས་སྣང་སྲིད་དག་པ་རབ་འབྱམས་ཀྱི་ངོར་བདེ་བ་གཤེགས་པ་ལ་སྐུ་མི་ཟད་པའི་རྒྱན་གྱི་འཁོར་ལོ་དང་འབྲས་རྒྱུད་ཡིན་ནོ།   །འདི་ལ་འབྲས་བུ་སྐྱབས་འགྲོ་ཡང་ཟེར་གང་ལྟར་དེ་རྣམས་བླ་ན་མེད་པའི་སྐྱབས་འགྲོ་ཡིན་ནོ།   །འདིའི་སྦྱང་གཞི་ནི་སོ་ཐར་གྱི་སྡོམ་པ་དང་འགལ་བའི་བཅས་རང་གཉིས་དང་སྐྱབས་སུ་འགྲོ་མི་འོས་པ་ལ་སྐྱབས་སུ་སོང་བ་དང་།  སྐྱབས་སུ་འགྲོ་འོས་པ་ལ་སྐྱབས་སུ་མ་སོང་བ་དང་།  འདི་ཕྱི་བར་དོ་གསུམ་གྱི་འཇིགས་སྐྲག་སོགས་འཁྲུལ་བའི་སྣང་བ་རྣམས་ཀྱིས་མཚོན་ནས་མ་དག་ཐ་མལ་ཉིད་དུ་སྣང་བའི་སྣོད་བཅུད་ཀྱི་འཆར་སྒོའི་བག་ཆགས་དང་བཅས་པ་ཐམས་ཅད་ནི་སྦྱང་གཞི་ཡིན།   དེ་ཐམས་ཅད་ཀྱང་འདིར་དཀོན་མཆོག་གསུམ་གྱི་རྣམ་རོལ་ཙམ་དུ་ཤེས་ནས་སྐྱབས་འགྲོའི་རྣམ་པར་བསྒྱུར་ཏེ་ཉམས་སུ་ལེན་པ་ནི་སྦྱོང་བྱེད་ཡིན།   དེ་ལ་བརྟེན་ནས་སྣང་སྲིད་ཐམས་ཅད་བླ་མ་དཀོན་མཆོག་གསུམ་པོའི་རྣམ་པར་ཉིད་དུ་འཆར་བའི་ཉམས་ལེན་ནི་སྦྱང་འབྲས་ཟེར། དེ་ལྟར་སྦྱང་གཞི་སྦྱོང་བྱེད་ངོ་སྤྲོད་པ་འདི་ལ་ལམ་བྱེད་བཞི་ཡང་ཚང་སྟེ།    སྦྱང་གཞི་དེ་དག་སྦྱོང་བྱེད་དཀོན་མཆོག་གསུམ་གྱི་རྣམ་པར་བསྒྱུར་བ་ནི་རྣམ་པ་ལམ་བྱེད།   རྣམ་པ་དེ་ཉིད་དཀོན་མཆོག་གསུམ་ཡིན་པར་མོས་པ་ནི་མོས་པ་ལམ་བྱེད།   དེའང་འབྲས་དུས་ཀྱི་དཀོན་མཆོག་གསུམ་དངོས་ཡིན་པར་བསྒོམ་པ་ནི་འབྲས་བུ་ལམ་བྱེད།    དེ་ལྟར་བསྒོམས་པས་ནམ་ཞིག་ལ་འབྲས་དུས་ཀྱི་དཀོན་མཆོག་གསུམ་ཐོབ་པར་འགྱུར་བའི་རྟེན་འབྲེལ་འགྲིག་པ་ནི་བྱིན་རླབས་ལམ་བྱེད་ཡིན་ནོ།   །དེས་འོག་མ་རྣམས་ལའང་འགྲེའོ།    །

གཉིས་པ་ནང་པ་སངས་རྒྱས་པའི་ཉན་རང་དང་ལམ་གཞན་ལས་ཁྱད་པར་དུ་འཕགས་པའི་སེམས་བསྐྱེད་བཤད་པ་ནི།  ངག་ཏུ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ།   དེའི་ཆེད་དུ་འཇམ་དབྱངས་བླ་མའི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ།  །ལན་གསུམ་སོགས་ཀྱིས་སེམས་བསྐྱེད་ཅེས་གསུངས་པ་དེའང་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་འདོད་པ་དེ་སྨོན་པ་སེམས་བསྐྱེད་དང་།   དེ་ཐོབ་པའི་ཆེད་དུ་ས་སྐྱ་པཎ་ཆེན་སྒོམ་པ་དང་།  ཤེས་བྱ་མ་འདོན་ནས་གསོལ་བ་འདེབས་པ་དང་།  ཨ་ར་པ་ཙའི་སྔགས་བཟླས་པའི་སྒོ་ནས་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ས་འཇམ་སྦགས་སྒྲུབ་ཉམས་སུ་ལེན་པ་ནི་འཇུག་པ་སེམས་བསྐྱེད་ཡིན།   དེའི་རྒྱུ་སྙིང་རྗེ་དགོས་པས་ནམ་མཁའ་ལ་མཐའ་མེད་པ་བཞིན་དུ་རང་ངོ་རང་གིས་མ་ཤེས་པའི་འཁྲུལ་བའི་སེམས་ཅན་ཚད་བཟུང་དུ་མེད་པས་བདག་ཏུ་འཛིན་པའི་རིམས་ནད་ལས་མ་གྲོལ་བའི་སྨྱོན་པ་བཞིན་དུ་མ་རིག་པའི་རྒྱུ་བྱས་པ་ལ་བརྟེན་ནས་བྱུང་བའི་ལས་ཉོན་ལ་གྲངས་མེད།   དེ་འདྲའི་ལས་ངན་བསགས་ཚད་དང་ལུས་ངན་བླང་ཚད་ཀྱི་སེམས་ཅན་འདི་རྣམས་རང་རེའི་ཕ་མ་མ་བྱས་པ་གཅིག་ཀྱང་མེད།  ཕ་མ་འདི་རྣམས་དྲིན་ཅན་ཤ་སྟག་ཡིན་པས་འཁོར་བའི་སྡུག་བསྔལ་ལ་ལོངས་སྤྱོད་པས་ན་སྙིང་རེ་རྗེ།  སྙིང་རྗེའོ་བྱས་ནས་བཞག་པས་མི་ཕན་སྡུག་བསྔལ་ལས་བསྒྲལ་ཏེ་བདེ་བ་ལ་འགོད་དགོས།   དེའི་ནུས་པ་བདག་ལ་མེད།   སུ་ལ་ཡོད་ན་རྫོགས་པའི་སངས་རྒྱས་འཇམ་དབྱངས་དམར་སེར་དང་།  ཆོས་རྗེ་ས་སྐྱ་པཎ་ཆེན་ཁོང་རྣམ་པ་ལ་ཡོད་པས་བདག་གིས་དྲིན་ཅན་ཕ་མ་འདི་རྣམས་སྡུག་བསྔལ་རྒྱུ་དང་བཅས་པ་ལས་གྲོལ་ནས་གཏན་བདེ་བླ་མེད་ཐོབ་པའི་ཕྱིར་དུ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཉམས་སུ་བླང་པར་བགྱིའོ་སྙམ་པའི་སེམས་བསྐྱེད་པ་ནི་ཀུན་རྫོབ་སེམས་བསྐྱེད་དོ།  །སྤྱིར་ན་ཕ་མ་སེམས་ཅན་འདི་རྣམས་གནས་ལུགས་ཟབ་མོ་ལ་སྒྲིབ་པའི་མ་རིག་པས་མིག་ལྡོངས།  དམ་ཆོས་ཟབ་མོའི་འཁར་བ་དང་བྲལ།  དགེ་བའི་བཤེས་གཉེན་གྱི་དམིགས་བུས་ནི་བོར།   མཐོ་རིས་དང་ཐར་པའི་ངལ་སྟེགས་འཆོལ།   འཁོར་བའི་གཡང་དུ་ལྷུང་།  ངན་སོང་གསུམ་གྱི་བཙོན་རར་འཁྱམས་པའི་འགྲོ་བ་འདི་རྣམས་ལ་སྙིང་རྗེ་རེ་བསྒོམ།  འདི་དག་འཁོར་བའི་བཙོན་ར་ལས་འདོན་པའི་ནུས་པ་བདག་ལ་མེད།   སུ་ལ་ཡོད་ན་སྟོན་པ་བཀའ་དྲིན་ཅན་ལ་ཡོད།  ཁོང་ལ་མཁྱེན་པའི་སྤྱན་རས་ནི་གསལ།   ཐུགས་བརྩེ་བ་ཆེན་པོའི་བརླན་དང་ལྡན།   སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བས།  རང་ཉིད་ཀྱི་གནས་སྐབས་ལུས་སེམས་བདེ་བ་སོགས་ཁྱད་དུ་གསད་ཕ་མ་སེམས་ཅན་རྣམས་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་བསྒྲུབ་པར་བྱའོ་སྙམ་དུ་སེམས་བསྐྱེད་དོ།  །རྒྱུད་ལས།  བྱང་ཆུབ་སེམས་དང་མི་ལྡན་ན།  །བསྐྱེད་རིམ་བརྟན་པོ་ཐོབ་གྱུར་ཀྱང་།  །བཟླས་བརྗོད་མང་ཡང་རུ་ཏྲར་སྐྱེ།  །དེ་བས་སེམས་བསྐྱེད་སྔོན་དུ་ཐོངས།   །ཞེས་དང་།  ཞི་བ་ལྷས།   བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས།  །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས།  །བདེ་གཤེགས་རྣམས་ཀྱི་སྲས་སུ་བརྗོད་བྱེད་ཅིང་།  །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར།  །ཞེས་གསུངས་པས་སོ།  །མདོར་ན་བསམ་པ་བཟང་པོ་ཞིག་རྒྱུད་ལ་མ་སྐྱེས་པ་རྣམས་བསྐྱེད་པ་དང་།  སྐྱེས་པ་མི་ཉམས་པ་དང་།  མི་ཉམས་པ་གོང་ནས་གོང་དུ་འཕེལ་བའི་ཐབས་ལ་འབད་དགོས་པ་ནི་གནད་དོན་སྙིང་པོ་ཞིག་ཡིན་ནོ།  །དེའང་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་སེམས་ལས་ལོགས་སུ་གྲུབ་པ་མེད་ཅིང་།   སེམས་དེ་ཉིད་རང་བཞིན་གདོད་མ་ཉིད་ནས་སྟོང་ཞིང་གཟུང་འཛིན་གྱི་སྤྲོས་པ་དང་བྲལ་བས་བདག་མེད་པ་ཡིན་ནོ་སྙམ་དུ་གནས་ལུགས་ལ་མཉམ་པར་བཞག་པ་ནི་དོན་དམ་སེམས་བསྐྱེད་ཡིན་ནོ།   །འདི་འདྲའི་རིགས་ལ་ལན་གསུམ་རེ་གསུངས་ཀྱང་སྐྱབས་འགྲོ་ལྟར་ཉེར་གཅིག་སོགས་བཟླས་ན་ཧ་ཅང་བཟང་བ་ཡིན།   འདིའི་སྦྱང་གཞི་ནི་ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས་གཞན་ལ་བསམ་ངན་བྱས་པ་དང་།   སེམས་བསྐྱེད་མི་འོས་པ་ལ་བསྐྱེད་པ་དང་།   བསྐྱེད་འོས་པ་ལ་མ་བསྐྱེད་པ་ལ་སོགས་པའི་སེམས་སྣང་བག་ཆགས་དང་བཅས་པ་ཐམས་ཅད་ནི་སྦྱང་གཞི་འཁོར་བ་ཡིན་ལ།   སེམས་བསྐྱེད་ཀྱི་རྣལ་འབྱོར་ནི་སྦྱོང་བྱེད་མྱང་འདས་ཡིན།   དེ་གཉིས་དབྱེར་མེད་དམ་ཟུང་འཇུག་ཏུ་ཉམས་སུ་ལེན་པ་ནི་སེམས་བསྐྱེད་ཀྱི་སྦྱངས་འབྲས་འཁོར་འདས་དབྱེར་མེད་ཡིན་ནོ།   །

གསུམ་པ་མདོ་ལས་ཁྱད་པར་དུ་འཕགས་པའི་ཚད་མེད་བཞི་བཤད་པ་ནི། ཡུལ་མ་དག་པ་ལ་བརྟེན་ནས་ཚོགས་བསགས་པ་ཞེས་ཀྱང་བྱ་སྟེ།  གུར་ལས།  ཚངས་པའི་གནས་ནི་བཞི་པོ་ཡིས།  །སེམས་ཀྱི་ངལ་ནི་བསོ་བར་བྱ།  །ཞེས་པའི་དོན་ནི།   སེམས་ཅན་ཐམས་ཅད་བདེ་བ་དང་ཞེས་སོགས་ཚད་མེད་བཞི་བསྒོམ། ཞེས་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་སྔོན་པོ་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག  །བདེ་བ་རྒྱུ་འབྲས་དང་བཅས་པ་ལྡན་པར་བྱས།   བྱམས་པ་ཚད་མེད་ཀྱི་ངོ་བོ་རུ་བཀོད་པར་བསམ།   ཡང་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་དཀར་པོ་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག  །སྡུག་བསྔལ་རྒྱུ་འབྲས་དང་བཅས་པ་བྲལ་བར་བྱས།   སྙིང་རྗེ་ཚད་མེད་ཀྱི་ངོ་བོ་རུ་བཀོད་པར་བསམ།   ཡང་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་དམར་པོ་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག  །སྡུག་བསྔལ་མེད་པའི་བདེ་བ་རྒྱུ་འབྲས་དང་བཅས་པ་མི་འབྲལ་བར་བྱས།   དགའ་བ་ཚད་མེད་ཀྱི་ངོ་བོ་རུ་བཀོད་པར་བསམ།   ཡང་རང་གི་སྙིང་གའི་ཧཱུྃ་ལས་འོད་ཟེར་སྣ་ཚོགས་འཕྲོས་སེམས་ཅན་ཐམས་ཅད་ལ་ཕོག  །ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ཚད་མེད་ཀྱི་ངོ་བོ་རུ་བཀོད་པར་བསམ།  དེའང་ཚད་མེད་ཅེས་པའི་དོན་ནི་དམིགས་ཡུལ་སེམས་ཅན་ཚད་མེད་པ་ལ་དམིགས་ནས་ཡུལ་ཅན་གྱི་བློ་དེའང་ཚད་བཟུང་དུ་མེད་པའི་སྙིང་རྗེ་དང་ཤེས་རབ་ཀྱི་ངོ་བོ་རུ་གནས་པ་ཡིན་པས་ན་དེ་སྐད་ཅེས་བྱའོ།   །རང་གི་ད་ལྟའི་དྲིན་ཆེན་ཨ་མ་ལྟ་བུ་ཞིག་ཡིད་ཀྱི་ཡུལ་དུ་བྱ།   མ་རྒན་སེམས་ཅན་འདི་ཚེ་རབས་ཐམས་ཅད་དུ་རྒྱུ་མི་དགེ་བ་འབྲས་བུ་སྡུག་བསྔལ་དང་བྲལ་ནས་རྒྱུ་བདེ་བ་དང་འབྲས་བུ་བདེ་བ་ལ་འགོད་ཐུབ་པ་ཞིག་བྱུང་ན་ཅི་མ་རུང་སྙམ།  དེའི་ཆེད་དུ་རང་གི་བདེ་སྐྱིད་དང་གཅེས་འཛིན་རྣམས་དོར་ཏེ།   དྲིན་ཆེན་ཨ་མའི་སྡུག་བསྔལ་དང་མི་འདོད་པ་རང་ལ་བླང་།   རང་གི་བདེ་བ་དང་དགེ་བ་དྲིན་ཆེན་ཨ་མ་ལ་སྦྱིན་སྙམ་པས་དྲིན་ཆེན་ཨ་མའི་སྡུག་བསྔལ་རྒྱུ་དང་བཅས་པ་བདག་ལ་སྨིན་པར་གྱུར་ཅིག་ཅེས་བརྗོད།  མདོར་ན་རང་དོན་ཡིད་བྱེད་ཀྱི་གཅེས་འཛིན་བཏང་སྟེ་བདག་གི་བདེ་བ་དང་དགེ་བ་ཁྱོད་ལ་སྨིན། ཁྱོད་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་བདག་ལ་སྨིན་པར་གྱུར་ཅིག  །དེའང་།  བདག་ལ་དེ་དག་སྡིག་སྨིན་ཞིང་།  །བདག་དགེ་མ་ལུས་དེར་སྨིན་ཤོག  །ཅེས་གསུངས་པའི་ཕྱིར། དེ་ནས་ཕ་སོགས་གཞན་ལའང་རིགས་འགྲེ།   འདིའི་སྦྱང་གཞི་ནི་ཚད་མེད་བཞིའི་མི་མཐུན་ཕྱོགས་དང་འབྱུང་བ་བཞི་རྣམས་ཡིན་ལ།   སྦྱོང་བྱེད་ཚད་མེད་བཞིའི་རྣམ་པར་བསྒྱུར་ནས་ཉམས་སུ་ལེན་པའོ།  །སྦྱངས་འབྲས་ནི་ཚངས་པ་སྒྲིབ་བྲལ་སངས་རྒྱས་ཉིད་ཅེས་གསུངས་པའི་སངས་རྒྱས་དེ་ཐོབ་པའོ།  །

གཉིས་པ་བར་དུ་དགེ་བ་དངོས་གཞི་ཉམས་ལེན་ལ། ཡེ་ཤེས་ཀྱི་ཚོགས་བསགས་པ་དང་།  སྤྱིར་བོ་དམ་ཚིག་སེམས་དཔའ་བསྐྱེད་པ་དང་།   ཆོས་རྗེ་ཉིད་ཀྱི་བསྟོད་པ་བཤད།  བཟླས་པ་དངོས་ལ་འཇུག་པ།   འདོད་དོན་ཞུ་བ་དང་བཅས་ལྔ་ཡོད་པ་ལས།  དང་པོ་ཡེ་ཤེས་ཀྱི་ཚོགས་བསགས་པ་ནི།  སཾ་པུ་ཊ་ལས།  དང་པོ་སྟོང་ཉིད་སྒོམ་ནས་ནི།  །ལུས་ཅན་རྣམས་ཀྱི་དྲི་མ་བཀྲུས།  །ཞེས་གསུངས་པའི་ཡེ་ཤེས་ཚོགས་བསགས་ཀྱི་སྐབས་སུ།   ཨོཾ་སྭ་བྷཱ་ཝ་ཤུདྡྷཿཞེས་པ་ནི་རང་བཞིན་གྱི་རྣམ་པར་དག་པའི།   སརྦ་དྷརྨ་ཞེས་པ་ནི་ཆོས་ཐམས་ཅད།   སྭ་བྷཱ་ཝ་ཤུདྡྷོཿཞེས་པ་ནི་རང་བཞིན་གྱི་རྣམ་པར་དག་པ།   ཨ་ཧཾ་ཞེས་པ་ནི་ངའོ་ཞེས་ཆོས་ཐམས་ཅད་སྣང་སྟོང་སྒྱུ་མ་ལྟར་བུར་སྦྱངས་ཞེས་བརྗོད་པ་ཡིན་ནོ།  །རྗེ་བཙུན་རྩེ་མོས།   བཙན་ཐབས་སུ་སྟོང་ཉིད་བསྒོམ་པ་དང་།   གཤིག་ནས་སྟོང་ཉིད་བསྒོམ་པ་གཉིས་ལས་འདི་དང་པོ་ཡིན་ལ་དེའང་སྔགས་བརྗོད་པ་དང་།  དེའི་དོན་དྲན་པ་ཙམ་གྱིས་སྟོང་ཉིད་དུ་བསྒོམ་པའོ།  །སྤྱིར་ན་བླ་མེད་ཀྱི་སྐབས་སུ་སྔོན་འགྲོའི་དབང་དུ་བྱས་པའི་ལྟ་བ་དང་།  དངོས་གཞིའི་སྐབས་ནས་བསྟན་པའི་ལྟ་བ་དང་གཉིས་ཡོད་པས་འདི་དང་པོ་ཡིན་ལ།  དེ་ལའང་སྣང་བཅས་དང་སྣང་མེད་གཉིས་ཡོད་པ་ལས་འདིར་སྣང་མེད་དུ་བསྒོམ་པ་ཡིན་ཏེ། མདོ་ལས།  མིག་དང་རྣ་བ་སྣ་ཡང་ཚད་མ་མིན།  །ཞེས་སོགས་ཡིད་ཀྱང་ཚད་མ་མིན་ཞེས་ངེས་དོན་ཉིད་དུ་བཀྲལ་བ་དང་། རྩ་རྒྱུད་བརྟག་གཉིས་ལེའུ་ལྔ་པ་ལས།  ངོ་བོ་གཟུགས་མེད་མཐོང་བ་པོ།  །སྒྲ་མེད་ཐོས་པ་པོ་ཡང་མེད།  །དྲི་མེད་སྣོམ་པ་པོ་ཡང་མེད།  །རོ་མེད་མྱོང་བ་པོ་ཡང་མེད།  །རེག་མེད་རེག་པ་པོ་ཡང་མེད།  །སེམས་མེད་སེམས་ལས་བྱུང་བའང་མེད། །ཅེས་དང་། ལྷ་སོ་སོའི་དག་པའམ་སྣང་བ་ལྷའི་འཁོར་ལོ་སྒོམ་ཚུལ་དང་།  ད་ལྟའི་སྣང་བ་འདི་སྦྱང་གཞི་ཡིན་པའི་ཚུལ་དང་།   ས་ཆེན་གྱིས་རིགས་པས་དཔྱད་པའི་སྟོང་ཉིད་མི་སྒོམ་པར་སྔགས་བརྗོད་པ་ཙམ་གྱིས་སྟོང་པར་ཉིད་དུ་སྦྱངས་པས་སྟོང་ཉིད་བཙན་ཐབས་སུ་བསྒོམས་ཞེས་གསུངས་པ་དང་། སློབ་དཔོན་རིན་པོ་ཆེས།  སྣང་ལ་རང་བཞིན་མེད་པ་སྒོམ་པ་དང་།  སྣང་མེད་དུ་སྒོམ་པ་གཉིས་ལས་འདི་སྣང་མེད་དུ་སྒོམ་པ་ཡིན་ཞེས་གསུངས་པ་དང་། རྗེ་བཙུན་གྱི་གུར་རྒྱན་ལས།  སྣང་མེད་དུ་བསྒོམ་ཚུལ་རྐྱང་རྐྱང་དང་།   ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་ཟླ་ཟེར་དང་།  ཀུན་མཁྱེན་མཁས་པའི་དབང་པོ་བསོད་ནམས་སེངྒེའི་མན་ངག་རྣམ་བཤད་དང་།  ཚར་ཆེན་རྡོ་རྗེ་འཆང་བློ་གསལ་རྒྱ་མཚོའི་ཉི་ཟེར་དང་།  རྫོང་པ་ཀུན་དགའ་རྣམ་རྒྱལ་གྱི་ཉིན་བྱེད་སྣང་བ་སོགས་དཔལ་ལྡན་ས་སྐྱ་པའི་ཕ་ཆོས་ཐུན་མོང་མ་ཡིན་པའི་མན་ངག་ལུགས་ཉིད་དུ་བཀྲལ་བའི་དམ་པའི་སྐྱེས་ཆེན་ཉི་ཟླ་ལྟ་བུས་སྣང་མེད་དུ་བསྒོམ་པར་གསུངས་སོ།  །དེ་ལྟར་དུ་གསུངས་པར་མ་ཟད་རྗེ་རིན་པོ་ཆེའི་དབུ་མ་རང་རྒྱུད་པས་འདོད་པ་ལྟར།  སྣང་བའི་སྟེང་དུ་བདེན་པ་བཀག་དགོས་ཀྱི་སྣང་བ་ཉིད་བཀག་མི་ཉན་པའི་ཚུལ་དང་།  ཐ་སྙད་ཚད་གྲུབ་ཅེས་པའི་གྲུབ་མཐའ་དེའི་ར་བའི་ནང་དུ་བླ་མེད་ཀྱི་རྒྱུད་སྡེ་མཐའ་དག་ཡོད་ཚུལ་གསུངས་པ་ལ།  ཀུན་མཁྱེན་བླ་མས་ཤིན་ཏུ་མི་འཐད་པའི་ཚུལ་ལུང་རིགས་མན་ངག་དུ་མ་གསུངས་པ་རྣམས་མ་བརྗེད་པ་གལ་ཆེའོ།  །མདོར་ན་ངེས་དོན་གྱི་མདོ་རྒྱུད་དང་རྗེ་བཙུན་གོང་མའི་དགོངས་པ་ནི་ཐལ་འགྱུར་བའི་ལུགས་མཆོག་དེ་ཉིད་ཡིན་པས་ད་ལྟའི་སྣང་བ་འདི་དཀག་པ་ཡིན་གྱི།  རང་སྟོང་ཉི་ཚེ་བ་རང་རྒྱུད་པ་དང་རྗེ་རིན་པོ་ཆེས་ཐ་སྙད་ཚད་གྲུབ་ལྟ་བུ་ད་ལྟའི་སྣང་བ་འདི་མི་བཀག་པ་ནི་མ་ཡིན་ནོ།  །འདི་རྒྱས་པར་ཁོ་བོས་གཞན་དུ་བཤད་ཡོད། དེས་ན་སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་འོད་གསལ་སྟོང་པ་ཉིད་དུ་ཤེས་པར་བྱས།    འདིའི་སྦྱང་གཞི་ནི་རང་སེམས་གསལ་ཙམ་ཀུན་གཞིའི་སྟེང་དུ་སྔར་ཤི་བ་དང་།    མ་འོངས་པ་འཆི་བར་འགྱུར་བ་དང་།   སྣོད་ཀྱི་འཇིག་རྟེན་སྔར་ཞིག་པ་དང་།   མ་འོངས་པ་འཇིག་པར་འགྱུར་བའི་སེམས་སྣང་བག་ཆགས་དང་བཅས་པ་ཐམས་ཅད་ཡིན་ལ།    སྦྱོང་བྱེད་ནི་ཡེ་ཤེས་ཚོགས་བསག་གི་རྣལ་འབྱོར་ལ་བརྟེན་ནས་ལམ་དུ་བྱེད་པ་ཡིན་ལ།   སྦྱངས་འབྲས་ནི་དེ་ལ་བརྟེན་ནས་ཡེ་ཤེས་ལྔའི་རང་བཞིན་སྟོང་པ་ཉིད་རང་ངོ་ཤེས་པའི་འབྲས་བུ་ཆོས་སྐུ་མངོན་དུ་བྱས་པ་ཡིན་ནོ།  ། 

གཉིས་པ་ས་སྐྱ་པཎ་ཆེན་བསྐྱེད་པ་ལ།  སྤྱི་བོར་དམ་ཚིག་སེམས་དཔའ་བསྐྱེད་པ་ལ།   དེ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་བཅས་སྤྱན་དྲངས་པ། དེ་ཉིད་དམ་ཚིག་སེམས་དཔའ་ལ་བསྟིམས་པ།   རང་ཉིད་ལྷ་སྐུ་བསྐྱེད་ནས་གནས་གསུམ་བྱིན་གྱིས་བརླབ་པ་དང་བཞི་ལས།   དང་པོ་ལ་དམ་ཚིག་སེམས་དཔའ་བསྐྱེད་པ་དང་།   དེ་ལ་རྩོད་པ་སྤང་བ་དང་གཉིས་ལས།  དང་པོ་ནི།   སྟོང་པའི་ངང་ལས་མེ་ལོང་ནང་གི་གཟུགས་བརྙན་དང་ནམ་མཁའི་འཇའ་ཚོན་ལྟ་བུའི་ངང་ནས་རང་གི་ལུས་འོད་ཀྱི་རང་བཞིན་དུ་གསལ་བའི་སྤྱི་བོ་ལ། འཁོར་བར་གནས་ཀྱང་འཁོར་བའི་སྐྱོན་གྱིས་མ་གོས་པའི་བརྡར་པདྨ་འདབ་མ་སྟོང་ལྡན་ཁ་ཕྱེ་མ་ཐག་པ་ལྟ་བུ་ཟིལ་པ་ཕྲོམ་མེ་དྲི་བསུང་དང་ལྡན་པའི་ཟེའུ་འབྲུ་ལ། བྱང་ཆུབ་ཀྱི་སེམས་རྒྱས་པ་དང་སྤང་རྟོགས་ཀྱི་ཡོན་ཏན་ནམ་མཁའི་མཛོད་ལ་མངའ་བརྙེས་པའི་བརྡར་སྟོན་ཀའི་ཟླ་བ་ཡར་ཚེས་བཅོ་ལྔའི་དཀྱིལ་འཁོར་ཉ་གང་བ་ལྟ་བུའོ།   །དེའི་སྟེང་དུ་ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་དེ་ཉིད་ལ།   ངོ་བོ་འཇམ་དབྱངས་དམར་སེར་ལ་རྣམ་པ་ས་སྐྱ་པཎྜི་ཏ་སེམས་ཅན་ལ་རྗེས་སུ་ཆགས་པར་མཚོན་པས་ན་སྐུ་མདོག་དམར་པོ་དང་།   སངས་རྒྱས་ཀྱི་ཡོན་ཏན་རྒྱས་པས་ན་སེར་པོ་སྟེ། མདོར་ན་སྙིང་རྗེ་ཆེན་པོའི་གཞན་དོན་ཕྲིན་ལས་མཛད་པའི་བརྡར་སྐུ་མདོག་དམར་སེར་ཡིན་ནོ།   །སྐུ་མདོག་གུར་གུམ་གཞོན་ནུའི་མདོག་ཅན་དང་།  ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་སུ་རོ་གཅིག་ཏུ་རྟོགས་པས་ན་ཞལ་གཅིག་པ།   བདེན་པ་གཉིས་ཐུགས་སུ་ཆུད་པས་ན་ཕྱག་གཉིས་པའོ།  །རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་རྟོགས་པའི་ཤེས་རབ་དེས་སྲིད་པ་འཁོར་བའི་མཐའ་མནན། མཛེས་པའི་སྙིང་རྗེས་ཞི་བ་ཕྱོགས་གཅིག་པའི་མྱང་འདས་ཀྱི་མཐའ་མནན་ནས། སྲིད་ཞི་གཉིས་ཀྱི་མཐའ་ལ་མི་གནས་པའི་ཟུང་འཇུག་ཆེན་པོའི་སྐུར་བཞུགས་པས་ན་ཞབས་གཉིས་རྡོ་རྗེ་སྐྱིལ་དཀྲུང་གི་བཞུགས་པའོ།  །སེམས་ཅན་གང་ལ་གང་འདུལ་གྱི་ཆོས་རྒྱུན་མི་འཆད་པར་སྟོན་པས་ན་ཕྱག་གཉིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པའོ།  །ཕྱག་གཡས་མཐེབ་མཛུབ་ཀྱིས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་ནས་བཟུང་བའི་མེ་ཏོག་པད་མའི་འདབ་མ་སྙན་གཡས་པའི་ཐད་ཀར་ཁ་བྱེ་བའི་སྟེང་ན་ཤེས་རབ་ཆེན་པོས་སེམས་ཅན་རྣམས་ཀྱི་སྡུག་བསྔལ་རྒྱུ་དང་བཅས་པ་རེ་དོགས་དང་གཉིས་སུ་སྣང་བའི་སྒྲིབ་གཉིས་ཀྱི་བྲག་རི་ལྟ་བུ་གཅོད་པར་བྱེད་པའི་བརྡར་ཕྱག་གཡས་པས་ཤེས་རབ་ཀྱི་རལ་གྲི་མེ་འབར་བ་ནམ་མཁའ་ལ་འཕྱར་ཞིང་།  ཕྱག་གཡོན་པས་མཐེབ་མཛུབ་ཀྱིས་ཨུཏྤ་ལའི་ཡུ་བ་ཐུགས་ཀར་བཟུང་བའི་འདབ་མ་སྙན་གཡོན་པའི་ཐད་སོར་ཁ་བྱེ་བའི་སྟེང་ན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་བརྒྱད་སྟོང་པའམ་འཇམ་དཔལ་རྩ་རྒྱུད་ལྟ་བུའི་པུ་སྟི་དེའང་གླེགས་བམ་གླེགས་ཤིང་གླེགས་ཐག་དང་བཅས་པ་བཞུགས་ཡོད་པའོ། །དེའང་ས་སྐྱ་པཎ་ཆེན་ཐུགས་རྒྱུད་ཀྱི་མཁྱེན་བརྩེ་ནུས་གསུམ་པོ་དེ་ཕྱག་མཚན་འདི་གསུམ་གྱིས་མཚོན་སྟེ།  རལ་གྲིས་བདག་ཏུ་འཛིན་པའི་རིམས་ནད་ངན་པ་བདུད་བཞི་ཚར་གཅོད་པའི་ནུས་པ་མཚོན།  གླེགས་བམ་གྱིས་ཟབ་རྒྱས་ཆོས་ཀྱི་འཁོར་ལོ་བསྐོར་བའི་ཤེས་རབ་ཁྱད་པར་ཅན་བདག་མེད་རྟོགས་པའི་མཁྱེན་པ་མཚོན། ཨུཏྤལ་གྱིས་བརྩེ་བ་སྙིང་རྗེ་ཆེན་པོ་མཚོན་དེའང་མཁྱེན་པ་དང་ནུས་པ་གཉིས་སྙིང་རྗེ་ལ་བརྟེན་པར་མཚོན་པ་ཡིན་ནོ། །ཕྱག་ཞབས་འཁོར་ལོའི་མཚན་དང་རུས་སྦལ་ཞབས།  །ཞེས་སོགས་ཀྱི་ཕྱག་དང་ཞབས་ལ་ཆོས་ཀྱི་འཁོར་ལོའི་རྩིབས་སྟོང་དང་ལྡན་པའི་རི་མོ་ཡོད་པ་སོགས་ནས་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་།   ཐུབ་པའི་སེན་མོ་ཟངས་མདོག་དང་།  །ཞེས་སོགས་ཀྱི་འདུ་བྱེད་དང་འདོད་ཆགས་རང་ངོ་ཤེས་ནས་འོད་དཔག་མེད་ཀྱི་ངོ་བོ་དང་།   མཛེས་པའི་སྙིང་རྗེ་ཆེན་པོའི་རྩལ་ལས་དུས་ནམ་ཡང་གཡོ་བ་མེད་པའི་བརྡར་སེན་མོ་ཟངས་ཀྱི་མདོག་ལྟར་དམར་བ་སོགས་དཔེ་བྱད་བཟང་པོ་བརྒྱད་ཅུས་རྒྱན་པ།  ཤེས་བྱ་རིགས་པའི་གནས་མཐའ་དག་ཐུགས་སུ་ཆུད་ནས་བོད་ལ་དེའི་སྲོལ་འབྱེད་ཀྱི་པཎྜི་ཏའི་བརྡ་དབུ་ལ་ས་ཞུ་དང་།   སྟོན་པ་སྤྲུལ་པའི་སྐུའི་རབ་བྱུང་གི་ཆ་ལུགས་དང་ལྡན་པ་ལྟར་སྣམ་སྦྱར་དང་བླ་གོས་མཐང་གོས་དེ་གསུམ་སྐུ་ལ་གསོལ་བས་ཆོས་གོས་རྣམ་གསུམ་དེའང་སྔོན་པོ་ཙག་དང་ངུར་སྨྲིག་མདོག་ཅེས་གསུངས་པར་ལྟར་མི་རུང་བའི་མཚོན་ཆེན་བརྒྱད་དང་བྲལ་ནས་རུང་བའི་ཚོན་གསུམ་གྱིས་ཁ་བསྒྱུར་བའི་ན་བཟའ་ངུར་སྨྲིག་གསོལ་བའོ།  །སྦྱངས་གཞི་ནི་ཚེ་འདིར་རང་དང་གཞན་ཀུན་ཉོན་གྱི་རྟེན་འབྲེལ་ལ་བརྟེན་ནས་དབང་མེད་དུ་འཁོར་བ་སྐྱེས་ནས་ལུས་རྫོགས་པའི་སེམས་སྣང་བག་ཆགས་དང་བཅས་པ་ཐམས་ཅད་ཡིན་ལ།   སྦྱོང་བྱེད་ས་སྐྱ་པཎ་ཆེན་གྱི་སྐུ་གསལ་ལ་མ་འདྲེས་པ་ཡོངས་རྫོགས་བསྐྱེད་པ་དེ་ཡིན།  སྦྱངས་འབྲས་ནི་རང་ཉིད་ས་སྐྱ་པཎ་ཆེན་གྱི་རྡོ་རྗེའི་སྐུ་མཚན་དཔེའི་སྤྲས་པ་མངོན་དུ་བྱས་པའོ།   །

གཉིས་པ་དེ་ལ་རྩོད་པ་སྤང་བ་ནི།   འདི་བླ་མེད་ཀྱི་ཐུན་མོང་མ་ཡིན་པའི་ཉམས་ལེན་ཡིན་པས་དངོས་སུ་རང་ཉིད་ལྷའི་ང་རྒྱལ་དགོས་ཚུལ་ངག་དོན་ལ་མེད་ཀྱང་སྒོམ་དོན་ལ་ངེས་པར་དུ་དགོས་སོ།  །ས་འཇམ་སྦགས་སྒྲུབ་ཀྱི་སྒྲུབ་ཐབས་འགའ་ཞིག་ལས།  རང་ཉིད་འཇམ་དབྱངས་ས་པཎ་སྐུ་མདོག་དམར་སེར་སོགས་གཞུང་བཞིན་བསྒོམ་གསུང་།  འོན་ཀྱང་མཁན་རིན་པོ་ཆེ་ཀརྨ་རྡོ་རྗེས་སྡེ་གཞུང་མཆོག་སྤྲུལ་ཞལ་རྒྱུན།  དེའང་ངག་དབང་ལེགས་པའི་གདམས་ངག་ཡིན་ཟེར་བའི་དེང་སང་ས་འཇམ་སྦགས་སྒྲུབ་ཀྱི་སྐབས་སུ། རང་ཐ་མལ་དུ་བསྒོམ་དགོས་ཞེས་པའི་ཚིག་འདི་རྣམས་ལ་དཔྱད་པ་རེ་མཛད་འཚལ། ཁོ་བོས་གཞན་དུ་ཅུང་ཟད་བཤད་ཟིན་ཏོ། །སྤྱིར་སྣང་གྲགས་རིག་གསུམ་ལྷ་སྔགས་ཡེ་ཤེས་གསུམ་ལས་མི་འདའ་བའི་བླ་མེད་ཀྱི་ཉམས་ལེན་ཀུན་གྱི་རྒྱལ་པོའི་གནད་དོན་ནི། སྣང་བ་ཐམས་ཅད་ལྷ་ཞེས་པ་དེ་ཡང་གཟུགས་ཕུང་རྣམ་པར་སྣང་མཛད་དེ།  བསྐྱེད་རིམ་གྱི་སྦྱང་གཞི་སྦྱོང་བྱེད་ལ་སྦྱར་བའི་ཚེ་གཞི་གྲུབ་ན་ཀྱེ་རྡོར་ཡིན་པས་ཁྱབ་ཅེས་པ་རྣམས་གནས་ཚུལ་ལ་ཉེ་བའི་གཏམ་ཡིན་པས། གང་དང་གང་སྣང་བ་ཐམས་ཅད་ལྷ་ཡི་རྣམ་རོལ་འབའ་ཞིག་ལས་མ་འདས་པས་ཉམས་སུ་ལེན་པ་ནི།  ཐོབ་བྱའི་འབྲས་བུ་མཐར་ཐུག་དང་པོ་ཉིད་ནས་ལམ་དུ་བྱས་པ་ནི་འབྲས་བུ་ཐེག་པ་ཞེས་པའི་གོ་བ་ཡང་འདི་རང་ཡིན།  དེ་ཉིད་ལས།  རྐང་པའི་རྗེས་ནི་དཀྱིལ་འཁོར་ཉིད། །ཉེད་ཕྱིར་དཀྱིལ་འཁོར་བརྗོད་པར་བྱ། །ལག་པ་བསྒྱུར་བ་ཕྱག་རྒྱ་ཡིན། །སོར་མོ་ཉེད་པའང་དེ་བཞིན་ནོ། །ཞེས་དང་།  གྲགས་པ་ཐམས་ཅད་སྔགས་ཞེས་པ་དེའང་།  སྒྲ་ཞིག་བརྗོད་པ་ཐམས་ཅད་ཕུགས་གཏུག་ན།  ཡི་གེ་དབྱངས་གསལ་གཉིས་ཀྱི་རང་བཞིན་ལས་མ་འདས་པས་གྲག་པ་ཐམས་ཅད་སྔགས་ཡིན་ཏེ།  བརྟག་གཉིས་ལས།  ཨཱ་ལི་ཀཱ་ལི་རབ་བརྟགས་པས། །བརྗོད་པ་བཟླས་པར་ཡང་དག་བཤད།  །ཞེས་དང་།   རིག་པ་ཆོས་སྐུ་ཞེས་པ་ནི་ལྟ་བའི་སྐད་ཆ་ཞིག་རེད་ལ།  དེ་ཡང་རང་གི་ཚོགས་བསགས་དང་། བླ་མའི་བྱིན་བརླབ་ལ་བརྟེན་ནས་བྱུང་བའི་རིག་པ་རང་ངོ་ཤེས་པ་ཞིག་ལ་ཟེར།  མདོར་ན་སེམས་རང་གི་གནས་ཚུལ་ལ་བློ་ཁ་ཕྱོགས་པ་ཞིག་ལ་ཟེར།  དེ་ཉིད་ལས།   གང་ཕྱིར་རྣམ་སེམས་བསམ་གཏན་ནི། །གང་བསམ་དེ་ནི་བསམ་གཏན་ནོ། །ཞེས་གསུངས་པའི་ཕྱིར།   མདོར་ན་བླ་མེད་ཀྱི་དངོས་གཞིའི་ཉམས་ལེན་མ་ཟད། སྤྱོད་ལམ་ཐམས་ཅད་ལ་འཇུག་པའི་ཚེའང་ཅི་དང་ཅིར་སྣང་བ་ཐམས་ཅད་ལྷ་དང་།  ངག་ཏུ་བརྗོད་པ་ཐམས་ཅད་སྔགས་དང་།  སེམས་ཀྱི་བསམ་པ་ཐམས་ཅད་ཡེ་ཤེས་ཀྱི་ཆོ་འཕྲུལ་དུ་ཤེས་པར་བྱ་དགོས་ཏེ།  རྗེ་ས་ཆེན་གྱིས།  འགྲེང་འཆག་ཉལ་འདུག་ཐམས་ཅད་དུ་དེ་བཞིན་གཤེགས་པའི་དཀྱིལ་འཁོར་མ་ཡིན་པར་ཐ་མལ་གྱི་རྣམ་རྟོག་སྐད་ཅིག་ཀྱང་མེད་པར་བྱས་ལ་ཞེས་སོགས་གསུངས་པའི་ཕྱིར།   དེས་ན་སྐབས་འདིའང་རང་ཉིད་ལྷའི་ང་རྒྱལ་དགོས་པ་རྒྱུད་དང་མན་ངག་གཉིས་ཀྱིས་གྲུབ་པའི་ཕྱིར།   གཞན་ཡང་རབ་དབྱེ་ལས།   སངས་རྒྱས་རབ་ཏུ་བྱུང་བ་ཡི།  །ཕྱག་ཏུ་མཚོན་ཆ་བསྐུར་བ་མཐོང་།  །ཁྱིམ་པའི་ཆ་ལུགས་ཅན་དག་ལ།  །རྒྱན་དང་མཚོན་ཆ་སོགས་སྲིད་ཀྱི།  །རབ་བྱུང་རྣམས་ལ་འདི་མི་སྲིད།  །ཅེས་དང་།  ཡང་།  སྙན་བརྒྱུད་དང་ནི་ཆིག་བརྒྱུད་དུ།  །གྲགས་པའི་ཆོས་ལུགས་མང་དུ་ཡོད། །རྒྱུད་དང་མཐུན་ན་བླང་དུ་རུང་།  །མིན་ན་བརྫུན་གྱི་བསྡེབ་ཕྱོགས་ཡིན། །ཞེས་གསུངས་པ་རྣམས་ཀྱིས་སྒྲུབ་ཐབས་འདིས་དངོས་བསྟན་གྱི་ས་སྐྱ་པཎ་ཆེན་སྐུ་མདོག་དང་ཕྱག་མཚན་རྣམས་ལ་དཔག་ན་རབ་དབྱེའི་ཕྱོགས་སྔར་མ་ཡིན་ནམ་ཞེ་ན།   མ་ཡིན་ཏེ་གཞུང་དེའི་ཕྱོགས་སྔ་ནི།  བོད་ཁ་ཅིག་སངས་རྒྱས་སོ་ལྔ་རབ་ཏུ་བྱུང་བའི་ཆ་ལུགས་ཅན་གྱི་ཕྱག་ཏུ་ཕུབ་དང་རལ་གྲི་ལ་སོགས་པའི་མཚོན་ཆ་བསྐུར་བ་མཐོང་བ་ནི་མི་འཐད་དེ།   སངས་རྒྱས་ཁྱིམ་པའི་ཆ་ལུགས་ཅན་ལ་རིན་པོ་ཆེ་ལ་སོགས་པའི་རྒྱན་དང་ཕྱག་མཚན་མཚོན་ཆ་འཛིན་པ་སྲིད་ཀྱི་མདོ་ལས་གསུངས་པའི་རབ་བྱུང་གི་ཆ་ལུགས་ཅན་གྱི་སངས་རྒྱས་ལ་དེ་མི་སྲིད་པའི་ཕྱིར་ཞེས་པའི་དོན་ཡིན་ནོ།  །འདི་སྔགས་བླ་མེད་ཀྱི་དབང་དུ་བྱས་པའི་ས་སྐྱ་པཎ་ཆེན་རབ་བྱུང་གི་ཆ་ལུགས་ཅན་ལ་རལ་གྲི་བསྣམ་པ་ནི་མན་ངག་གི་དགོངས་པ་ཡིན་ལ། དཔེར་ན་གསང་དབང་གི་མཐའ་རྟེན་སྐབས་ལུང་བསྟན་གྱི་དུས་སུ་བསྟན་པ་གཅིག་ལ་སྟོན་པ་གཉིས་མི་འབྱུང་བའི་བརྡར་སློབ་དཔོན་ཤཱཀྱ་ཐུབ་པའི་ཆ་ལུགས་སྣམ་སྦྱར་གྱོན་ཏེ་ལག་པ་གཡོན་པས་སྣམ་སྦྱར་སེངྒེའི་རྣ་བ་ལྟར་བྱས་པ་བཟུང་ལ།   གཡས་དྲིལ་བུ་དང་བཅས་པའི་སྐྱབས་སྦྱིན་གྱི་ཕྱག་རྒྱ་གསུངས་ཏེ།   ཐུན་མོང་མ་ཡིན་པའི་གསང་བ་ལས།   དགེ་སློང་རྡོ་རྗེ་འཛིན་པ་ཡིས།  །ཆོས་གོས་རི་དྭགས་རྣ་བ་ལྟར།   མར་མེ་མཛད་དཔལ་ཕྱག་རྒྱ་ལས།  །མི་འཇིགས་ཕྱག་རྒྱ་སྦྱིན་མཛད་དེ།  །ཞེས་གསུངས་པའི་ཕྱིར།   དེ་ལ་ཁ་ཅིག་གིས་ཤཱཀྱ་ཐུབ་པའི་ཆ་ལུགས་ཅན་ལ་རྡོ་དྲིལ་འཛིན་པ་མི་འཐད་པའི་ཚུལ་གསུངས་པ་ལ།    ཀུན་མཁྱེན་བླ་མས།   གཡས་པ་མཆོག་སྦྱིན་ཁུ་ཚུར་གྱིས། །སྙིང་གར་ཆོས་གོས་གྲྭ་ནས་གཟུང་།  །ལག་པས་དྲིལ་བུ་མགུལ་དུ་བསྡམས།  །བླ་མ་རྡོ་རྗེ་འཆང་བ་ཡི།  །དབུགས་དབྱུང་ཐམས་ཅད་ཡང་དག་བླང་།  །ཤཱཀྱ་ཐུབ་པ་ཉིད་གྱུར་པས།  །སློབ་མ་ཆེན་པོ་ལུང་བསྟན་བྱེད།  །ཅེས་ཤཱཀྱ་ཐུབ་པའི་ཆ་ལུགས་ཀྱིས་དྲིལ་བུ་འཛིན་པར་དངོས་སུ་རྒྱ་གཞུང་རིན་ཆེན་འབར་བའི་ལུང་གིས་བསྒྲུབས་པ་དང་།  རིགས་པའང་རབ་བྱུང་གི་ཆ་ལུགས་ཅན་གྱིས་རྡོ་དྲིལ་འཛིན་པ་མི་རུང་བར་ཐལ་བས་གནོད་དོ།  །དེས་ན་འདི་བིཪྺ་པའི་ཕྱག་ལེན་ཡིན་པས་ངེས་པར་དགོས་ཞེས་གསུངས་སོ། །མདོར་ན་དེ་འདྲའི་ཕྱག་ལེན་དེ་རྒྱུད་ཀྱི་དངོས་བསྟན་ལ་མེད་ཀྱང་གྲུབ་ཆེན་དེ་གཉིས་ཀྱིས་མན་ངག་གིས་བཀྲལ་བ་ཡིན་པས་ཤིན་ཏུ་ནས་འཐད་ཕྱོགས་སུ་བཟུང་བ་ལྟར་འདིའང་དེ་དེ་བཞིན་ནོ།  །གཞན་ཡང་དཔེར་ན་ལུས་དཀྱིལ་གྱི་སྐབས་སུ་ལྟེ་བ་རིན་འབྱུང་ལ་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པར་བཞེད་ལ།  དེའང་རྒྱུད་ལས་དེ་འདྲ་མ་གསུངས་ཀྱང་རྗེ་ག་ཡ་དྷ་རའི་གཟིགས་སྣང་ཡིན་ཞེས་གསུངས་པ་བཞིན་ནོ།  །འདིར་མན་ངག་གི་དོན་ནི་སཾ་པུ་ཊ་ལས།  ལུས་དཀྱིལ་བཤད་པའི་སྐབས་སུ།   ལུས་ཀྱི་དཀྱིལ་འཁོར་ཉམས་དགའ་བར།  །ཞེས་སོགས་ནས།   བླ་མའི་དུས་ཐབས་རིམ་ཉིད་ཀྱིས།  །དེར་ནི་དཀྱིལ་འཁོར་རྫོགས་པར་གནས།   །ཞེས་གསུངས་པ་ནི་རྒྱལ་བ་རྡོ་རྗེ་འཆང་གི་བླ་མའི་མན་ངག་ལ་ཁ་འཕང་བ་ཡིན་པས་མཁས་གྲུབ་གོང་མ་ཚོས་ཚིག་རྐང་དང་པོ་བཅུའི་རྒྱུད་ཀྱི་དངོས་བསྟན་ལྟར་བཤད་ནས་ཚིག་རྐང་ཕྱི་མ་གཉིས་ཀྱིས་རྒྱུད་ལས་དངོས་སུ་མ་བསྟན་པ་རྣམས་བླ་མའི་མན་ངག་གིས་ཁ་བསྐངས་ཏེ།   དཀྱིལ་འཁོར་གྱི་ཆ་ཤས་རྫོགས་པར་བསྒོམས་ཞེས་གསུངས་སོ།  །མན་ངག་ཡང་རྣལ་འབྱོར་དབང་ཕྱུག་དང་ནཱ་རོ་པ་ནས་བརྒྱུད་པ་ལྟ་བུའོ། །སྐབས་དོན་འདིའི་མན་ངག་ནི་མཁན་ཆེན་གཡག་ནས་བརྒྱུད་པ་ཡིན་ནོ།  །སྤྱིར་བླ་མ་ས་ཆེན་ཡབ་སྲས་དང་བྱེ་བྲག་ཏུ་ས་སྐྱ་པཎ་ཆེན་ཉིད་ཀྱིས་མཛད་པའི་བིར་བསྲུང་ལས་རི་དྭགས་ཀྲིཥྞ་ས་རས་གདན་ལ་བིར་ཝ་པ་སྐུ་མདོག་དམར་སྨུག་ཅན་ཕྱག་མཚན་དང་།   པུས་འཁྱུད་རིག་མ་གདུགས་འཛིན་པ་དང་བཅས་པ་བསྒོམ་ཚུལ་དང་།  བླ་མའི་རྣལ་འབྱོར་གྱི་སྒྲུབ་ཐབས་ཀྱང་གསུངས་པའི་ཕྱིར།  འདིའང་དེ་དེ་བཞིན་དུ་ཡིན་ནོ།  །འདི་འདྲའི་རིགས་ཅན་གྱི་སྒྲུབ་ཐབས་ནི་འཕགས་ཡུལ་གྱི་པཎ་ཆེན་དང་།  བོད་ཡུལ་གྱི་ཆོས་རྒྱུད་སོ་སོ་ལ་སྒྲུབ་ཐབས་ཚད་ལྡན་རེ་ཡོད་པ་ནི་བསྙོན་དུ་མེད་པའོ།  །འོ་ན་གོང་གི་གནོད་བྱེད་དེ་ཇི་ལྟར་ཡིན་ཞེ་ན།   མདོ་ལུགས་གཞིར་བྱས་ལ་བསྒྲུབ་བྱའི་གཙོ་བོའི་ལྷ་དེ་རབ་བྱུང་གི་རྣམ་པ་ཅན་དུ་གཞུང་ལས་དངོས་སུ་གསུངས་ཡོད་པས་དེ་ལ་རལ་གྲི་དང་མཚོན་ཆ་སོགས་བཏགས་ནས་བསྒྱུར་བཅོས་བྱེད་མི་རུང་ཞེས་པའི་དོན་ཡིན་ནོ།  །མདོ་ལུགས་ཀྱི་སངས་རྒྱས་སྔགས་ནས་གསུངས་པའི་ཆ་ལུགས་ཅན་སྔགས་ལུགས་ཀྱི་སངས་རྒྱས་མདོ་ནས་གསུངས་པའི་ཆ་ལུགས་ཅན་དུ་བསྒྱུར་བ་ལ་ལྟུང་བཤགས་སོ་ལྔའི་ལྷ་ལ་མཚོན་ཆ་བསྐུར་བ་དང་།    མདོ་ལུགས་ཀྱི་སངས་རྒྱས་སྟོན་པ་ལྟ་བུ་ལ་རིགས་ལྔ་དང་མི་མགོའི་ཕྲེང་བ་གསོལ་བ་རྣམས་ཆོས་རྗེས་མི་འཐད་པ་གསུངས་པའི་ཕྱིར།  །དཔེར་ན་གསང་འདུས་ཀྱི་ལྷ་དེ་མདོ་ལུགས་སུ་བཀྲལ་བ་དང་།   ལྟུང་བཤགས་སོ་ལྔའི་ལྷ་དེ་སྔགས་ལུགས་སུ་བཀྲལ་བ་ལྟ་བུའོ།  །རྗེ་རིན་པོ་ཆེས་ལྷ་སའི་ཇོ་བོ་ལ་རིགས་ལྔ་གསོལ་བ་དེའང་མདོ་རྒྱུད་དང་ཅུང་ཟད་མི་མཐུན་པ་ཡིན་ནམ་སྙམ།  མདོར་ན་སྟོན་པ་སངས་རྒྱས་ཀྱིས་མདོ་དང་སྔགས་རྒྱུད་སྡེ་གང་དང་གང་གི་གཞུང་ནས་གསུངས་པའི་ལྷ་དེ་རྣམས་ཀྱི་སྐུ་མདོག་དང་ཕྱག་མཚན་སོ་སོའི་སྐབས་སུ་ཇི་ལྟར་གསུངས་པ་ལྟར་རང་སོར་བཞག་དགོས་ཀྱི་དེ་ལས་གཞན་དུ་འོག་མ་གོང་མར་བཀྲལ་བ་དང་།  གོང་མ་འོག་མར་བཀྲལ་བ་རྣམས་མི་མཛད་པར་ཞུ་ཞེས་གསོལ་བ་རྩེ་གཅིག་ཏུ་འདེབས་པ་ཡིན་ཏེ།  གདུལ་བྱ་སོ་སོའི་ཁམས་དབང་མོས་པ་དང་བསྟུན་ནས་གསུངས་པའི་སྒྲུབ་ཐབས་སོ་སོར་ཡིན་པའི་ཕྱིར།   

གཉིས་པ་དེ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་བཅས་སྤྱན་དྲངས་པ་ལ།    སྤྱི་བོར་ན་བཞུགས་པའི་བདག་ཉིད་ཆེན་པོ་ས་སྐྱ་པཎ་ཆེན་དེའི་དཔྲལ་བར་ཟླ་བའི་སྟེང་དུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་ངོ་བོ་ཨོཾ་དཀར་པོ།  དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་ངོ་བོ་མགྲིན་པར་པདྨའི་སྟེང་དུ་ཨཱཿདམར་པོ།  དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྡོ་རྗེའི་ངོ་བོ་ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ།   ཀུན་གཞིའམ་གཟུང་འཛིན་གཉིས་ཀྱིས་སྟོང་པའི་ཡིད་ཅེས་པའི་དོན་ཧཱུྃ་ཡིག་དེ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུའི་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཉན་ཐོས་རང་རྒྱལ་ཆོས་སྲུང་ནོར་ལྷའི་ཚོགས་དང་བཅས་པ་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་ཆོས་སྐུ་ཞིང་ཁམས་ནས་སྤྱན་དྲངས་པའི་ཚེ་སྔགས་ནི་ཨོཾ་བཛྲ་ས་མཱ་ཛཿ   ཞེས་རྡོ་རྗེ་བསྡུ་བའི་ཕྱག་རྒྱས་སྤྱན་དྲངས།   དེའང་སྤྱིར་ན་སྤྱན་དྲངས་ཚུལ་དེ་ལ་གསུམ་ཡོད་དེ།   སྤྲུལ་སྐུའི་ཞིང་ཁམས་ནས་སྤྱན་དྲངས་ཚུལ་ནི་གང་དུ་བཤད་པའི་སྔགས་དང་།   རྡོ་རྗེ་བསྡུ་བའི་ཕྱག་རྒྱ་དང་།   ཏིང་ངེ་འཛིན་གྱིས་སྤྲུལ་སྐུའི་ཞིང་བདེ་བ་ཅན་དང་།   ཡང་ན་མི་མཇེད་འཇིག་རྟེན་གྱི་ཁམས་དུར་ཁྲོད་བསིལ་བའི་ཚལ་དང་།  དཔལ་ལྡན་ས་སྐྱའི་སྤྲུལ་བའི་གཙུག་ལག་ཁང་དང་།  དཔལ་ཨེ་ཝཾ་ཆོས་ལྡན་གྱི་ཕོ་བྲང་ངོར་རུ་དགོན་ལྟར་བུ་ནས་ཡུལ་ཁྱད་པ་ཅན་གྱི་སངས་རྒྱས་ཞིག་སྤྱན་དྲངས་པར་བསམ་མོ།  །ལོངས་སྐུའི་ཞིང་ནས་སྤྱན་དྲངས་ཚུལ་ནི།  སྔར་ལྟར་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་ལོངས་སྐུའི་ཞིང་ཁམས།  འོག་མིན་སྟུག་པོ་བཀོད་པ་ལྟ་བུ་ནས་ཡུལ་ཁྱད་པར་ཅན་སངས་རྒྱས་ཞིག་སྤྱན་དྲངས་པ་བསམ་མོ།   །འདིར་ཆོས་སྐུ་ཞིང་ངམ་རང་བཞིན་གྱི་གནས་ནས་སྤྱན་དྲངས་ཞེས་དོན་གཅིག་པས་དེ་བཤད་ན།   ནམ་མཁས་ཁྱབ་ཚད་ལ་ཆོས་དབྱིངས་ཀྱིས་ཁྱབ་ཆོས་དབྱིངས་ཀྱིས་ཁྱབ་ཚད་ལ་ཆོས་སྐུས་ཁྱབ།   ཆོས་སྐུ་དེ་ཉིད་གདུལ་བྱ་འདུལ་བའི་དུས་ལ་བབ་པ་ན་གཟུགས་ཀྱི་སྐུར་བཞེངས་ཏེ་འགྲོ་བའི་དོན་མཛད་པ་ཡིན་པས་སྔར་གྱི་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་གྱི་ནུས་པའི་འོད་ཟེར་འཕྲོས་པ་དེའི་རྐྱེན་གྱིས་མདུན་གྱི་ནམ་མཁར་བཞུགས་བཞིན་པའི་ཡེ་ཤེས་པ་དེ་ཉིད་གཟུགས་སྐུའི་རྣམ་པ་ཅན་དུ་མཐོང་བ་ལ་སྒྲིབ་བྱེད་ཀྱི་སྒྲིབ་པ་བསལ་ནས་བློས་མཐོང་བར་མོས་པ་བྱ་བར་ཡིན་ནོ།  ། 

འདིར་རིགས་བདག་གིས་རྒྱས་བཏབས་པ་དགོས་སམ་མི་དགོས་ཟེར་ན། སྤྱིར་ན་རིགས་བདག་གི་དོན་ནི་རབ་དབྱེ་ལས།   བསྐྱེད་པའི་རིམ་པའི་མཐར་ཐུག་པ།  །དབུ་རྒྱན་ལ་ནི་རིགས་བདག་འབྱུང་།  །རིགས་བདག་དེ་ནི་བླ་མ་ཡིན།  །འདི་ནི་གལ་ཏེ་འཆོལ་གྱུར་ན།  །དངོས་གྲུབ་མེད་པར་རྒྱུད་ལས་གསུངས།  །ཞེས་བསྐྱེད་རིམ་མཐར་ཐུག་པའི་དབུ་རྒྱན་ལ་རིགས་ལྔ་འབྱུང་བའི་རིགས་བདག་དེ་ནི་དེ་སྒོམ་མཁན་གྱི་རྩ་བའི་བླ་མ་དེ་ཡིན་ནོ།  །སྐབས་འདིར་རིགས་བདག་དེ་ནི་རྣམ་པ་སངས་རྒྱས་ལ་ངོ་བོ་རྩ་བའི་བླ་མ་ཡིན་པ་ལ་ཡིན་པ་ཉིད་དུ་ངོ་ཤེས་དགོས་གལ་སྲིད་དེ་མ་ཤེས་ན་རིགས་འཆོལ་བ་ཡིན་ནམ་སྙམ། རྡོ་རྗེ་རྩེ་མོ་ལས།  མགོན་དེས་ཡོངས་སུ་བཟུང་བ་ལས།  །དེ་ཡི་རིགས་ཀྱི་དཀྱིལ་འཁོར་ཡིན། །ཞེས་དང་།  ཚར་ཆེན་རིན་པོ་ཆེས།  ཕན་ཚུན་མི་བསླུ་བའམ་མི་འདའ་བ་ནི་རིགས་དང་རིགས་བདག་གི་དོན་ནོ་ཞེས་གསུངས་པ་དང་།འདིར་སྒྲུབ་ཐབས་གཞན་དང་མི་འདྲ་བ་དམིགས་བསལ་དུ་རིགས་བདག་མི་དགོས་པ་ས་འཇམ་སྦགས་སྒྲུབ་ཀྱི་བྱིན་བརླབ་གནང་མཁན་བླ་མ་དམ་པ་དང་། ས་པཎ་གཉིས་དབྱེར་མེད་དེའང་ངོ་བོ་བླ་མ་དང་རྣམ་པ་ས་པཎ་ཉིད་དུ་དུས་ནམ་ཡང་བསྒོམ་དགོས་ཅེས་པའི་དོན་ཡིན་ནོ། །མདོར་ན་འདི་བླ་མའི་རྣལ་འབྱོར་ཡིན་པས་རིགས་བདག་དམིགས་བསལ་ཞིག་བསྒོམ་མི་དགོས་སོ། །དཔེར་ན་ཡུམ་ལ་རུས་རྒྱན་ལྔ་མ་གཏོགས་མི་དགོས་པ་བཞིན་ནོ།  །དེའང་རུས་རྒྱན་དྲུག་གི་དོན་ནི་ཕར་ཕྱིན་དྲུག་མཚོན་ལ་ཡུམ་ལ་ཤེར་ཕྱིན་མཚོན་མི་དགོས་སྟེ་མོ་རང་ཤེས་རབ་ཀྱི་རང་བཞིན་ཡིན་པའི་ཕྱིར།  སྤྱིར་ན་ཆོས་རྗེ་ཉིད་ཀྱིས་འཇམ་དབྱངས་དམར་སེར་ལ་བསྟོད་པ་ལས།  རིགས་བདག་མི་བསྐྱོད་པ་བཞེད་དེ།   ཁྱོད་གཙུག་མི་བསྐྱོད་སྐྱོབ་པས་རབ་མཚན་རྡོ་རྗེ་རྣོན་པོ་ཡི་གེ་དྲུག  །ཅེས་གསུངས་པའི་ཕྱིར་ན་ཆོས་རྗེའི་སྤྱི་བོ་ལ་ངོ་བོ་ནི་རང་ལ་ས་འཇམ་སྦགས་སྒྲུབ་ཀྱི་བྱིན་རླབས་གནང་མཁན་གྱི་བླ་མ་དམ་པ་དང་།  རྣམ་པར་མི་བསྐྱོད་པ་མཐེབ་སོ་ཙམ་ཞིག་གསལ་བཏབ་དགོས་སམ།  །ཡང་སྒྲུབ་ཐབས་འགའ་ཞིག་ལས་འཇམ་དབྱངས་དམར་སེར་གྱི་རིགས་བདག་ལ་རྣམ་སྣང་བྱས་པའང་འདུག  །པཎ་ཆེན་ངག་ཆོས་ཀྱིས་སྐབས་འདིར་རྗེ་བཙུན་གྲགས་པ་རིགས་བདག་མི་བསྐྱོད་པའི་རྣམ་པར་བཞུགས་པ་ཞེས་རྗེ་གྲོལ་མཆོག་པས་གསུངས་ཞེས་བྲིས་འདུག །དེ་ལྟར་ན་ངག་དོན་ལ་མེད་ཀྱང་སྒོམ་དོན་ལ་མ་ཆད་པར་གལ་ཆེ་བ་ཡིན་ནམ་སྙམ་པའི་དོགས་གཞི་ཙམ་འདུག  །མདོར་ན་ཀུན་མཁྱེན་བླ་མས།   ཡོན་ཏན་ཐམས་ཅད་ཀྱི་རྩ་བ་བླ་མར་མོས་གུས་ཡིན་དེ་མ་སྐྱེས་པར་སེམས་ལ་ཡོན་ཏན་སྐྱེ་བར་མི་སྲིད་གསུངས་པ་དང་།   ཆོས་རྗེ་བདག་ཉིད་ཆེན་པོས་ཁོང་གི་ཡོན་ཏན་ཐམས་ཅད་བླ་མའི་རྣལ་འབྱོར་ཁོ་ན་ལ་བརྟེན་ནས་བྱུང་བ་ཡིན་ཞེས་གསུངས་པ་དང་།  གང་ལྟར་རང་གི་བླ་མ་དམ་པ་ནི་དུས་ནམ་ཡང་མ་བརྗེད་པར་གལ་ཆེ་བ་ཡིན་པར་ཐེག་པ་ཆེན་པོའི་ངེས་དོན་གྱི་བཀའ་དང་བསྟན་བཅོས་དམ་པ་གོང་མ་ཚོས་དགོངས་པ་གཅིག་དབྱངས་གཅིག་མགྲིན་གཅིག་ཏུ་གསུངས་པའི་ཕྱིར།  སྦྱང་གཞི་ནི་མ་དག་ཐ་མལ་ཉིད་དུ་སྣང་བའི་ལུས་ངག་ཡིད་གསུམ་དང་།   དེ་ལས་བསམ་པ་ནར་སོན་པའི་སྣང་ཞེན་རྣམས་ཡིན་ལ།  སྦྱོང་བྱེད་ནི་གནས་གསུམ་བྱིན་གྱིས་བརླབ་པ་དང་།   སྣང་བ་ཐམས་ཅད་ལྷའི་ངོ་བོ་འཆར་བའི་ཞིང་དག་སྦྱོང་ངམ་དག་སྣང་ལམ་དུ་བྱེད་པའོ།  །སྦྱངས་འབྲས་ནི་དེ་ལ་བརྟེན་ནས་སྣོད་གཞལ་ཡས་ཁང་དང་།  བཅུད་ལྷའི་འཁོར་ལོ་ལ་རྒྱན་གྱི་སྣང་བ་དང་།   ས་སྐྱ་པཎ་ཆེན་གྱི་སྐུ་མཚན་དཔེའི་སྤྲས་པ་དེ་མངོན་དུ་བྱས་པའོ།  །མདོར་ན་དག་པ་རབ་འབྱམས་འབའ་ཞིག་འཆར་བའོ།   །འདི་སྤྱན་འདྲེན་དང་གནས་གསུམ་བྱིན་རླབས་གཉིས་ཀྱི་སྦྱང་གཞི་སོགས་ལྷན་ཅིག་ཏུ་བཤད་པ་ཡིན།   

གསུམ་པ་དེ་ཉིད་དམ་ཚིག་སེམས་དཔའ་ལ་བསྟིམས་པ་ནི།   དེ་འདྲའི་སྤྱན་དྲངས་པའི་ཡེ་ཤེས་སེམས་དཔའ་དེ་ཉིད་སྤྱི་བོ་ན་བཞུགས་པའི་དམ་ཚིག་སེམས་དཔའི་ཆོས་ཀྱི་རྗེ་ས་སྐྱ་པཎ་ཆེན་ལ།  ཛཿཅེས་ཉེ་བར་དགུག  །ཧཱུྃ་གིས་བསྟིམས།  བྃ་གྱིས་དབྱེར་མེད་དུ་བྱས།  ཧོཿཡིས་འདུ་འབྲལ་མེད་པར་བྱས་པའི་གཟི་བརྗིད་ལྷག་པར་འབར་ཞིང་ཀུན་འདུས་ནོར་བུ་ལུགས་ཀྱི་ངོ་བོར་གྱུར་པར་བསམ།   དེའང་གཉིས་སུ་མེད་པར་ཐིམ་པས་དེ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར་པར་བསམ་མོ།  །

བཞི་པ་རང་ཉིད་ལྷ་སྐུར་བསྐྱེད་ནས་གནས་གསུམ་བྱིན་གྱིས་བརླབ་པ་ནི།   ཡེ་ཤེས་སེམས་དཔའ་དེ་དམ་ཚིག་སེམས་དཔའ་ལ་གཉིས་སུ་མེད་པར་ཐིམ་པས་སྤྱི་བོ་ན་བཞུགས་པའི་ཆོས་རྗེ་དེ་ཉིད་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་གྱུར་པར་བསམ།   དེ་ནས་རང་གི་ལུས་འོད་ཀྱི་རང་བཞིན་དུ་གསལ་བའི་དབུས་དྲང་པོར་གསང་གནས་ནས་སྤྱི་བོའི་བར་རྩ་དབུ་མ་ཕྱི་དཀར་ལ་ནང་དམར་བ་ཁོག་སྟོང་སྦོམ་ཕྲ་སྦ་ལྕགས་ཙམ་མམ་མདའ་སྨྱུག་ཙམ་ཞིག་གསལ་བཏབ་བོ།  །དེའི་ཁ་ཚངས་བུག་ཏུ་ཕྱེ་བའི་ནང་དུ་ཆོས་ཀྱི་རྗེའི་གདན་པདྨའི་ཡུ་བ་ཟུག་པ།   ཚར་ཆེན་གྱིས་སྲོག་གི་དབྱུ་གུ་ནི་སྲོག་འཛིན་པའི་རྩ་ཞིག་ལ་ཟེར་དེ་ནི་ལུས་ཀྱི་དབུས་ནས་ཡས་སྣ་ཚངས་བུག་ལ་ཟུག   །མས་སྣེ་ལྟེ་བ་ནས་སོར་བཞིའི་གནས་ན་ཟུག  །འོད་གསལ་བའི་རང་བཞིན།   ཐོགས་རེག་དང་བྲལ་བ།   ཤེལ་གྱི་ཀ་བ་བཙུགས་པ་ལྟ་བུ།   འཆི་བའི་ཚེ་དབུགས་དང་བསྡོངས་ནས་ཡལ་འགྲོ་བ་ཞིག་ཡོད་ལ།  དེའི་ནང་རྩ་དབུ་མར་རང་གི་ངོ་བོ་ཆོས་བཞི་ལྡན་དུ་གནས་པ་ཡིན་ཏེ།   པདྨའི་སྣལ་མ་ལྟར་ཕྲ་བ།   ཆུ་ཤིང་གི་སྡོང་པོ་ལྟར་དྲང་བ།    རྒྱ་སྐྱེགས་ཀྱི་མེ་ཏོག་ལྟར་དམར་བ།   ཏིལ་གྱི་མར་མེ་ལྟར་གསལ་བ། དེའི་ཡས་སྣ་ཚངས་བུག་གི་རུས་པའི་སྟེང་ཤའི་ནང་ན་ཟུག་པ།  ཞེས་གསུངས་པ་དང་།  དེའང་ཡར་སྣེ་ལ་ཕ་ལས་ཐོབ་པའི་ཁམས་དཀར་པོ་དང་མར་སྣེ་ལ་མ་ལས་ཐོབ་པའི་ཁམས་དམར་པོའི་བར་དུ་ཡེ་ཤེས་ཀྱི་རླུང་གི་གང་བ་ཅན་ཞིག་ཡོད་པ་ཡིན་ནོ།  །གནས་གསུམ་བྱིན་རླབས་ནི།  ད་ལྟ་ང་རང་ཚོའི་གཟུགས་ཀྱི་སྣང་བ་ཡིད་དུ་འོང་བ་དང་མི་འོང་བ་ཡོད་དོ་ཅོག་ས་སྐྱ་པཎ་ཆེན་གྱི་ངོ་བོ་ལས་མི་འདའ་བའི་དོན་དུ། རང་གི་དཔྲལ་བར་ཨོཾ་དཀར་པོ། ཞེས་གང་དང་གང་སྣང་བ་ཐམས་ཅད་རང་གི་ཡི་དམ་གྱི་ལྷ་ས་སྐྱ་པཎ་ཆེན་ཉིད་དུ་ཐག་བཅད་ནས་སྒོམ་དགོས་ཞེས་པའི་དོན་ཏོ། །ཅི་དང་ཅི་ཐོས་པ་ཐམས་ཅད་རང་གི་ཡི་དམ་གྱི་ལྷ་ས་སྐྱ་པཎ་ཆེན་གྱི་སྔགས་ཡི་གེ་དྲུག་པ་ཨ་ར་པ་ཙའི་ངོ་བོ་ལས་མི་འདའ་བའི་དོན་དུ། མགྲིན་པར་ཨཱཿདམར་པོ། ཞེས་གྲགས་པ་ཐམས་ཅད་སྔགས་ཨ་ར་པ་ཙའི་རང་སྒྲ་ཉིད་དུ་ཐག་བཅད་ནས་སྒོམ་དགོས་ཞེས་པའི་དོན་ཏོ།   །གང་དང་གང་འཛིན་པ་ཐམས་ཅད་རང་གི་ཡི་དམ་གྱི་ལྷ་ས་སྐྱ་པཎ་ཆེན་གྱི་ཐུགས་རིག་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་ལས་མི་འདའ་བའི་དོན་དུ།   སྙིང་གར་ཧཱུྃ་སྔོན་པོ་རྣམས་གསལ་བར་གྱུར་པར་བསམ་ལ།   དུས་ནམ་ཡང་གསལ་ཞིང་མི་རྟོག་པའི་ངང་ལ་རྩེ་གཅིག་ཏུ་གནས་པ་ལ་རིག་པ་ཆོས་སྐུའི་རང་ངོ་སྐྱོང་དགོས་པ་ཡིན་ཞེས་པའི་དོན་ཡིན་ནོ།  །ངག་ཏུ་བརྗོད་ཅིང་གསལ་བཏབ་པས་ཐ་མལ་པའི་རྣམ་རྟོག་བཟློག་པ་དང་།  གནས་སྐབས་སྤྱན་དང་མངོན་ཤེས་འཆར་བ།   བར་ཆད་ཀྱི་བགེགས་ལས་བསྲུང་བའི་དགོས་པ་དུ་མ་ཡོད་པའི་ཕྱིར། 

གསུམ་པ་ཆོས་རྗེ་ཉིད་ཀྱི་བསྟོད་པ་བཤད་ན།  ཐུན་མོང་བ་གླེང་གཞི་དང་སྦྱར་ནས་བཤད་པ།  ཐུན་མོངས་མ་ཡིན་པ་དབང་བཞི་ལ་སྦྱར་བ་དང་གཉིས་ལས།    དང་པོ་ནི། མོས་གུས་ཀྱི་དྭངས་བ་འདྲེན་པའི་ཕྱིར་དུ་ཆོས་རྗེ་ཉིད་ཀྱི་རྣམ་ཐར་དང་འབྲེལ་མཁྱེན་བརྩེ་ནུས་གསུམ་ལ་སྦྱར་ནས་འཆད་ན།  དེ་ནས་བདག་ལ་སྐྱིད་སྡུག་ལེགས་ཉེས་མཐོ་དམའ་ཅི་བྱུང་ཡང་།   ཆོས་རྗེ་ཉིད་ལས་རེ་ས་གཞན་ན་མེད་པས་ཐུགས་རྗེས་གཟིགས་ཤིག་སྙམ་པའི་མོས་གུས་དྲག་པོ་སྙིང་གི་དཀྱིལ་ནས་དུང་ལྷང་ལྷང་བ་དང་བཅས།   ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་ཤིང་།  །འགྲོ་ཀུན་དགེ་ལེགས་སྒྲུབ་པའི་ཐུགས་རྗེ་ཅན།  །བསམ་ཡས་ཕྲིན་ལས་མཛད་པའི་སྟོབས་མངའ་བ།   །འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ།  །འདིར་གླེང་གཞི་ལ་སྦྱར་ན་ཚད་མ་རིགས་གཏེར་གྱི་མཆོད་བརྗོད་ཡིན་པས་རྩོམ་པ་པོ་ཡང་ས་སྐྱ་པཎ་ཆེན་རང་ཡིན་ལ།   དེའི་མཆོད་ཡུལ་དེ་པཎ་ཆེན་ངག་དབང་ཆོས་གྲགས་ལ་སོགས་པས་གསུང་ན་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ཡིན་ཏེ།   ས་སྐྱ་པཎ་ཆེན་སྐྱེ་བ་ཉི་ཤུ་རྩ་ལྔའི་བར་དུ་ཚད་མ་རིགས་པ་སོགས་ཐོགས་མེད་མཁྱེན་པའི་ཤེས་རབ་སྐྱེད་བྱེད་ཀྱི་རྒྱུད་བྱིན་གྱིས་རློབ་པ་པོ་རྗེ་བཙུན་རིན་པོ་ཆེ་ཉིད་ཡིན་པས་རིགས་གཏེར་རྩོམ་པའི་ཐོག་མར་ཡང་རྩ་བའི་བླ་མ་དམ་པར་རྗེ་བཙུན་གྲགས་པ་རྒྱལ་མཚན་ལ་མཆོད་པར་བརྗོད་པ་འོས་པ་ཡིན་ནོ་ཞེས་དང་།  གཞན་ཡང་ས་སྐྱ་པཎྜི་ཏས་ས་སྐྱར་ཆོས་གསུངས་པའི་ནམ་མཁར་རྗེ་བཙུན་གྲགས་པ་བྱོན་ནས།  ཁྱོད་མི་ནས་མིར་གྱུར་པའི་སྐྱེ་བ་ཉི་ཤུ་རྩ་ལྔའི་བར་དུ་ཚད་མ་རྣམ་འགྲེལ་ལ་མཁས་པའི་པཎྜི་ཏར་གྱུར།   དེའི་བར་གྱི་དགེ་བའི་བཤེས་གཉེན་ང་ཡིན་ང་ལས་གཞན་ཁྱོད་སུས་ཀྱང་འདུལ་བར་འོས་པ་མ་ཡིན་ནོ་ཞེས་སོགས་གསུངས་པ་དང་།   ཡང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོས་འདིའི་མཆོད་ཡུལ་ནི་ཁ་ཆེ་པཎ་ཆེན་ཡིན་པར་གསུངས།   གང་ལྟར་བཤེས་གཉེན་ཚོས་ཞལ་མཐུན་པར་ཁ་ཆེ་པཎ་ཆེན་དང་གྲགས་རྒྱལ་སུ་ཡིན་ན་དེ་དང་དེའི་མཐར་ས་སྐྱ་པཎ་ཆེན་ལ་བསྟོད་པ་འདིར་མར་གནང་འོང་བ་ཡིན་ཞེས་གསུངས་སོ། །དཔེར་ན་རྗེ་རིན་པོ་ཆེས་རེད་མདའ་བ་ལ་ཕུལ་པའི་བསྟོད་པ་བཞིན་ནོ།   །འདིའང་ལོ་རྒྱུས་ལ་སྦྱར་ནས་མཚན་མཆོག་གསུམ་ལྡན་གྱི་དོན་ཅུང་ཟད་ཞུས་ན།   ངག་དབང་ལྷ་ཡི་རིགས་ཞེས་པ་ནི་གནམ་ལྷ་སྤྱི་རིང་དང་།   གཡུ་རིངས།   དབུ་སེ་གསུམ་འོད་གསལ་ལྷ་ཡུལ་ནས་མི་ཡུལ་ལ་ཕེབས་ཏེ་ལྡོང་རུས་ཆེན་བཅོ་བརྒྱད་ཚར་བཅད་པ་དང་ཚུར་འདུས་ནས་རིམ་བཞིན་རུས་བརྒྱུད་སྤེལ་བ་སོགས་མ་སངས་སྤུན་བདུན་དུ་གྲགས་པ་ནས་གཡའ་སྤང་སྐྱེས་སུ་མིང་བཏགས་སོ།   །དེ་ནས་དྲི་མེད་འཁོན་གྱི་གདུང་ནི་གཡའ་སྤང་སྐྱེས་ཀྱིས་སྲིན་པོ་སྐྱ་རིང་ཁྲག་མེད་བསད་ནས་གཡའ་འབྲུག་སི་ལི་མ་འཕྲོགས་ཏེ།  དེའི་སྲས་སྲིན་པོ་དང་འཁོན་པའི་བར་དུ་སྐྱེས་པ་ན་འཁོན་ཞེས་གྲགས་སོ།  །ངེས་པའི་དོན་དུ་སྤང་བྱ་མ་རིག་པའི་དགྲ་ལས་འཁོན་པས་ན་འཁོན་ཞེས་བྱ་བ་ཡིན་ལ།   དེ་ནས་རིམ་བཞིན་འཁོན་དཀོན་མཆོག་རྒྱལ་པོའི་བར་དུ་ཡིན་ནོ།   །འཇམ་དབྱངས་ས་སྐྱ་པ་ཞེས་བྱ་བ་ནི་དཔེ་མཚོན་ཙམ་ཞིག་ཞུས་ན་ཇོ་བོ་རྗེ་བོད་དུ་བྱོན་ནས་མངའ་རི་ལ་ལོ་གསུམ་བཞུགས་ནས་འབྲོམ་སྟོན་པས་དབུས་གཙང་ལ་སྤྱན་དྲངས་བའི་དུས་ཀྱི་ལམ་ནས་འབྲོག་ངུ་ལ་རྩེ་ལ་ཕེབས་དུས།  རི་དེ་ལས་འབྲོང་གཉིས་རྭ་རྩེ་སྤྲད་ནས་རྩེད་མོ་བརྩེ་བཞིན་འདུག་པ་ལ་ཁོང་གིས་མ་འོངས་པ་ས་འདི་ན་ལུང་རྟོགས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་དེའི་དུས་སུ་ཆོས་སྐྱོང་གུར་ཞལ་གཉིས་ཀྱིས་བསྟན་པ་བསྲུང་བའི་བརྡ་ཡིན་འདུག་གསུངས།  དེ་ནས་ཕྱག་འཚལ་སྒང་དུ་ཕེབས་དུས་ཇོ་བོ་རྟ་ལས་བབས་ནས་འཁོར་ཚོགས་ལ་མཆོད་པ་ཤོམས་ཞེས་གསུངས་ལ།   རྒྱུ་མཚན་ཞུས་པའི་ལན་དུ་ཁྱེད་ཚོའི་ཕར་ཀའི་རི་ལ་ཅི་སྣང་གསུངས་ཅི་ཡང་མ་མཐོང་ཞུས་ཚེ།   ཡི་གེ་ཧྲཱི་ཡིག་གཅིག་དང་།  དྷཱི་ཡིག་བདུན་དང་།   ཧཱུྃ་ཡིག་གཉིས་འདུག་གསུངས།   ཇི་ལྟར་ལགས་ཞུས་ཚེ་ས་འདི་ན་མ་འོངས་པ་སྤྱན་རས་གཟིགས་ཀྱི་སྤྲུལ་པ་གཅིག་དང་།   འཇམ་དབྱངས་ཀྱི་སྤྲུལ་པ་བདུན།   ཕྱག་ན་རྡོ་རྗེའི་སྤྲུལ་པ་གཉིས་བྱོན་ནས་སྟོན་པའི་བསྟན་པ་དར་ཞིང་རྒྱས་པར་འགྱུར་ཞེས་གསུངས་པས་འཇམ་དབྱངས་ཀྱི་སྤྲུལ་པ་བདུན་ལས་གཅིག་ས་སྐྱ་པཎ་ཆེན་ཡིན་ནོ། །དེ་ནས་བཟུང་འཇམ་དབྱངས་ས་སྐྱ་པ་ཞེས་གྲགས་པས་ན་མཚན་མཆོག་སུམ་ལྡན་ཞེས་མཚན་གྱི་ཅོད་པཎ་རྒྱལ་མཚན་རྩེ་མོའི་དཔུང་རྒྱན་བཞིན་སྒྲོགས་ནས་སྙན་པའི་གྲགས་པ་སའི་སྟེང་དུ་ཁྱབ་བོ།  །གཞན་ཡང་རྒྱ་གར་ཤར་ཕྱོགས་སུ་འཕགས་པ་སྤྱན་རས་གཟིགས་ཀྱིས་ཆོས་རྗེ་ས་པཎ་འཇམ་དབྱངས་སུ་ལུང་བསྟན།  སིངྒ་ལ་རུ་རྗེ་བཙུན་སྒྲོལ་མ་དང་སིངྒ་ལའི་མངོན་ཤེས་དྲུག་ལྡན་གྱི་དགྲ་བཅོམ་པས་ཆོས་རྗེ་ས་པཎ་འཇམ་དབྱངས་སུ་ལུང་བསྟན།  ཡང་འཕགས་ཡུལ་རྡོ་རྗེ་གདན་གྱི་སྒོ་གོང་གི་ངོས་ལ་ཆོས་རྗེའི་མཚན་སཾསྐྲྀཏའི་ཡི་གེར་རང་བྱུང་དུ་བྱུང་བ་ལ་སོགས་པ་རྒྱ་གར་དུ་འཇམ་དབྱངས་ཞེས་གྲགས།   དེ་བཞིན་དུ་ཁ་ཆེ་པཎ་ཆེན་ལ་སིངྒ་གླིང་ནས་དགྲ་བཅོམ་ཞིག་གིས་མེ་ཏོག་ཁ་མ་ཕྱེ་བ་ཞིག་ཕུལ་ནས་ཁྱེད་བོད་ལ་ཕེབས་ན་མེ་ཏོག་འདི་ཁྱེར་ལ་སོངས་ཤིག   །བོད་ན་འཇམ་དབྱངས་སྤྲུལ་པ་མཐོང་མ་ཐག་ཏུ་ལེགས་པར་ཞལ་བཞད་པས་དེ་ལ་མེ་ཏོག་འདི་ཕུལ་ཞེས་དང་།   ཕྱིས་པཎ་ཆེན་བོད་ལ་ཕེབས་ནས་ཆོས་རྗེ་ས་པཎ་དང་འཇལ་མ་ཐག་ཏུ་སྔར་གྱི་མེ་ཏོག་དེ་ཁ་ཕྱེ་བ་སོགས་ཀྱི་སྒོ་ནས་བོད་དུ་འཇམ་དབྱངས་སུ་གྲགས།   རྗེ་བཙུན་གྲགས་པ་རྒྱལ་མཚན་གྱིས་ལུང་བསྟན་པ་ལྟར་འཇམ་དབྱངས་སུ་གྲགས་པ་དང་།   རི་བོ་རྩེ་ལྔ་ནས་མི་མང་པོ་ཞིག་གིས་རྨི་ལམ་ལྟར་ལིང་ཆུ་རྩེར་ནས་ཞལ་མཇལ་བའི་སྐབས་སུ་འཇམ་དབྱངས་སུ་གྲགས་པ་སོགས་ཁོང་འཇམ་དབྱངས་ཡིན་པར་རྣམ་ཐར་ལས་འབྱུང་བ་ལྟར་ཤེས་དགོས་འདི་ཡིག་ཚོགས་མང་དུ་དོགས་ནས་མ་བྲིས།    ཆོས་འདིའི་བྱུང་ཚུལ་ནི།   མགོན་པོ་བྱམས་པའི་རྣམ་འཕྲུལ་དཔལ་ས་སྐྱའི་མཁན་ཆེན་གཡག་སྟོན་མི་ཕམ་ཆོས་ཀྱི་བླ་མ་དེ་ཉིད་འོད་གསལ་དག་པའི་སྣང་བ་ལ།   ས་སྐྱ་པཎ་ཆེན་ཉིད་པོད་རལ་འཛིན་པའི་སྐུའི་རྣམ་པ་ཅན་དུ་གསལ་བར་གཟིགས།   དེའི་ཚེ་ཐུགས་དད་པ་ཆེན་པོས་བསྟོད་པ་མང་དུ་མཛད།   ཁྱད་པར་དུ་བསྟོད་པ་ཆོས་རྒྱལ་མས་བསྟོད།   བླ་མ་འཇམ་པའི་དབྱངས་རང་ལ་བསྟིམ་པ་སོགས་ཀྱི་ཉམས་བཞེས་མཛད་ཅིང་།  དེ་ལྟ་བུའི་ཉམས་ལེན་གྱི་རྒྱུན་དེ་ཉིད་ཀུན་མཁྱེན་རོང་སྟོན་ཆེན་པོ་ལ་གནང་།   དེས་ཞལ་སློབ་སོ་སོ་ལ་གནང་དེའང་ངོར་ཆེན་རྡོ་རྗེ་འཆང་དང་ཀུན་མཁྱེན་བླ་མ།  མང་ཐོས་ཀླུ་སྒྲུབ་རྒྱ་མཚོ།  པཎ་ཆེན་ངག་དབང་ཆོས་གྲགས།  སྒ་སྟོན་ངག་དབང་ལེགས་པ།  མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་ཀྱིས་ནམ་རྒྱུན་སྒྲུབ་ཐབས་འདི་ལ་བརྟེན་ནས་མཁས་པའི་ཤེས་རབ་དང་གནས་སྐབས་ཕྱི་ནང་གི་བར་ཆད་སེལ་བའི་ཐབས་ཐུན་མོང་མ་ཡིན་པར་ཡིན་ཞེས་ཉམས་མྱོང་ཚད་མ་ཅན་ཚོས་གསུངས་པ་དང་།  མདོར་ན་ད་ལྟའི་བར་དུ་རྒྱུན་མ་ཆད་པར་བྱུང་བ་ཡིན་ནོ།  །འདིར་མདོ་སྔགས་ཐུན་མོང་ཙམ་ལ་སྦྱར་ནས་ཞུས་ན་ཚིག་རྐང་དང་པོས་ས་སྐྱ་པཎ་ཆེན་གྱི་མཁྱེན་པའི་ཡོན་ཏན་དང་།   གཉིས་པས་བརྩེ་བའི་ཡོན་ཏན་དང་།  གསུམ་པས་ནུས་པའི་ཡོན་ཏན་དང་།  བཞི་པས་དེ་གསུམ་དང་ལྡན་པའི་འཇམ་མགོན་བླ་མ་ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོའི་ཞབས་ཀྱི་པདྨོའི་དྲུང་དེར་སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་བ་ཡིན་ཞེས་པའི་གོ་བ་ཡིན་ལ། དེའང་འགྲོ་བ་རྣམས་གནས་སྐབས་དང་མཐར་ཐུག་གི་སྡུག་བསྔལ་མཐའ་དག་ལས་སྐྱོབ་པའི་གཏན་གྱི་སྐྱབས་གནས་དམ་པའི་ཡོན་ཏན་ཐམས་ཅད་བསྡུ་ན་མཁྱེན་བརྩེ་ནུས་གསུམ་དང་།   དོན་གཉིས་མཐར་ཕྱིན་པའི་ནང་དུ་འདུ་བ་ཡིན་པས།   དེའང་མཁྱེན་པ་མེད་ན་གདུལ་བྱ་འདུལ་ཚུལ་མི་ཤེས་པས་ཁམས་དབང་མོས་པ་སྣ་ཚོགས་མ་འདྲེས་པར་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར་གསལ་ལེར་མཁྱེན་པ་མངའ་བའོ།   །མཁྱེན་ཡང་བརྩེ་བ་མེད་ན་སྐྱོབ་པའི་དོན་མི་མཛད་པས་སྔོན་སློབ་ལམ་གྱི་སྐབས་སུ་སྨོན་ལམ་རྣམ་པར་དག་པས་མཚམས་སྦྱར།  འགྲོ་བ་ཀུན་ལ་མ་གཅིག་པུ་བུ་ལ་བརྩེ་བ་ལྟ་བུའི་ཐུགས་རྗེ་དང་ལྡན་པ་བརྩེ་བ་ཡོད་ཀྱང་ནུས་པ་མེད་ན་མ་ལག་ཞ་མའི་བུ་ཆུས་ཁྱེར་བ་ལྟར་སྐྱོབ་མི་ནུས་པ་ལས།  འདི་ཏིང་ངེ་འཛིན་གྱི་འོད་ཟེར་ཕྲ་མོ་སྤྲོས་པ་ཙམ་གྱིས་སེམས་ཅན་ཚད་མེད་པ་འབྲས་བུ་བྱང་ཆུབ་ཆེན་པོའི་ས་ལ་འགོད་པའི་ནུས་པ་མངའ་བར་ཤེས་ཤིང་། ཡོན་ཏན་དེ་རྣམས་ཆོས་རྗེ་འཇམ་དབྱངས་བླ་མ་མི་ཡི་ཚུལ་འཛིན་པ་དེའི་ཐུགས་ཇི་ལྟ་བ་དང་ཇི་སྙེད་ཀྱི་ཤེས༷་བྱ༷་ཐ༷མས་ཅ༷ད་ལ་ཆགས་ཐོགས་ཀྱི་སྒྲིབ་པ་མེད་པར་གསལ་ལ་མ་འདྲེས་པར་ག༷ཟིགས་པ༷འི་ཡེ་ཤེས་གསལ་བའི་སྤྱན༷་དང་ལྡན་ཞིང་།   སྤྱན་དེའི་ཡུལ་དུ་མ་གྱུར་པའི་ཤེས་བྱ་མི་སྲིད་པས་ན་སྤྱན་ཡ༷ངས་པ༷་དང་ལྡན་པ།  རིས་མེད་པའི་འ༷གྲོ་བ་ཀུན༷་ལ་གནས་སྐབས་མངོན་མཐོའི་ད༷གེ་མཚན་དང་།   མཐར་ཐུག་ངེས་ལེག༷ས་བྱང་ཆུབ་ཀྱི་བདེ་བ་རྒྱ་ཆེན་པོ་མ་བཅོལ་བཞིན་དུ་སྒྲུབ༷་པར་མཛད་པ༷འི་བརྩེ་བའི་ཐུག༷ས་རྗེ༷་ཆེན་པོ་ཅ༷ན།   ཕལ་པའི་བློས་བས༷མ་པའི་མཐའ་ཡ༷ས་པའི་ཕྲིན༷་ལ༷ས་གང་ལ་གང་འདུལ་འབད་མེད་ལྷུན་གྲུབ་ཏུ་མཛ༷ད་ནུས་པ༷འི་སྟོབ༷ས་མང༷འ་བ༷་སྟེ།   དེ་ལྟར་ན་འཇམ་མགོན་བླ་མ་ཞེས་ཆགས་ཐོགས་ཀྱི་སྒྲིབ་པའི་རྩུབ་རེག་དང་བྲལ་བས་འཇ༷མ་པ་སྟེ་མཁྱེན་པའི་ཡེ་ཤེས་དང་།   སྡུག་བསྔལ་ཅན་ཀུན་སྐྱོབ་པས་མ༷གོན་ཏེ་བརྩེ་བའི་ཐུགས་རྗེ་དང་ཕྲིན་ལས་ལྷུན་གྱིས་གྲུབ་པར་ཀུན་གྱིས་བཀུར་བས་བླ༷་མ༷་སྟེ་ནུས་པའི་མཐུ་སྟོབས་དང་ལྡན་པའི་ཆོས་ཀྱི་རྗེའི་སྐུ་ཡི་དམའ་ཤོས་ཞ༷བས་ཀྱི་པདྨའི་གདན་ལ༷་བདག་གི་ཡན་ལག་ཀུན་གྱི་མཆོག་མ༷གོ་བོས་མངོན་པར་གཏུགས་ཏེ་ཕྱག༷་འཚ༷ལ་ལོ།   །ལུས་ཀྱི་ཕྱག་དངོས་སུ་བསྟན་པས་ངག་ཡིད་གཉིས་དེས་མཚོན་ནས་ཤེས་དགོས་སོ།  །

གཉིས་པ་སྐབས་འདིར་ཐུན་མོངས་མ་ཡིན་པ་བླ་མའི་རྣལ་འབྱོར་དང་འབྲེལ་བླ་མེད་ཀྱི་དབང་དུ་བྱས་པའི་དབང་བཞི་ལ་སྦྱར་ནས་བཤད་པ་ལ་བཞི་སྟེ།    དང་པོ་བུམ་དབང་ལ་སྦྱར་ནས་བཤད་ན།   བུམ་དབང་ལ་བརྟེན་ནས་ཐོབ་པའི་བསྐྱེད་རིམ་གྱི་སྡོམ་པ་དང་དེའི་སྐབས་སུ་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་ས་སྐྱ་པཎ་ཆེན་ངོ་ཤེས་པ་ནི་ཤེས༷་བྱ༷འི་སྣང་བ་ཐམས་ཅད་ས་སྐྱ་པཎ་ཆེན་དང་།  གྲག་པ་ཐམས་ཅད་ཨ་ར་པ་ཙ།   རིག་པ་ཐམས་ཅད་ཡེ་ཤེས་ཆོས་སྐུ་ཡིན་པས་ན་ཐ༷མས་ཅ༷ད་དང་།  རྣམ་ཀུན་མཆོག་ལྡན་གྱི་འོད་གསལ་སྟོང་ཉིད་ལས་མ་གཡོས་བཞིན་དུ་མཛེས་པའི་སྙིང་རྗེའི་ཁམས་གསུམ་དུས་གསུམ་ཉེ་རིང་མེད་པར་ག༷ཟིགས་པ༷འི་ཡེ་ཤེས་ཀྱི་སྤྱན༷་སྒྲིབ་ཐོགས་ཐམས་ཅད་དང་བྲལ་བའི་ཐ་མལ་གྱི་རྣམ་རྟོག་གིས་བསྐྱོད་པར་མི་ནུས་པས་ཡ༷ངས་ཤིང༷་།  །མན་ངག་ཁྱད་པར་ཅན་བླ་མའི་རྣལ་འབྱོར་འདི་རང་ཉིད་ཀྱིས་ཐོས་བསམ་སྒོམ་གསུམ་གྱིས་ཉམས་སུ་བླངས་ཤིང་གཞན་འ༷གྲོ་བ་ཀུན༷་ལ་འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་རྣམས་ད༷གེ་ལེག༷ས་ཆེན་པོ་མཆོག་དང་ཐུན་མོང་སྒྲུབ༷་པ༷འི་ཐབས་མཁས་ལ་ཐུག༷ས་རྗེ༷འི་རང་བཞིན་ཅ༷ན་གྱི་ལུས་རྩ་སྤྲུལ་བའི་སྐུ།  སྐུ་འཇམ་པའི་དཔལ།  གསུང་འཇམ་པའི་དབྱངས།  ཐུགས་འཇམ་པའི་རྡོ་རྗེ་ས་སྐྱ་པཎ་ཆེན་ཡིན་ནོ།   །སྦྱང་གཞི་སྦྱོངས་བྱེད་ལེགས་པར་ངོ་འཕྲོད་པའི་སོ་སྐྱེའི་བས༷མ་པས་མཐའ་ཡ༷ས་ཤིང་བསམ་གྱིས་མི་ཁྱབ་པའི་བུམ་དབང་ས་དྲུག་གི་རྟོགས་པར་མངོན་དུ་གྱུར་པའི་ཞི་རྒྱས་དབང་དྲག་གི་ཕྲིན༷་ལ༷ས་རྣམས་མཛ༷ད་པ༷་དང་།  གཞན་དོན་དུ་གཟུགས་སྐུའི་ཡོན་ཏན་མཚན་དཔེས་སྤྲས་པ་དང་རང་དོན་དུ་སྟོབ༷ས་བཅུ་དང་མི་འཇིགས་པ་བཞི་ལ་སོགས་པའི་མཁྱེན་གཉིས་ཀྱི་སྣང་བ་མ་ལུས་པ་མང༷འ་བ༷འི།   སྤྱིར་དབང་བཞི་ཐོབ་པའི་བླ་མ་ལ་སྐུ་བཞིའི་ངོ་བོར་ཤེས་ཤིང་།  ཁྱད་པར་བུམ་དབང་ཐོབ་པའི་བླ་མ་ལ་སྤྲུལ་སྐུའི་ངོ་བོ།  དཀྱིལ་འཁོར་ཐམས་ཅད་ཀྱི་གཙོ་བོ།  རིགས་ཐམས་ཅད་ཀྱི་བདག་པོར་ཐེ་ཚོམ་མེད་པར་ཤེས་པར་བྱས་ནས་འཇ༷མ་མ༷གོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་དང་།  རང་ལ་ས་འཇམ་སྦགས་སྒྲུབ་ཀྱི་བྱིན་རླབས་གནང་མཁན་རྩ་བའི་བླ༷་མ༷་དེའང་སངས་རྒྱས་ཀུན་འདུས་ཕྱི་ཡི་བླ་མའི་ཞ༷བས་ལ༷་ལུས་ངག་ཡིད་གསུམ་གྱི་དད་པའི་ཞིང་ས་ཆེན་པོའི་རབ་ཏུ་བཏུད་དེ་མ༷གོས་ཕྱག༷་འཚ༷ལ་ལོ།   །

གཉིས་པ་གསང་དབང་ལ་སྦྱར་ན།   གསང་དབང་ལ་བརྟེན་ནས་ཐོབ་པའི་རྫོགས་རིམ་གྱི་སྡོམ་པ་དང་དེའི་སྐབས་སུ་རྩ་དབུ་མའི་ཁྱད་ཆོས་དང་སྐུ་གསུང་ཐུགས་གསུམ་གྱི་ཡིག་འབྲུ་རྣམས་ཤེས༷་བྱ༷་ཡིན་ལ།  དེའང་ཐུན་མ་ཆག་པ་དང་།  ཐུན་ཚོད་མ་ཡོལ་བ་རང་གི་རྩ་དབུ་མ་དང་བདག་མདུན་གཉིས་ཀའི་གནས་གསུམ་ལ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་གསུམ་གྱི་ས་བོན་ཡིག་འབྲུ་རྣམས་ལ་གནད་དུ་བསྣུན་པའི་དུས་ཐ༷མས་ཅ༷ད་དུ་རང་བྱིན་རླབས་ཀྱི་ཉམས་ལེན་ལས་མི་འདའ་བར་གཟིག༷ས་པ༷འི་ནང་གི་རྩ་ལ་གནད་དུ་བསྣུན་པའི་རྐྱེན་གྱིས་ཤེས་བྱ་ཐམས་ཅད་ལ་སྒྲོ་འདོག་གཅིག་ཆར་གཅོད་པའི་ཡེ་ཤེས་ཀྱི་སྤྱན༷་ཡ༷ངས་ཤིང༷་།  །རང་བྱིན་རླབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་འདིར་རང་གིས་རྟོགས་ཤིང་གཞན་འ༷གྲོ་བ་ཀུན༷་ལ་སྟོན་ནས་འཆད་རྩོད་རྩོམ་པའི་ད༷གེ་ལེག༷ས་ཀྱི་སྣང་བ་ཆེན་པོ་སྒྲུབ༷་པ༷འི་ཐབས་མཁས་ལ་ཐུག༷ས་རྗེ༷འི་རང་བཞིན་ཅ༷ན་གྱི་རྩ་ཡི་གེའི་ལོངས་སྤྱོད་རྫོགས་པའི་སྐུ། སྐུ་འཇམ་པའི་དཔལ།  གསུང་འཇམ་པའི་དབྱངས།  ཐུགས་འཇམ་པའི་རྡོ་རྗེ་ས་སྐྱ་པཎ་ཆེན་ལའོ།  །རྩ་ཡི་གེ་ལ་གནད་དུ་བསྣུན་པའི་སོ་སྐྱེའི་བས༷མ་པའི་མཐའ་ཡ༷ས་ཤིང་བསམ་གྱིས་མི་ཁྱབ་པའི་གསང་དབང་ས་གཉིས་པའི་མངོན་རྟོགས་རྣམས་རང་རྒྱུད་ལ་མངའ་བའི་རྩ་མདུད་རྣམས་རིམ་གྱིས་གྲོལ་ནས་རླུང་སེམས་དབུ་མར་བཅུག་སྟེ། སྣང་སྲིད་དབང་དུ་བསྡུ་བའི་ཕྲིན༷་ལ༷ས་ཀྱི་མཛ༷ད་པ༷འི་ཟབ་མོའི་ལམ་མཆོག་གཞན་ལ་སྟོན་ནུས་པའི་སྟོབ༷ས་བཅུ་མང༷འ་བ༷འི་གསང་དབང་བསྐུར་བའི་བླ་མ་དེ་ཉིད་ལོངས་སྐུའི་ངོ་བོར་ཤེས་པར་བྱ་བའི་ཕྱིར་དུ་འཇ༷མ་མ༷གོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་དང་།  རང་ལ་ས་འཇམ་སྦགས་སྒྲུབ་ཀྱི་བྱིན་བརླབ་གནང་མཁན་རྩ་བའི་བླ་མ་དེའང་སེམས་ཉིད་འོད་གསལ་ནང་གི་བླ༷་མ༷འི་ཞ༷བས་ལ༷་མོས་གུས་ཆར་ཆེན་པོ་ལྟ་བུའི་མ༷གོ་བོས་རབ་ཏུ་བཏུད་དེ་ཕྱག༷་འཚ༷ལ་ལོ།   །

གསུམ་པ་ཤེར་དབང་ལ་སྦྱར་ན།   ཤེར་དབང་ལ་བརྟེན་ནས་ཐོབ་པའི་རྫོགས་རིམ་གྱི་སྡོམ་པ་དང་དེའི་སྐབས་སུ་ཁམས་བདུད་རྩིའི་དཀྱིལ་འཁོར་ལ་གནད་དུ་བསྣུན་པའི་དོན་རྣམས་ཤེས༷་བྱ༷་ཡིན་ལ། སྤྱིར་བོའི་བླ་མ་ས་སྐྱ་པཎ་ཆེན་གྱི་སྐུ་ལས་བདུད་རྩི་བབས་པས་སྒོ་གསུམ་སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་ནས་རང་ངོ་ཤེས་པ་དང་།  དབང་གསུམ་པའི་དངོས་དང་ཡེ་ཤེས་ཀྱི་ཕྱག་རྒྱ་ལ་བརྟེན་ནས་བྱུང་བའི་དགའ་བཞི་ཡེ་ཤེས་ཀྱི་ཉམས་མྱོང་དང་མི་འབྲལ་བའི་གནད་རྣམས་ཐ༷མས་ཅ༷ད་དུ་དཀྱིལ་འཁོར་འཁོར་ལོའི་ཉམས་ལེན་ལས་མི་འདའ་བར་ག༷ཟིགས་པ༷འི་ནང་གི་ཐིག་ལེ་ལ་གནད་དུ་བསྣུན་པའི་རྐྱེན་གྱིས་ཤེས་བྱ་ཐམས་ཅད་ལ་སྒྲོ་འདོག་གཅིག་ཆར་གཅོད་པའི་ཡེ་ཤེས་ཀྱི་སྤྱན༷་ཡ༷ངས་ཤིང༷་།  །དཀྱིལ་འཁོར་འཁོར་ལོ་དང་འབྲེལ་བའི་བླ་མའི་རྣལ་འབྱོར་འདིར་རང་གིས་རྟོགས་ཤིང་གཞན་འ༷གྲོ་བ་ཀུན༷་ལ་སྟོན་ནས་འཆད་རྩོད་རྩོམ་པའི་ད༷གེ་ལེག༷ས་ཀྱི་སྣང་བ་ཆེན་པོ་སྒྲུབ༷་པ༷འི་ཐབས་མཁས་ལ་ཐུག༷ས་རྗེ༷འི་རང་བཞིན་ཅ༷ན་གྱི་ཁམས་བདུད་རྩིའི་ཆོས་ཀྱི་སྐུའི་ངོ་བོ་རུ་གྱུར་པའི་སྐུ་འཇམ་པའི་དཔལ།  གསུང་འཇམ་པའི་དབྱངས།  ཐུགས་འཇམ་པའི་རྡོ་རྗེ་ས་སྐྱ་པཎ་ཆེན་ལའོ།  །ཁམས་བདུད་རྩི་ལ་གནད་དུ་བསྣུན་པའི་སོ་སྐྱེའི་བས༷མ་པའི་མཐའ་ཡ༷ས་ཤིང་བསམ་གྱིས་མི་ཁྱབ་པའི་ཤེར་དབང་ས་གཉིས་ཀྱི་མངོན་རྟོགས་རྣམས་རང་རྒྱུད་ལ་མངའ་བའི་ཁམས་བདུད་རྩི་ལ་གནད་དུ་བསྣུན་པའི་རང་བྱུང་གི་ཡེ་ཤེས་སྐྱེ་བ་བྱེད་པའི་ཕྲིན༷་ལ༷ས་ཀྱི་མཛ༷ད་པ༷འི་ཟབ་མོའི་ལམ་མཆོག་གཞན་ལ་སྟོན་ནུས་པའི་སྟོབ༷ས་བཅུ་མང༷འ་བ༷འི་ཤེར་དབང་བསྐུར་བའི་བླ་མ་ཆོས་སྐུའི་ངོ་བོར་ཤེས་པར་བྱ་བའི་ཕྱིར་དུ་འཇ༷མ་མ༷གོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་དང་། རང་ལ་ས་འཇམ་སྦགས་སྒྲུབ་ཀྱི་བྱིན་བརླབ་གནང་མཁན་རྩ་བའི་བླ་མ་དེའང་རང་བཞིན་སྤྲོས་བྲལ་དོན་གྱི་བླ༷་མ༷འི་ཞབ༷ས་ལ༷་ཤེས་རབ་ཆེན་པོའི་མྱུ་གུ་ཡིས་མ༷གོ་བོས་རབ་ཏུ་བཏུད་དེ་འཚལ་བྱ་འཚལ་བྱེད་ཐམས་ཅད་དང་བྲལ་བའི་ཚུལ་གྱིས་ཕྱག༷་འཚ༷ལ་ལོ།  །

བཞི་པ་དབང་བཞི་པ་ལ་སྦྱར་ན།  དབང་བཞི་པ་ལ་བརྟེན་ནས་ཐོབ་པའི་རྡོ་རྗེའི་རྦ་རླབས་སྒོམ་པ་ལ་དབང་བའི་སྡོམ་པ་དང་དེའི་སྐབས་སུ་སྙིང་པོ་རླུང་གི་དཀྱིལ་འཁོར་ལ་གནད་དུ་བསྣུན་པའི་གཉུག་མ་ལྷན་སྐྱེས་ཀྱི་ཡེ་ཤེས་གསལ་སྟོང་ཟུང་འཇུག་གི་དོན་རྣམས་ཤེས༷་བྱ༷་ཡིན་ལ།  ཚིག་གི་བཞི་པ་དང་དོན་གྱི་བཞི་པ་བཞི་པའི་རྟེན་ཅན་ལ་བརྟེན་ནས་སྐྱེས་པའི་དཔེའི་ཡེ་ཤེས་དང་དོན་གྱི་ཡེ་ཤེས་གང་རུང་རྒྱུད་ལ་སྐྱེས་པའི་ཉམས་མྱོང་དང་མི་འབྲལ་བའི་གནད་རྣམས་ཐ༷མས་ཅ༷ད་དུ་འཁོར་འདས་དབྱེར་མེད་ཀྱི་ལྟ་བའི་ངོ་བོ་ལས་མི་འདའ་བར་ག༷ཟིགས་པ༷འི་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཉམས་སུ་བླངས་པ་ལ་བརྟེན་ནས་ཤེས་བྱ་རིགས་པའི་གནས་ཐམས་ཅད་ལ་སྒྲོ་འདོག་གཅིག་ཆར་གཅོད་པའི་མཁྱེན་པའི་ཡེ་ཤེས་ཀྱི་སྤྱན༷་ཡ༷ངས་ཤིང༷་།  །ལྟ་བ་འཁོར་འདས་དབྱེར་མེད་ཀྱི་ཉམས་ལེན་དང་འབྲེལ་བའི་བླ་མའི་རྣལ་འབྱོར་འདིའི་དོན་རྣམས་རང་གིས་རྟོགས་ཤིང་གཞན་འ༷གྲོ་བ་ཀུན༷་ལ་སྟོན་ནས་འཆད་རྩོད་རྩོམ་པའི་ད༷གེ་ལེག༷ས་ཀྱི་སྣང་བ་ཆེན་པོ་སྒྲུབ༷་པ༷འི་ཐབས་མཁས་ལ་ཐུག༷ས་རྗེ༷འི་རང་བཞིན་ཅ༷ན་གྱི་སྙིང་པོ་ཡེ་ཤེས་ཀྱི་ངོ་བོ་ཉིད་སྐུ་རུ་གནས་པའི་སྐུ་འཇམ་པའི་དཔལ།  གསུང་འཇམ་པའི་དབྱངས།  ཐུགས་འཇམ་པའི་རྡོ་རྗེ་ས་སྐྱ་པཎ་ཆེན་ལའོ།  །སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་ལ་གནད་དུ་བསྣུན་པའི་ཉམས་ལེན་དེ་རྣམས་སོ་སྐྱེའི་བས༷མ་པའི་མཐའ་ཡ༷ས་ཤིང་བསམ་གྱིས་མི་ཁྱབ་པ་དབང་བཞི་པའི་དཔེ་དང་དོན་གྱི་ཡེ་ཤེས་རྣམས་རང་རྒྱུད་ལ་མངའ་བའི་སྙིང་པོ་ཡེ་ཤེས་རླུང་གི་དཀྱིལ་འཁོར་ལ་གནད་དུ་བསྣུན་པའི་རང་བྱུང་གི་ཡེ་ཤེས་སྐྱེད་པ་བྱེད་པའི་ཕྲིན༷་ལ༷ས་ཀྱི་མཛ༷ད་པ༷འི་རང་བཞིན་སྤྲོས་བྲལ་དོན་གྱི་བླ་མ་དེ་གཞན་ལ་སྟོན་ནུས་པའི་སྟོབ༷ས་བཅུ་མང༷འ་བ༷འི།   །དབང་བཞི་པ་བསྐུར་བའི་བླ་མ་ངོ་བོ་ཉིད་སྐུ་རུ་ཤེས་པར་བྱ་བའི་ཕྱིར་དུ་འཇ༷མ་མ༷གོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་དང་། དབྱེར་མེད་པའི་སྣང་སྲིད་ཐམས་ཅད་བླ་མའི་རྣམ་རོལ་དུ་ཤར་བའི་བླ༷་མ༷འི་ཞབ༷ས་ལ༷་ལུས་ངག་ཡིད་གསུམ་རང་བབ་ཉིད་དུ་བཞག་ནས་གཤིས་སྤྲོས་བྲལ་གྱི་སྟེང་དུ་བློ་བརྗོད་བྲལ་དུ་བཞག་པའི་འབྲས་བུ་ཕུན་སུམ་ཚོགས་པ་ཐབས་མཛེས་པའི་སྙིང་རྗེ་ཆེན་པོ་དང་།  ཤེས་རབ་རྣམ་ཀུན་མཆོག་ལྡན་གྱི་འོད་གསལ་ཆེན་པོ་གཉིས་ཟུང་འཇུག་བདེ་སྟོང་ཆེན་པོའི་ངོ་བོ་ལ་མ༷གོ་བོས་རབ་ཏུ་བཏུད་དེ་ཕྱག༷་འཚ༷ལ་བ་ནི་གསལ་མདངས་མ་འགགས་པ་དེའི་ངང་ལ་ཞོག་ཅེས་པའི་དོན་ཏོ།  །སྒ་སྟོན་རྡོ་རྗེ་འཆང་ངག་དབང་ལེགས་པས།  ཤེས་བྱ་མ་དང་ཕྱག་རེ་སྦྲགས་ནས་འབུམ་ཕྲག་ཞེ་གསུམ་འཚལ་དེའི་དུས་སུ་ས་སྐྱ་པཎ་ཆེན་གྱིས་དངོས་སུ་ཁོང་ལ་ཞལ་གཟིགས་པ་དང་ལུང་བསྟན་པའི་སྐབས་སུ་གསུངས་པའི་འདོད་དོན་ཞུ་བའི་གསོལ་འདེབས་ཀྱི་ཚིག་འདི་ཧ་ཅང་བྱིན་རླབས་ཆེ་བ་དང་རྟེན་འབྲེལ་གྱི་ཚུལ་དུ་འདིར་བཅུག་ན།  འཇམ་དབྱངས་བླ་མ་ས་སྐྱ་པཎྜི་ཏ་ཁྱེད་ཐུགས་དགྱེས་པའི་ཕྲིན་ལས་ཐམས་ཅད་རྗེས་སུ་བསྒྲུབ་པའི་སླད་དུ།   འཇམ་དབྱངས་བླ་མ་སྐྱབས་གནས་ཀུན་འདུས་ཁྱེད་ལ་སྙིང་ནས་དད་པས་ཕྱག་འཚལ་ལོ།  །མཆོད་དོ།  །སྐྱབས་སུ་མཆིའོ།  །གསོལ་བ་འདེབས་སོ།   །ཐབས་འདི་ལ་བརྟེན་ནས་བསྐལ་པ་གྲངས་མེད་གསུམ་གྱི་ཚོགས་གཉིས་སྐད་ཅིག་ཉིད་ལ་རྫོགས་པར་བྱིན་གྱིས་བརླབ་ཏུ་གསོལ།  སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་བག་ཆགས་དང་བཅས་པ་ཐམས་ཅད་སྐད་ཅིག་ལ་ད་ལྟ་ཉིད་དུ་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ།   འཇམ་དབྱངས་བླ་མའི་བྱིན་རླབས་སྙིང་ལ་ཞུགས་ནས།   ཐོས་བསམ་སྒོམ་གསུམ་གྱི་ཡོན་ཏན་ཐམས་ཅད་སྐད་ཅིག་ཉིད་ལ་ཡོངས་སུ་རྫོགས་ནས།  བསྟན་པ་དང་སེམས་ཅན་གྱི་དོན་ནམ་མཁའི་མཐའ་དང་མཉམ་པར་བསྒྲུབ་ནུས་པར་བྱིན་གྱིས་བརླབ་ཏུ་གསོལ།  ཞེས་རྗེ་ཉིད་ཀྱི་རང་རྣམ་ལས་ཕྱུང་བའོ།  །སྦྱང་གཞི་ནི་བསྟོད་པར་འོས་པའི་ཡུལ་དཀོན་མཆོག་དང་མཁན་སློབ།   རྡོ་རྗེའི་སྤུན་དང་སྲིང་མོ་ཕ་མ་སོགས་ལ་མ་བསྟོད་ཅིང་།  རང་རྒྱུད་ཀྱི་ང་རྒྱལ་དང་ཕྲག་དོག་གིས་ཀུན་ནས་བསླང་བའི་སྒྲོ་འདོགས་དང་སྐུར་འདེབས་ཀྱི་བསྟོད་བཀུར་བསྔགས་གསུམ་གྱི་སེམས་སྣང་བག་ཆགས་དང་བཅས་པ།  སྦྱོང་བྱེད་ཆོས་རྗེ་ས་སྐྱ་པཎ་ཆེན་གྱི་ཡོན་ཏན་ལ་བསྟོད་པའི་སྒོ་ནས་བླ་མའི་རྣལ་འབྱོར་དུ་བསྒྱུར་ནས་ཉམས་སུ་བླངས་པ་ཡིན་ནོ།  །སྦྱངས་འབྲས་ས་སྐྱ་པཎ་ཆེན་གྱི་ཡོན་ཏན་ཆ་ཚང་རང་རྒྱུད་ལ་མངོན་དུ་བྱས་པའོ།  །འདི་ལའང་ལམ་བྱེད་བཞི་ཚང་སྟེ།    སྦྱང་གཞི་དེ་དག་སྦྱོང་བྱེད་བླ་མ་དམ་པ་ས་སྐྱ་པཎ་ཆེན་གྱི་རྣམ་པར་བསྒྱུར་བ་ནི་རྣམ་པ་ལམ་བྱེད།   རྣམ་པ་དེ་ཉིད་ས་སྐྱ་པཎ་ཆེན་དངོས་ཡིན་སྙམ་པ་ནི་མོས་པ་ལམ་བྱེད།   དེའང་འབྲས་དུས་ཀྱི་ས་སྐྱ་པཎ་ཆེན་དངོས་ཡིན་པར་བསྒོམ་པ་ནི་འབྲས་བུ་ལམ་བྱེད།    དེ་ལྟར་བསྒོམས་པས་ནམ་ཞིག་ལ་འབྲས་དུས་ཀྱི་ས་སྐྱ་པཎ་ཆེན་ཐོབ་པར་འགྱུར་བའི་རྟེན་འབྲེལ་འགྲིག་པ་ནི་བྱིན་རླབས་ལམ་བྱེད་ཡིན་ནོ།   །ཤློོ་ཀ་གཅིག་བརྒྱ་སྟོང་ནས་བདུན་གྱི་བར་བརྗོད།   ཤེས་ན་ཆོས་རྒྱལ་མ་རྒྱས་བསྡུས་གང་རིགས་ཚར་གསུམ་མམ་གཅིག་བརྗོད་དོ།   །

བཞི་པ་བཟླས་པ་བྱ་བ་ནི་ཞེས་གསུངས་པས།  བཟླས་པ་དངོས་ལ་གསུམ་སྟེ།  འོད་ཟེར་སྤྲོ་བསྡུའི་དམིགས་པ།   བཟླ་བྱའི་སྔགས་ཀྱི་དོན།   བཟླས་ཚུལ་བཤད་པ་དང་གསུམ་ལས།   དང་པོ་ནི།   ཆོས་རྗེའི་ཐུགས་ཀར་སྔར་གྱི་ཧཱུྃ་སྔོན་པོའི་སྟེང་གི་མགོ་ལ་མ་རེག་ཙམ་དུ་ཟླ་བའི་དཀྱིལ་འཁོར་དེའང་གཏོར་མ་ལ་རྒྱན་བཏགས་པར་ལྟར་ཐད་ཀ་བཞག་པ་མ་ཡིན་པར་གང་ལའང་སྟོང་པ་ཉིད་ཡིན་པས་དེ་ལའང་ཐམས་ཅད་རུང་བས་ནུ་མ་གཉིས་ཀྱི་བར། ནང་གི་སྙིང་པདྨའི་སྟེང་དུ་གནས་པ། དེའང་གླེགས་བམ་བརྩིགས་སའི་དྲྭ་མིག་གི་ནང་དུ་གླེགས་བམ་ཞིག་བཅུག་པ་ལྟར་བུའོ། །དེའི་སྟེང་གི་དབུས་སུ་དྷཱིཿཡིག་དམར་སེར་སྤུས་བྲིས་པ་ལྟ་བུ་གྱེན་དུ་ལངས་པ་འོད་གསལ་བ་ཞིག་བསམ། དེའི་མཐར་མདུན་ནས་བརྩམས་ཏེ་མུ་ཏིག་ལྟར་ལ་བརྒྱུས་པ་ལྟར།  གཡས་སྐོར་དུ་ཨོཾ་ཨ་ར་པ་ཙ་ན་ཞེས་པ་དེའང་དཀྱིལ་འཁོར་གྱི་ལྷའི་ཁ་བསྐོར་ཚུལ་དང་མཐུན་པར་ཁ་ནང་དུ་ཕྱོགས་པའམ་ནང་ནས་རིམ་བཞིན་གཡས་ཕྱོགས་སུ་བསྐོར་བའི་ཚུལ་དུ་འདོན་པ་ལྟར་གནས་པར་བསམ།  ཁ་དོག་དམར་སེར་གྱིས་བསྐོར་བ།   དེ་ལས་འོད་ཟེར་འཕྲོས།   སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དང་སྡུག་བསྔལ་ཐམས་ཅད་སྦྱངས། སྔགས་ཕྲེང་ལས་འོད་ཟེར་ལྷའི་ཁ་དོག་དང་མཐུན་པ་དཔག་ཏུ་མེད་པ་འཕྲོས་པས་རིགས་དྲུག་གིས་བསྡུས་པའི་སེམས་ཅན་ཐམས་ཅད་ལ་ཕོག །སོ་སོའི་རྒྱུད་ཀྱི་མ་རིག་པ་དང་མི་ཤེས་པའི་མུན་པ་ཐམས་ཅད་བཅོམ་ཞིང་དགེ་བའི་རྩ་བ་རྣམས་གསོས་བཏབ་སྟེ།   ས་སྐྱ་པཎྜིཏའི་གོ་འཕང་ལ་བཀོད།  དྷཱིཿཡིག་དེ་ལས་འོད་ཟེར་འཕྲོས་མ་རྒན་སེམས་ཅན་ཐམས་ཅད་ལ་ཕོག་ནས་སྐྱེ་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་དང་།   ཁྱད་པར་དུ་མ་རིག་པའི་མུན་པ་ཐམས་ཅད་བཅོམ་སྟེ།  ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་སྣང་བ་ཐམས་ཅད་ཐོག་མེད་དུ་རྒྱས་པར་བསམ། སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་མཁྱེན་བརྩེ་ནུས་གསུམ་གྱི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་སྤྱན་དྲང་།  ཆོས་རྗེའི་ཐུགས་ཀའི་དྷཱིཿཡིག་སྔགས་ཕྲེང་དང་བཅས་པ་ལ་ཐིམ།  སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཐམས་ཅད་སྔོན་གྱི་སྨོན་ལམ་གྱིས་བསྐུལ་ཏེ།   མཁྱེན་པའི་ཡེ་ཤེས་ཐམས་ཅད་འོད་ཀྱི་རྣམ་པས་ཚུར་འདུས་ནས་རང་གི་སྤྱི་བོ་ན་བཞུགས་པའི་ས་སྐྱ་པཎ་ཆེན་ལ་ཐིམ།  ཡང་ན་ཆོས་རྗེའི་ཐུགས་ཀའི་དྷཱིཿཡིག་ལས་འོད་ཟེར་འཕྲོས་པས་ཕྱི་སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་དུ་གྱུར།  ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ས་སྐྱ་པཎྜིཏའི་གོ་འཕང་ལ་བཀོད། ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་།   བླ་མ་དམ་པ་རྣམས་ཀྱི་བྱིན་རླབས་དང་།   འཆད་རྩོད་རྩོམ་གསུམ་གྱི་ཤེས་རབ།  ཐོས་བསམ་སྒོམ་གསུམ་གྱི་ནུས་མཐུ་རྣམས་བསྡུས་ནས་རང་གི་སྤྱི་བོར་བཞུགས་པའི་ཆོས་རྗེ་ལ་ཐིམ་པས་ལུས་ཡེ་ཤེས་དང་ལྡན་པར་བྱས།  དེ་ལས་འོད་ཟེར་དམར་སེར་གྱི་ཚོགས་བསམ་གྱིས་མི་ཁྱབ་པ་འཕྲོས། བཀའ་སྡེ་སྣོད་གསུམ་གྱི་བཅུད།   གནས་ལྔ་རིག་པའི་པཎྜི་ཏའི་ཤེས་རབ།   དགེ་བའི་བཤེས་གཉེན་གྱི་ནུས་པ་རྣམས།  རང་གི་ལུས་ཀྱི་སྤྱི་གཙུག་ནས་རྐང་མཐིལ་གྱི་བར་ཐམས་ཅད་གང་བས་ནད་གདོན་སྡིག་སྒྲིབ་མི་ཤེས་པའི་མུན་པ་ཐམས་ཅད་སྦྱངས། ཤེས་རབ་ཀྱིས་བུང་བའི་ཚོགས་ལ་འོད་ཟེར་དང་བཅས་པ་དཔག་ཏུ་མེད་པར་ཕྱོགས་བཅུར་འཕྲོས་པས། བདག་མེད་རྟོགས་པའི་ཤེས་རབ་ཁྱད་པར་ཅན་རྒྱུད་ལ་སྐྱེས་པར་གྱུར་པར་བསམ།  བློ་ཡི་མུན་པ་ཐམས་ཅད་བསལ་ནས།   ཤེས་རབ་ཀྱི་སྣང་བ་རྒྱས།  མདོར་ན་སྔར་གྱི་བྱིན་རླབས་དང་ནུས་མཐུ་ཐམས་ཅད་བསྡུས་ནས་རང་ལ་ཐིམ་པའམ་རང་སེམས་དང་དབྱེར་མེད་དུ་གྱུར་པར་བསམ། ཞེས་དང་སྤྲོ་བསྡུའི་དམིགས་པ་དེ་ཡང་ཡང་གསལ་འདེབས་པ་དང་མ་བྲལ་བའི་ངང་ནས།   ཨོཾ་ཨ་ར་པ་ཙ་ན་དྷཱིཿ  ཞེས་སོ།   །

གཉིས་པ་བཟླ་བྱའི་སྔགས་ཀྱི་དོན།    ཨོཾ་ཞེས་བྱ་བ་ནི་རྡོ་རྗེ་རྩེ་མོ་ལས།    ཡི་གེ་ཨོཾ་ནི་ཅི་ཞིག་བརྗོད།    །མཆོག་དང་ནོར་སྟེར་དཔལ་དང་གཡང་།   །སྐལ་བཟང་རྣམ་པ་དང་ལྡན་ཞིང་།   །དམ་བཅའ་བ་དང་བཀྲ་ཤིས་བརྗོད།   །ནོར་བུ་འཛིན་པའི་སྙིང་པོའོ།  །ཞེས་གསུངས་པ་ལྟར་དོན་བརྒྱད་ལ་འཇུག་ཀྱང་།   འདིར་མཆོག་དང་ཐུན་མོང་གི་ཤེས་རབ་འཕེལ་བ་ལ་གོ་དགོས་སོ།  །དེའང་ཨོཾ་ཞེས་པ་དེ་ཨ་དང་ཨུ་དང་མ་དང་བཅས་ཡི་གེ་གསུམ་བསྡུས་པ་ཞིག་ཡིན་ལ།   དོན་ནི་མ་དག་ཐ་མལ་པའི་ལུས་ངག་ཡིད་གསུམ་དེ།   དག་པ་དེ་བཞིན་གཤེགས་པ་ས་སྐྱ་པཎ་ཆེན་གྱི་སྐུ་གསུང་ཐུགས་གསུམ་གྱི་ངོ་བོ་རུ་བསྒྱུར་ཞེས་པའམ་དོན་ལ་དེ་ཉིད་ཡིན་པར་ངོ་སྤྲད་པ་ཙམ་ཡིན་པའི་ཕྱིར།   དེ་ནས་ཨ་ར་པ་ཙ་ན་དྷིཿ  ཅེས་པའི་སྔགས་ཀྱི་གོ་དོན་ཅུང་ཟད་བཤད་ན།    འདི་ཤེར་ཕྱིན་གྱི་མདོ་ལས་གསུངས་པའི་མདོའི་ལུགས་དང་།   འཇམ་དཔལ་རྩ་བའི་རྒྱུད་ལས་གསུངས་པའི་སྔགས་ཀྱི་ལུགས་དང་གཉིས་ཡོད་པར་ལས།   དང་པོ་ནི་གཟུངས་ཀྱི་ཚོགས་བསྟན་པའི་སྐབས་སུ།   ཨ་ཞེས་བྱ་བ་ནི་མ་སྐྱེས་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ།  །ར་ཞེས་བྱ་ནི་རྡུལ་དང་བྲལ་བའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ།  །པ་ཞེས་བྱ་བ་ནི་དོན་དམ་པ་སྟོང་པའི་ཕྱིར་ཆོས་ཐམས་ཅད་ཀྱི་སྒོའོ།   །ཙ་ཞེས་བྱ་བ་ནི་འཆི་འཕོ་བ་དང་སྐྱེ་བ་མི་དམིགས་པའི་ཕྱིར་ཆོས་ཐམས་ཅད་འཆི་འཕོ་བ་དང་སྐྱེ་བ་མེད་པས་ཆོས་ཐམས་ཅད་ཀྱི་སྒོའོ།  །ན་ཞེས་བྱ་བ་ནི་མཚན་མ་དང་རྣམ་པར་རྟོག་པར་ཐམས་ཅད་དང་བྲལ་བའི་སྒོའོ།  །

གཉིས་པ་ནི།   རྒྱུད་ལས།  ཨ་ཞེས་བྱ་བ་ནི་འདོད་པའོ།  །ར་ཞེས་བྱ་ནི་ཆགས་པའོ།  །པ་ཞེས་བྱ་ནི་དོན་དམ་པའོ།  །ཙ་ཞེས་བྱ་བ་ནི་སྤྱོད་པའོ།  །ན་ཞེས་བྱ་ནི་རང་བཞིན་མེད་པའོ།  །དེ་ལྟ་ན་འདོད་པ་དང་ཆགས་པ་དོན་དམ་པ་ཉིད་ཀྱི་སྙིང་པོ་སྒོམ་སྟེ་སྒྲུབ་ན་འདོད་པ་ཐམས་ཅད་ཐོབ་པར་འགྱུར་རོ།  །ཞེས་གསུངས་སོ།   །མདོར་ན་འགྲོ་བ་སྨིན་པར་བྱེད་པའི་བློ་ཅན་ལའོ་ཞེས་པའི་དོན་ཏོ།  །དེས་ན་དེ་དག་ལ་འཇམ་དབྱངས་ཀྱི་ས་བོན་དྷཱིཿཡིག་གིས་མཐར་བརྒྱན་ཏེ་བསྒྲུབ་ན་དེ་བཞིན་གཤེགས་པ་ཤེས་རབ་ཀྱི་ལྷ་ཁྱད་པར་ཅན་གྱིས་མཆོག་དང་ཐུན་མོང་གི་དངོས་གྲུབ་སྩོལ་བའོ།  །ཡང་།  ཨོཾ་ཞེས་བྱ་བ་ནི་སྒྲུབ་པ་པོ་ལ་མཆོག་སྟེར་བའོ།  །ཨ་ར་ཞེས་བྱ་བ་ནི་འགྲོ་བ་མ་ལུས་པའོ།   །པ་ཙ་ན་ཞེས་བྱ་བ་ནི་དབང་པོ་སྨིན་པར་བྱེད་པའོ།  །དྷིཿཞེས་བྱ་ནི་བློ་གྲོས་རྒྱས་པར་བྱེད་པའི་དོན་ཏེ།   ཡི་གེ་དྲུག་པ་སྐྱེ་མེད་རྡོ་རྗེའི་སྒྲ།   །བློ་མཆོག་ཡི་གེ་གཅིག་པའི་དབྱངས་འགྲུབ་ཤོག  །ཅེས་དང་།   ཐོབ་པས་ཐ་སྙད་ཀུན་ལ་དབང་འབྱོར་ཞིང་།   །དོན་དམ་འཇམ་དབྱངས་འདུ་འབྲལ་མེད་རྟོགས་ཤོག  །ཅེས་དང་།    ཆོས་ཚུལ་ཡུན་རིང་གནས་དང་དམ་ཆོས་ཀྱིས།   །ཕོངས་པའི་སྐྱེ་བོ་ཀུན་གྱི་མགོན་གྱུར་ཅིག  །ཅེས་པའི་དོན་ཡིན་ནོ།   །

གསུམ་པ་བཟླས་ཚུལ་བཤད་པ་ལ།   བཟླས་ཚུལ་སྤྱིའི་བཤད་པ་དང་།    མན་ངག་གིས་མཐར་རྒྱན་པ་དང་གཉིས་ལས།  །དང་པོ་ནི།  སྤྱིར་ན་འཁོར་བའི་བཟླས་པ་དང་།   སྤྲོ་བསྡུའི་བཟླས་པ།   བཀོད་པའི་བཟླས་པ་དང་གསུམ་ལས་དང་པོ་ཀྱེ་རྡོར་རྩ་སྔགས་སོགས་ཀྱི་བཟླ་ཚུལ་ལྟ་བུའོ།   །གཉིས་པ་ནི་ཀུན་རིག་གི་བསྙེན་པ་ལྟ་བུའོ།   །འདི་གོང་དུ་བཤད་པ་ལྟར་བཀོད་པའི་བཟླས་པ་ཡིན་ནོ།  །ཡང་ན་སྔགས་ཀྱི་སྒྲ་ཙམ་ལ་སེམས་གཏད་དེ་བཟླས་པ་ནི་སྔགས་ཀྱི་བཟླས་པ་དང་།   ལྷའི་རྣམ་པ་ཙམ་ལ་སེམས་གཏད་དེ་བཟླས་པ་ནི་གཟུགས་ཀྱི་བཟླས་པ།    ལྟ་བའི་ངང་ནས་བཟླས་པ་ལ་རྣལ་འབྱོར་གྱི་བཟླས་པ།   སྔགས་ཀྱི་སྒྲ་ཙམ་ལ་སེམས་གཏད་དེ་བཟླས་པ་སོགས་མང་དུ་ཡོད་པའི་ཕྱིར།   དཔེར་ན་སྐྱེས་བུ་གང་ཞིག་གིས་རང་གི་དོན་ཆེན་པོའི་བྱ་བ་ཞིག་བསྒྲུབ་རྒྱུ་ཡོད་ཀྱང་རང་ཉིད་གཅིག་པུས་འགྲུབ་དཀའ་ནའང་།   གྲོགས་སྟོབས་དང་ལྡན་པ་ཞིག་དགོས་ལ།   གྲོགས་དེའི་མིང་ནས་བཟུང་སྟེ་མ་བོས་ན་ཁོ་མི་འོང་བ་ཡིན་ལ་ཁོ་མི་འོང་ན་རང་གི་བྱ་བ་དེ་མི་འགྲུབ་པས། དེས་ན་དེ་འབོད་དགོས་པ་ལྟར་མཆོག་དང་ཐུན་མོང་གི་དངོས་གྲུབ་མྱུར་དུ་འགྲུབ་པ་ལ་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་ཏེ་བསྒྲུབ་དགོས་པའི་ཕྱིར།   སྔགས་ལ་ལ་ནི་ཡི་དམ་གྱི་ལྷ་དེ་གསོལ་འདེབས་ཀྱི་ཚུལ་དུ་གནས་པ་དང་།   ལ་ལ་ནི་ཡི་དམ་གྱི་ལྷ་དེ་མཚན་ནས་འབོད་པ་དང་།   ལ་ལ་ནི་ཡི་དམ་གྱི་ལྷ་དེ་ལ་འདོད་དོན་ཞུ་བ་ལྟ་བུ་གནས་པ་དང་།    མདོར་ན་སྔགས་བཟླས་པ་ཙམ་གྱིས་སངས་རྒྱས་བྱང་སེམས་ཐམས་ཅད་སྒྲུབ་པ་པོ་བྱིན་གྱིས་བརླབས་ཕྱིར་གནས་དེར་བྱོན་པ་ནི་ཆོས་ཉིད་ཡིན་པས་སྔགས་བཟླ་བ་གལ་ཆེ་སྟེ།   རྡོ་རྗེ་གུར་ལས།   མཁའ་འགྲོ་མ་དང་རང་བཙུན་མོ།  །མངོན་སུམ་དུ་ནི་བྱ་བའི་ཕྱིར།  །སྔགས་ནི་སྙན་གསན་འབེབས་པར་བརྗོད།   །དཔེར་ན་སྐྱེས་བུ་ལ་ལ་ཞིག  །སྐད་ཀྱི་ང་རོས་བོས་པ་ན།   །མངོན་སུམ་དུ་ནི་འོང་བར་འགྱུར།  །དེ་བཞིན་དེ་བཞིན་གཤེགས་ཀུན་གཤེགས།   །ཞེས་གསུངས་སོ།  །མདོར་ན་སེམས་གཞན་དུ་མི་ཡེངས་པར་བློ་ཆོས་སུ་འགྲོ་བ་ལ་རང་ནུས་གང་ཡོད་ཐོག་ནས་འབད་པར་གལ་ཆེའོ། །དེའང་བཟླས་པའི་སྐྱོན་བརྒྱད་དང་བྲལ་བ་ཞིག་དགོས་ཏེ།   དཔུང་བཟང་ལས།   བཟླས་བརྗོད་བྱེད་ཚེ་༡མི་མྱུར་༢མི་དལ་ཞིང་།  །༣སྒྲ་ཆེར་མ་ཡིན་༤ཧ་ཅང་ཆུང་བ་མིན།   །༥སྨྲ་ཞིང་མ་ཡིན་༦གཞན་དུ་གཡེང་བཞིན་མིན།   །༧གུག་ཀྱེད་༨ཀླད་ཀོར་ཚིག་རྣམས་ཉམས་པས་མིན།  །ཞེས་དང་།   གུག་ཀྱེད་ཡི་གེ་ལྷག་ཆད་གྱུར་པ་ཡིས།  །སྔགས་ཀྱི་དངོས་གྲུབ་རྒྱ་ཆེར་མི་སྟེར་རོ།  །ཞེས་གསུངས་པའི་དོན་ནི་གུག་ཅེས་པས་གི་གུ་དང་ཞབས་ཀྱུ་གཉིས།   ཀྱེད་ཅེས་པས་འགྲེང་བུ་དང་ན་རོ་གཉིས། ཧཱུྃ་གི་ཀླད་ཀོར་ལ་ང་དང་། ཨོཾ་གྱི་ཀླད་ཀོར་ལ་མའི་སྒྲ་གདངས་དེ་རྣམས་གསལ་པོ་འདོན་དགོས་ཞེས་སོ།  །བདེ་མཆོག་ལས།   ཡུལ་གཞན་བློ་ནི་འགྲོ་བ་ཡིས།   །བསྐལ་བར་བཟླས་ཀྱང་འབྲས་མི་འབྱིན།  །ཞེས་གསུངས་པ་དང་། དག་དང་མ་དག་བརྒྱ་འགྱུར་ཡིན།  །ཏིང་འཛིན་ཡན་ལག་འབུམ་འགྱུར་ཡིན།  །ཞེས་དང་། དེང་སང་ཁ་གཏོན་འདོན་ཞོར་ཁ་པར་དང་སྐད་འཕྲིན་སོགས་ལ་མགོ་བོ་གདུགས་ལྟར་འཁོར་ནས་ཐ་མལ་པའི་གཏམ་དང་བསྲེས་ནས་རང་ལ་མི་ཕན།  གཞན་གྱི་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་ལ་བར་ཆད་བྱས་ན།  ཉེ་བའི་མཚམས་མེད་ལས་ཀྱང་ཉེས་པར་ཆེ་བ་གསུངས་པའི་ཕྱིར།   དེས་ན་ཁ་གཡེང་མིག་གཡེང་སེམས་གཡེང་སོགས་ནེ་ཙོའི་འདོན་པར་ལྟར་མི་བྱ་བ་གལ་ཆེ་བ་གསུངས་སོ།  །

གཉིས་པ་མན་ངག་གིས་མཐར་རྒྱན་པ་ནི།   དགའ་སྟོན་རྡོ་རྗེ་འཆང་ངག་དབང་ལེགས་པའི་ཉམས་ཀྱི་སྣང་བ་ལ་རྒྱུ་ཟན་ལས་བྱས་པ་མདོག་གསེར་ལྟ་བུའི་པདྨ་འདབ་མ་ཕྱི་ནང་ཤིན་ཏུ་མང་པོ་ཡོད་པ།   འདབ་མ་རེ་རེའི་སྟེང་ནས་ཨ་ར་པ་ཙའི་སྔགས་འབུར་དོད་དུ་ཡོད་པ་ཞིག་གཏད་བྱུང་བ་དེ་ཁོང་དུ་མིད་པས།   ཨ་ར་པ་ཙའི་སྔགས་ཁོ་ནས་ཁོང་གི་སྐུ་ལུས་ཡོངས་རྫོགས་གང་བའི་ཉམས་ཁྱད་པར་ཅན་ཤར་བྱུང་གསུངས་པ་ལྟ་བུའོ།  །དེ་ལྟ་བུའི་འདབ་མའི་སྟེང་དུ་སྔགས་ཕྲེང་བཀོད་པ་བསྒོམ་ནའང་ཤིན་ཏུ་ལེགས་སམ་སྙམ་སྟེ་མན་ངག་དེས་མཐར་རྒྱན་པའོ། །ཞེས་ཐུན་རེ་ལ་བརྒྱ་སྟོང་ཁྲི་སོགས་ཅི་འགྲུབ་དང་།   བསྙེན་པ་བྱེད་ན་འབུམ་ཕྲག་བརྒྱད་ཅུ་ཙམ་བཟླའོ།  །འདིའི་སྦྱང་གཞི་ནི་དོན་མེད་ཀྱི་ངག་འཆལ་དང་དགོས་མེད་ཀྱི་རྫུན་ཚིག་སོགས་སྔགས་ཕྱག་རྒྱ་ཏིང་ངེ་འཛིན་ལ་བར་ཆད་ཀྱི་རིགས་ཁ་པར་སོགས་ལ་བརྟེན་ནས་གཏམ་ངན་གྱི་གཏེར་སྒོ་འབྱེད་པ་སོགས་ཉོན་མོངས་པའི་ཀུན་ནས་བསླང་བའི་མ་དག་པའི་སྨྲ་བརྗོད་ཐམས་ཅད་ཡིན་ལ།   སྦྱོང་བྱེད་ནི་དེ་རྣམས་རྒྱལ་བ་རྡོ་རྗེ་འཆང་གིས་གསུངས་པའི་སྔགས་ཁྱད་པར་ཅན་ཨ་ར་པ་ཙ་བཟླས་པའི་རྣལ་འབྱོར་དུ་བསྒྱུར་ནས་ཉམས་སུ་བླང་པ་ཡིན། སྦྱངས་འབྲས་ནི་ས་སྐྱ་པཎ་ཆེན་གྱི་གསུངས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐོབ་པ་དང་།  ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ཕྲིན་ལས་མ་ལུས་པ་རང་རྒྱུད་ལ་མངའ་བའོ།  །འདི་ལ་ལམ་བྱེད་བཞི་ཡང་ཚང་སྟེ།    སྦྱང་གཞི་དེ་དག་སྦྱོང་བྱེད་སྔགས་ཁྱད་པར་ཅན་ཨ་ར་པ་ཙའི་རྣམ་པར་བསྒྱུར་བ་ནི་རྣམ་པ་ལམ་བྱེད།   རྣམ་པ་དེ་ཉིད་ས་སྐྱ་པཎ་ཆེན་གྱི་གསུང་དངོས་ཡིན་པར་མོས་པ་ནི་མོས་པ་ལམ་བྱེད།   དེའང་འབྲས་དུས་ཀྱི་གསུང་དབྱངས་ཡན་ལག་དྲུག་ཅུ་དངོས་ཡིན་པར་བསྒོམ་པ་ནི་འབྲས་བུ་ལམ་བྱེད།    དེ་ལྟར་བསྒོམས་པས་ནམ་ཞིག་ས་སྐྱ་པཎ་ཆེན་གྱི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ་ཕྲིན་ལས་རྣམས་ཐོབ་པར་འགྱུར་བའི་རྟེན་འབྲེལ་འགྲིག་པ་ནི་བྱིན་རླབས་ལམ་བྱེད་ཡིན་ནོ།   །

ལྔ་པ་འདོད་དོན་ཞུ་བ་ལ།   མོས་གུས་ཀྱི་སྒོ་ནས་གསོལ་བ་བཏབ་པ།   དབང་བཞི་དང་འབྲེལ་བས་ཆོས་རྗེ་ཉིད་རང་ལ་བསྟིམ་པ། རང་གི་སྙིང་དབུས་སུ་བཞུགས་པའི་ཆོས་རྗེ་ཉིད་ལ་ནང་གི་མཆོད་པ་ཕུལ་བར།   ཟབ་མོ་ནང་གི་ས་སྐྱ་པཎ་ཆེན་རང་ཞལ་མཇལ་ཚུལ་དང་བཞི་ལས།   དང་པོ་ནི།   གང་ལྟར་ཡང་ཐུན་གྱི་རྗེས་སུ།   འཇམ་མགོན་བླ་མ་ཉིད་ལ་མོས་གུས་དུང་བ་དང་བཅས་ཕྱོགས་བཅུ་དུས་གསུམ་མ་ཚིག་ལྷུག་གི་སྒོ་ནས་གསོལ་བ་འདེབས་པའམ། ད་ལྟ་ལམ་འབྲས་བླ་མཆོད་ནང་ན་ཡོད་པ་དེ་ལ་ཟེར། ཡང་ན།  དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་མཁྱེན་རབ་ཀྱི་བདག་པོ་འཕགས་པ་འཇམ་དཔལ་དང་དབྱེར་མ་མཆིས་པའི་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་གསོལ་བ་འདེབས་སོ།  །བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ།   ཞེས་ལན་གསུམ་སོགས་ཀྱིས་གསོལ་བ་བཏབ་པ་དང་།     འཇམ་དབྱངས་མཁྱེན་རབ་དབང་ཕྱུག་ཆོས་ཀྱི་རྗེ།   །སྐྱབས་གནས་ཀུན་འདུས་ཞབས་ལ་གསོལ་བ་འདེབས།  །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི།  །བྱིན་རླབས་དངོས་གྲུབ་ཐམས་ཅད་བདག་ལ་སྩོལ།   །བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས།   །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས།    །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི།   །བློ་གྲོས་སྤོབས་པའི་སྣང་བ་བསྐྱེད་དུ་གསོལ།   །ཞེས་དང་།  རིག་པའི་གནས་ལྔ་སྦྱངས་པའི་ཕུལ་ཕྱིན་ནས།    །གཞན་ལ་འཆད་པའི་སྤོབས་པ་བདག་ལ་སྩོལ།   །མཁས་པའི་མདུན་སར་རྩོད་པའི་གྲར་ཞུགས་ནས།   །སྨྲ་ངན་ཕམ་བྱེད་སྤོབས་པ་བདག་ལ་སྩོལ།   །དཔྱོད་ལྡན་མཁས་པ་ཀུན་གྱིས་ཡིད་རྟོན་པའི།   །སྡེབ་ལེགས་རྩོམ་པའི་སྤོབས་པ་བདག་ལ་སྩོལ།   །གཉིས་འཛིན་མུན་པ་འཐིབས་པོ་མཐར་བྱེད་པའི།   །སྤྲོས་བྲལ་འོད་བརྒྱའི་སྣང་བ་བདག་ལ་སྩོལ།  །ཞེས་ངག་དབང་ཀུན་དགའ་བསོད་ནམས་ཀྱིས་གསུང་བྱིན་ཅན་འདིའི་ཀྱང་འདོན་དོན་ཞུས་ན་ཧ་ཅང་བཟང་བས་སོ།  །

གཉིས་པ་དབང་བཞི་དང་འབྲེལ་བས་ཆོས་རྗེ་ཉིད་རང་ལ་བསྟིམ་པ་ནི།    ཆོས་རྗེའི་དཔྲལ་བའི་ཨོཾ་ལས་བདུད་རྩི་དཀར་པོ་བབས།    སྐུའི་ནང་བརྒྱུད་གདན་པདྨའི་ཡུ་བ་ལ་འཁྲིལ་ནས་རང་གི་དཔྲལ་བའི་ཨོཾ་ལ་ཐིམ།   ཞེས་རང་སེམས་གསལ་སྟོང་ཟུང་འཇུག་རིག་པ་སྐད་ཅིག་མ་འདི་རང་ངོ་མ་ཤེས་པར་མ་དག་ཐ་མལ་ཉིད་དུ་འཁྲུལ་བའི་སྣང་ངོར་ནད་གདོན་སྡིག་སྒྲིབ་གསུམ་མམ།  ཡང་ན་ཉོན་མོངས་པ་དུག་གསུམ་སོགས་འཁྲུལ་བའི་དྲི་མ་སེམས་སྣང་བག་ཆགས་དང་བཅས་པ་ཐམས་ཅད་དབྱིངས་སུ་སྦྱངས་ནས།   དེའང་ངོ་བོ་ནི་རང་སེམས་གསལ་སྟོང་ཟུང་འཇུག་རིག་པའི་རྩལ་ལ་བརྟེན་ནས་སྣོད་གཞལ་ཡས་ཁང་དང་བཅུད་ལྷའི་རྣམ་པར་ཤར་བ་ལ་རྣམ་པ་ཡེ་ཤེས་ཀྱི་བདུད་རྩི་ཡིན་པས་སྨིན་མཚམས་ཡན་ཆད་གང་།   བུམ་པའི་དབང་ཐོབ།  ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་།   ལུས་ཀྱི་མི་དགེ་བ་གསུམ་དང་ལོག་འཚོ་སོགས་ལུས་དང་རྩའི་སྒྲིབ་པའམ་དྲི་མ་དག་ཟེར་ན་དེའི་ངོ་བོ་ཤེས་སོང་བ་ཡིན། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུའི་དངོས་གྲུབ་ཐོབ།   འབྲས་བུ་སྤྲུལ་སྐུའི་ས་བོན་རྒྱུད་ལ་བཞག   །དེ་ལ་ཕན་ཡོན་གཉིས་ཡོད་དེ།   གནས་སྐབས་སུ་ལུས་ལ་ནད་མེད་པ་དང་།   མཐོང་བ་ཙམ་གྱིས་འགྲོ་བའི་དད་པའི་ཡུལ་དང་།   མཐར་ཐུག་མཚན་དཔེས་བརྒྱན་པའི་སྐུ་ཐོབ་པར་འགྱུར་རོ།   །ཡང་།  ཆོས་རྗེའི་མགྲིན་པའི་ཨཱཿལས་བདུད་རྩི་དམར་པོ་བབས།   རང་གི་མགྲིན་པའི་ཨཱཿལ་ཐིམ།   གསང་བའི་དབང་ཐོབ།  ངག་གི་དྲི་མ་དག  །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་དངོས་གྲུབ་ཐོབ།    །ཞེས་མགྲིན་པ་ཡན་ཆད་གང་གསང་བའི་དབང་ཐོབ་ངག་གི་མི་དགེ་བ་བཞི་དང་ཡི་གེའི་སྒྲིབ་པ་སྦྱངས་གསུང་གི་བྱིན་རླབས་ཞུགས་ལོངས་སྐུའི་ས་བོན་རྒྱུད་ལ་བཞག  །དེ་ལ་ཕན་ཡོན་གཉིས་ཡོད་དེ།   གནས་སྐབས་སུ་འཆད་རྩོད་རྩོམ་གསུམ་ལ་མཁས་པ་དང་།   རང་གི་ཚིག་ལ་གཞན་རྣམས་ཡིད་ཆེས་པ་དང་།    མཐར་ཐུག་གསུང་དབྱངས་ཡན་ལག་དྲུག་ཅུ་ཐོབ་པར་འགྱུར་རོ།   །ཡང་།   ཆོས་རྗེའི་ཐུགས་ཀའི་ཧཱུྃ་ལས་བདུད་རྩི་སྔོན་པོ་བབས།   རང་གི་སྙིང་གའི་ཧཱུྃ་ལ་ཐིམ།   ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ།  ཡིད་ཀྱི་དྲི་མ་དག   །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་དངོས་གྲུབ་ཐོབ།    ཞེས་སྙིང་ཁ་ཡན་ཆད་གང་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ་ཡིད་ཀྱི་མི་དགེ་བ་གསུམ་དང་ཐིག་ལེའི་སྒྲིབ་པ་སྦྱངས་ཐུགས་ཀྱི་བྱིན་རླབས་ཞུགས་ཆོས་སྐུའི་ས་བོན་རྒྱུད་ལ་བཞག  །དེ་ལ་ཕན་ཡོན་གཉིས་ཡོད་དེ།   གནས་སྐབས་བློ་ཆོས་སུ་འགྲོ་ནས་བསམ་པའི་དོན་ཐམས་ཅད་ཆོས་བཞིན་དུ་འགྲུབ་པ་དང་།    མཐར་ཐུག་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་གོ་འཕང་ཐོབ་པར་འགྱུར་རོ།   །ཡང་།   ཆོས་རྗེའི་གནས་གསུམ་གྱི་ཨོཾ་ཨཱཿཧཱུྃ་གསུམ་ལས།   བདུད་རྩི་དཀར་དམར་སྔོ་གསུམ་འདྲེས་པ་འཇའ་ཚོན་གྱི་རྣམ་པ་ལྟ་བུ་བབས།   རང་གི་སྒོ་གསུམ་ལ་ཐིམ།   ལུས་ཀྱི་ནང་གང་།    དབང་བཞི་པ་ཐོབ།   ལུས་ངག་ཡིད་གསུམ་གྱི་དྲི་མ་དག   །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ།   ཞེས་ལུས་ཐམས་ཅད་གང་དབང་བཞི་པ་ཐོབ་སྒོ་གསུམ་ཆ་མཉམ་རླུང་དང་བཅས་པའི་སྒྲིབ་པའི་ས་བོན་ནམ་བག་ཆགས་དང་བཅས་པ་སྦྱངས།  སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་བྱིན་རླབས་ཞུགས་ངོ་བོ་ཉིད་སྐུའི་ས་བོན་རྒྱུད་ལ་བཞག  །དེ་ལ་ཕན་ཡོན་གཉིས་ཡོད་དེ།   གནས་སྐབས་སུ་རིག་པའི་གནས་མཐའ་དག་ལ་མཁས་ཤིང་།  བསྟན་པ་དང་སེམས་ཅན་གྱི་དོན་བརླབ་ཆེན་འགྲུབ་པ་དང་།  མཐར་ཐུག་ཆོས་རྗེ་འཇམ་དབྱངས་བླ་མ་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལ་མངའ་བའི་ཡོན་ཏན་དང་ཕྲིན་ལས་རྣམས་རང་ལ་འཐོབ་པར་འགྱུར་རོ།   །དབང་བཞི་ཡོངས་རྫོགས་བླང་། ལུས་ངག་ཡིད་གསུམ་གྱི་དྲི་མ་རྣམས་ཕྱིར་དེད་པ་ནི་ལས་དང་པོ་པའི་དམིགས་པ་ཡིན་གསུང་།   ལྟ་བ་ལ་གོམ་འདྲིས་ཅུང་ཞིག་ཡོད་ན་ལུས་ངག་ཡིད་གསུམ་གྱི་དྲི་མ་ཐམས་ཅད་ཆུ་ནང་དུ་འོ་མ་བླུག་པ་ལྟར་ཡེ་ཤེས་ཀྱི་བདུད་རྩི་དེའི་རང་བཞིན་དུ་གྱུར་པར་བསྒོམ། མདོར་ན་འདི་བླ་མའི་རྣལ་འབྱོར་ཡིན་པས་བླ་མའི་ཐུགས་རྣམ་པར་མི་རྟོག་པ་ཆོས་སྐུ།   བླ་མའི་སྐུ་ཡི་དམ་ལྷ་དང་དབྱེར་མེད་པ་ལོངས་སྐུ།   བླ་མའི་མཛད་པ་ཕྲིན་ལས་ཐམས་ཅད་སྤྲུལ་སྐུ།  དེ་རྣམས་ངོ་བོ་དབྱེར་མེད་པ་ངོ་བོ་ཉིད་སྐུ་ཡིན་ནོ།  །དེའང་རང་གི་ལུས་ངག་ཡིད་གསུམ་བྱ་བྱེད་དང་བཅས་པ་སྔར་གྱི་བླ་མའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པ་གཉིས་དབྱེར་མེད་རོ་གཅིག་ཏུ་གནས་པ་ཉིད་དུ་ཤེས་དགོས་པ་དང་།  དེའི་འབྲས་བུ་ནི་ལུས་ངག་ཡིད་གསུམ་གྱི་དྲི་མ་བག་ཆགས་དང་བཅས་པ་གནས་གྱུར་ནས་སྐུ་བཞིའི་བདག་ཉིད་རྒྱལ་བ་རྡོ་རྗེ་འཆང་ས་སྐྱ་པཎྜི་ཏའི་རྒྱལ་ས་ཟིན་པ་ཡིན་ནོ། །ཆོས་རྗེ་དེ་རང་གི་སྤྱི་བོའི་རྩ་དབུ་མའི་ནང་ནས་ཞུགས།   དེ་མ་ཐག་ཚངས་བུག་གི་སྒོ་འགྲིགས།  ལུས་གཞལ་ཡས་ཁང་དུ་གྱུར་པའི་ནང་དུ་སྙིང་པདྨ་འདབ་མ་སྟོང་ལྡན་གྱི་ཟེའུ་འབྲུ་ལ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ་འཇའ་འོད་ཁ་དོག་སྣ་ཚོགས་པའི་གུར་གྱི་ནང་ན་དུས་རྟག་ཏུ་འབྲལ་བ་མེད་པར་བཞུགས་པར་གྱུར།   །ཅེས་བདག་ཉིད་ཆེན་པོ་ས་སྐྱ་པཎ་ཆེན་རང་གི་སྤྱི་བོ་ནས་མར་སྤྱན་དྲངས་ནས་སྙིང་པད་མའི་སྟེང་དུ་བཞུགས་པར་བསམ་མོ།  །

གསུམ་པ་རང་གི་སྙིང་དབུས་སུ་བཞུགས་པའི་ཆོས་རྗེ་ཉིད་ལ་ནང་གི་མཆོད་པ་ཕུལ་བར་ནི།  ནང་གི་མཆོད་པ་ཕུལ་བར་བསམས་ལ།  ཞེས་འགྲོ་མགོན་ཆོས་རྒྱལ་འཕགས་པས་ཆོས་རྗེ་ཉིད་ལ་ནང་གི་མཆོད་པ་འབུལ་ཚུལ་འདིར་བཤད་ན། ཐོས་པ་རྒྱ་མཚོ་སོགས་སོ།  །དེའང་སངས་རྒྱས་ཀྱིས་གསུངས།  སྡུད་པ་པོས་བསྡུས།  གྲུབ་ཐོབ་རྣམས་ཀྱིས་བསྒོམ།  པཎྜི་ཏས་བཤད། ལོ་ཙཱས་བསྒྱུར། མཁས་པ་རྣམས་ལ་ཚད་མ་རུ་གྲགས་པའི་མདོ་སྔགས་ཀྱི་གཞུང་།  ཡང་ན་དབང་ལུང་མན་ངག་གང་རུང་དང་།  མདོར་ན་བླ་མའི་རྣལ་འབྱོར་འདིའི་བྱིན་རླབས་ཐོ༷ས་པ༷་དང་།  ཟབ་པ་དང་རྒྱ་ཆེ་བས་ན་རྒྱ༷་མཚོ༷་ལྟ་བུའོ།  །དེའང་སྒྲུབ་པའི་མཆོད་པ་མཚོན་བྱེད་དུ་མཆོ༷ད་ཡོ༷ན་གྱི་གཟུགས་སུ་བཀོད་ནས་མཆོད་པས་ཀུན༷་ནས༷་འཁྱི༷ལ་བའོ།   །དེ་ལྟ་བུ་ཐོས་པ་དེ་གོ་ལོ་ཐོས་ལོ་ཙམ་མ་ཡིན་པ་བསམ་པས་སྒྲོ་འདོགས་བཅད་ནས་ངེས་ཤེས་ཁྱད་པར་ཅན་ནམ་བསམ་བྱུང་གི་ཤེས་རབ་ཁྱད་པར་ཅན་དེ་ལ་ཡོ༷ན་ཏ༷ན་ཟེར།   དེའང་སྒྲུབ་པའི་མཆོད་པ་འདི་ལ་མེ༷་ཏོ༷ག་གི་གཟུགས་སུ་བཀོད་པའོ།  །དེ་ལྟ་བུ་ཐོས་བསམ་གྱི་རྟེན་གཞི་ཚུལ་ཁྲིམས་རྣམ་དག་དགོས་པས་སྐྱབས་གསུམ་འཛིན་པའི་དགེ་བསྙེན་ནས་བླ་མེད་ཀྱི་བར་གྱི་སྡོམ་པ་དང་། ངེས་འབྱུང་གི་བསམ་པས་ཀུན་ནས་བསླངས་ཏེ། གཞན་གནོད་གཞི་བཅས་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་ལ་སོར་སྡོམ་དང་།   གཞན་ལ་ཕན་པར་གཞིར་དང་བཅས་པ་སྒྲུབ་འདོད་ཀྱི་སེམས་པ་མཚུངས་ལྡན་དང་བཅས་ལ་བྱང་སྡོམ་དང་།  ཡིད་མཚན་རྟོག་ལས་སྐྱོབ་པའི་ཐབས་ཁྱད་པར་ཅན་མི་མཐུན་ཕྱོགས་སྤོང་བའི་སེམས་པ་མཚུངས་ལྡན་དང་བཅས་པ་དེ་སྔགས་སྡོམ་གྱི་ངོ་བོ་ཡིན་པས་དེ་རྣམས་ཀྱི་སོ་སོའི་དམ་ཚིག་གཙང་མ་ལ་ཚུལ༷་ཁྲི༷མས་ཟེར། དེའང་སྒྲུབ་པའི་མཆོད་པ་འདི་ལ་དྲི་ཞིམ་ཡིད་དུ་འོང་བའི་བ༷དུག་སྤོ༷ས་ཀྱི་དུ་བ་སྤྲི༷ན་གྱི་གཟུགས་སུ་བཀོད་པའོ།  །དེ་ལྟ་བུ་ཐོས་བསམ་ལ་བརྟེན་ནས་བྱུང་བའི་བློ་ཡིས་མུན་པ་ཐམས་ཅད་བསལ་ནས་ཤེས་རབ་ཀྱི་སྣང་བ་རྒྱས་པའི་སྒོམ་བྱུང་གི་ཤེས༷་ར༷བ་དེའང་སྒྲུབ་པའི་མཆོད་པ་འདིའི་མ་རིག་པའི་མུན་པ་སེལ་བའི་སྒྲོ༷ན་མེ༷་ཡི་གཟུགས་སུ་བཀོད་པའོ།  །སྤྱིར་དཀོན་མཆོག་དང་ཁྱད་པར་དུ་ས་སྐྱ་པཎ་ཆེན་ནི་སྤངས་རྟོགས་ཀྱི་ཡོན་ཏན་ཡོངས་སུ་རྫོགས་ནས་མཁྱེན་བརྩེ་ནུས་གསུམ་གྱི་མངའ་བདག་ཡིན་པར་ཤེས་པའི་ཡོན་ཏན་ལ་དང་བ་དང་།   དེ་ལྟ་བུའི་ཡོན་ཏན་རྣམས་བདག་གཞན་སེམས་ཅན་ཐམས་ཅད་ལ་ཐོབ་པར་འདོད་པ་ལ་འདོད་པའི་དད་པ།   ཡོན་ཏན་དེ་རྣམས་ཡོད་པ་ལ་ངོ་ཤེས་ཤིང་ཐེ་ཚོམ་དང་ཡིད་གཉིས་མེད་པ་ནི་ཡིད་ཆེས་པའི་དད་པ།   དེ་ལྟ་བུའི་དད་པ་སུམ་ལྡན་གྱི་སྒོ་ནས་བཅོས་མ་མ་ཡིན་པའི་མོས་གུས་ཁྱད་པར་ཅན་ཞིག་ལ་སྐབས་འདིའི་ད༷ད་པ༷་ཟེར།   དེའང་སྒྲུབ་པའི་མཆོད་པ་འདི་ལ་དྲི་ཞིམ་ཡིད་དུ་འོང་བའི་སྤོ༷ས་ཆུའི༷་ཡན་ལག་བརྒྱད་ལྡན་གྱི་མཚོ༷་ཡི་གཟུགས་སུ་བཀོད་པའོ།  །ཤིན་སྦྱངས་བདེ་ལྡན་གྱི་ཞི་གནས་དང་།  སྤྲོས་ཀུན་ཉེར་བ་ཞི་བའི་ལྷག་མཐོང་གཉིས་ཟུང་དུ་འཇུག་པའམ།   ཡང་ན་མཚན་རྟོག་ཀུན་ཉེར་བ་ཞི་བའི་ཞི་གནས་དང་།  བདེ་སྟོང་ཟུང་འཇུག་གི་ལྷག་མཐོང་གཉིས་ཟུང་དུ་འཇུག་པའི་ཏིང༷་ངེ་འཛི༷ན་དང་།  ཐོས་བསམ་གྱིས་སེལ་ནུས་པའི་མ་རིག་པའི་དུག་དང་།    མཐོང་བས་སྤང་བར་བྱ་བའི་རྣམ་རྟོག་རྒྱུན་ཆགས་གཙོ་བོའི་དུག  །ཤེས་སྒྲིབ་ཏུ་གྱུར་པའི་བུམ་དབང་གི་སྣང་ཕྱོགས་དང་སྟོང་ཕྱོགས་ཀྱི་ཉམས་གཉིས།   གསང་དབང་གི་རྣམ་རྟོག་རང་བྱུང་དང་ཉོན་མོངས་རང་བྱུང་སྣྲེལ་ཞི་རང་བྱུང་དང་གསུམ།   དབང་གོང་མ་གཉིས་ཀྱི་དགའ་བ་དང་པོ་གསུམ་གྱི་ཉམས་སྐྱོན་ཅན་བརྒྱད་ཀྱི་དུག་རྣམས་ས་བཅུ་གཉིས་བར་དུ་ཅི་རིགས་པ་ཡོད་པས་དེ་རྣམས་སེལ་བ་ལ་བ༷དུད་རྩི༷་ལྟ་བུའོ།  །དེའང་ཏིང་ངེ་འཛིན་གྱི་སྒྲུབ་པའི་མཆོད་པ་འདི་ལ་རོ་བརྒྱ་ནུས་པ་སྟོང་དང་ལྡན་པའི་ལྷའི་ཞལ༷་ཟ༷ས་ད༷མ་པ༷འི་གཟུགས་སུ་བཀོད་པའོ།  །ངེས་འབྱུང་དང་སྐྱོ་ཤས་ཀྱི་རྐྱེན་ལ་ཕྲ་སྦོམ་འདེགས་འདོག་འགྱུར་ཁུག་སྟེ་གདངས་ཀྱི་ཉམས་དྲུག་དང་ལྡན་པའི་བསྟོ༷ད་པའི་དབྱ༷ངས་དང་སྙ༷ན་པ༷འི་སྒྲ་འདི།  དེའང་སྒྲུབ་པའི་མཆོད་པ་སི༷ལ་སྙན༷་གྱི་སྒྲ༷་ཡིད་དུ་འོང་བ་འབྱི༷ན་པའི་གཟུགས་སུ་བཀོད་པའོ།  །འགྲོ་བ་རིགས་དྲུག་གིས་བསྡུས་པའི་སེམས་ཅན་རྣམས་ལ་བུ་གཅིག་པའི་མ་ལྟར་ཀུན༷་ནས༷་སྙིང༷་བ༷རྩེ་བ་ཆེན་པོའི་ཐབས་དང་།  བདག་མེད་རྟོགས་པའི་རྣམ༷་དཔྱོ༷ད་ཀྱི་ཤེས་རབ་གཉིས་ཟུང་དུ་འབྲེལ་བའི་སྤོབ༷ས་པ༷་ཡི༷།དེའང་སྒྲུབ་པའི་མཆོད་པ་འདི་ལ་ཉོན་མོངས་པའི་ཚ་བའི་སྡུག་བསྔལ་ལས་སྐྱོབ་པས་ན་གདུག༷ས་ད༷ང་།   གཏི་མུག་མ་རིག་པའི་ཀུན་ནས་བསློང་བའི་གཉིས་སུ་སྣང་བའི་རེ་དོགས་ཀྱི་མི་མཐུན་པའི་ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བས་ན་རྒྱལ༷་མཚ༷ན་དང་།   འཆད་རྩོད་རྩོམ་གསུམ་གྱི་མཁས་པའི་གྲགས་པ་སའི་སྟེང་དུ་སེང་གེའི་སྒྲ་ལྟ་བུ་སྙན་པའི་བ༷་ད༷ན་བ༷སྒྲེང་བ༷་ཡིས༷་གཟུགས་སུ་བཀོད་པའོ།  །རྣལ་འབྱོར་པ་བད༷ག་གི་རང་ལུས༷་རྒྱལ་བའི་དཀྱིལ་འཁོར་གདན་གསུམ་ཚང་བའི་ལྷ་ཚོགས་བཞུགས་བཞིན་པའི་གཞལ༷་མེད༷་ཁ༷ང་བུ་བརྩེག༷ས་པ་མཛེས་ཤིང་ཡིད་དུ་འོང་བ་མཆོད་པའི་ཡོ་བྱད་རྣམ་པར་སྣ་ཚོགས་པ་བསམ་གྱི་མི་ཁྱབ་པའི་ར༷བ་ཏུ་བརྒྱ༷ན་པར་བྱས་ན༷ས། བདག་གི་སྙིང༷་འདི་མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པ་ལྟར་རྟེན་ལུས་འདི་རང་ངོ་མ་ཤེས་པའི་སྐབས་སུ་ལས་ཉོན་གྱི་དབང་གི་བྱུང་བ་ཡིན་ཡང་། བརྟེན་པ་ཀུན་གཞི་དང་འོད་གསལ་བདེ་གཤེགས་སྙིང་པོ་སེམས་ཀྱི་རང་བཞིན་ཆོས་དབྱིངས་རྣམས་ཡེ་གདོད་མ་ཉིད་ནས་དྲི་མས་གོས་མ་མྱོང་མི་མྱོང་མྱང་བར་མི་འགྱུར་བའི་དོན་ཏོ།  །འདབ་མ་སྟོང་དང་ལྡན་པ་ནི་ས་ལམ་གྱི་ཡོན་ཏན་ཐམས་ཅད་དབྱར་གྱི་ཆུ་གཏེར་བཞིན་རྒྱས་པའི་དོན་ཡིན་པས་ན་ཆུ༷་སྐྱེས༷་ལ་ཐིག༷་ལེ༷འམ་ཟེའུ་འབྲུ་དེ་ཉིད་ཕྲིན་ལས་རྣམ་བཞི་འོད་སྟོང་འཕྲོ་བའི་བརྡ་སྟོན་ཀའི་དུས་ཀྱི་དཀར་བསིལ་ཉ་གང་བའི་ཟླ༷་བ་རབ་ཏུ་རྒྱ༷ས་པའི་གདན་ལ༷།  །བདག་ཉིད་ཆེན་པོ་ས་སྐྱ་པཎྜི་ཏ་སྐད་ཅིག་ཙམ་ཡང་གཡོ་བ་མེད་པར་བ༷རྟན་པ༷ར་བཞུག༷ས་པ༷འི་ཆོས༷་རྗེ༷་ཉིད་ལ་གང་ནས་འབུལ་བའི་མ༷ཆོད་པ་བ༷གྱིད་ཅིང༷་།   །ཁ་ཙམ་ཚིག་ཙམ་མ་ཡིན་པར་སྙིང་ཁོང་རུས་པའི་གཏིང་ནས་ངེས༷་ཤེས་ཁྱད་པ༷ར་ཅན་དང་ལྡན་པའི་དད་འ༷དུན་མི་ཟད་པའི་ཡིད༷་ཀྱིས༷་ག༷སོལ་བ་རྩེ་གཅིག་ཏུ་བཏ༷བ་པ༷ས།  །འ༷གྲོ་བ༷འི་མགོན་པོ་ཡོན་ཏན་གྱི་ཁུར་གྱིས་ལྕི་བའི་བླ༷་མ༷་དམ་པའི་ཐུགས་དང་རང་སེམས་འོད་གསལ་གཉིས་དུས་རྟག༷་ཏུ༷་དབྱེར་བ་མེད་པར་དེའི་ངང་ལས་དུས་ནམ་ཡང་འབྲལ་བ་མེད་པའི་ཚུལ་དུ་གནས་པ་ལ་སྒྲུབ་པའི་མཆོད་པ་འདི་ལས་ཆེ་བ་ཞིག་མེད་པས་དེས་ན་ཐུགས་མ༷ཉེས་པའི་རྒྱུར་གྱུར༷་ཅི༷ག  །དོན་དམ་པའི་ས༷་སྐྱ༷་པ༷ཎ་ཆེན༷་དང་ཟབ་མོ་ནང་གི་བླ་མ་གཉིས་དབྱེར་བ་མེད་པར་ངེས་པའི་ངེས་ཤེས་ཁྱད་པར་ཅན་གྱི་ལྟ་བ་དེའི་ངང་ལས་མ་གཡོས་པར་རྟག༷་ཏུ༷་གནས་པ་ལ་གནས་པ་ཉིད་དུ་འཚོ་སྐྱོང་བྱེད་པ་ལ་ཟབ་མོ་ནང་གི་བླ་མ་ཐུགས་མ༷ཉེས་པ་འདི་བླ་ན་མེད་པར་སྒྲུབ་པའི་མཆོད་པའི་རྒྱུར་གྱུར༷་ཅི༷ག  །ཅེས་གསུངས་སོ།  །དེ་རྣམས་ཀྱི་དོན་ནི་འདོད་ཡོན་རྒྱན་དུ་ཤར་བའི་ལམ་དང་།  གཞི་མི་སྤོང་བའམ་འབྲས་བུའི་སྔགས་ཀྱི་ཐེག་པ་ཡིན་པས་དེའང་མ་འོངས་པ་འཐོབ་བྱའི་འབྲས་བུ་དེ་ཉིད་ད་ལྟར་ཉིད་ནས་ལམ་དུ་བྱེད་པ་ཡིན་པས་ན་དེ་སྐད་ཅེས་བརྗོད་ལ་ཡང་དག་པའི་དོན་ལ་བློ་བཞག་པ་ནི་ལུས་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པ་ལ་ལུས་གནད་དང་ལྡན་པས་སོ།   །ཞེས་གསུངས་སོ།   །

བཞི་པ་ཟབ་མོ་ནང་གི་ས་སྐྱ་པཎ་ཆེན་རང་ཞལ་མཇལ་ཚུལ་ནི།   ཆོས་རྗེའི་ཐུགས་དྷཱིཿཡིག་ཉི་མའི་མདོག་ཅན་དེ་ལ་ཤེས་པ་གཏད་ནས།   ཆོས་རྗེའི་ཐུགས་དང་རང་སེམས་དབྱེར་མེད་རོ་གཅིག་ཏུ་འདྲེས་པ་བདེ་སྟོང་ཟུང་འཇུག་ཕྱག་རྒྱ་ཆེན་པོའི་ངང་ལ་རྟོག་པའི་བསྲེ་ལྷད་ཅིའང་མི་བྱ་བར་ཇི་ཙམ་གནས་ཀྱི་བར་དུ་མཉམ་པར་བཞག  །ཅེས་མཚམས་སྦྱར་ནས་དེའི་དོན་ལ་ཐོས་བསམ་གྱི་སྒྲོ་འདོགས་བཅད་པའི་ཆེད་དུ་འགྲེལ་བ་ལུགས་ལྟར་བཤད་པ་དང་།  སྒོམ་པས་ཉམས་སུ་མྱོང་བའི་ཆེད་དུ་མན་ངག་ལུགས་ལྟར་བཤད་པ་དང་གཉིས་ལས།  དང་པོ་ནི།  འདིར་གནད་དོན་སྙིང་བསྡུས་ཤིག་བཤད་དགོས་པས་དེའང་ཇི་སྐད་དུ། ཀུན་མཁྱེན་བླ་མས། དཔྱད་ཚེ་མཐའ་བཞི་མ་རྙེད་ཀྱང་།  །ཤེས་པ་གསལ་ཙམ་མ་འགགས་པ། །བྱིང་རྒོད་ལ་སོགས་སྐྱོན་སྤོང་ནས།  །རང་དགར་བཞག་པ་བསྒོམ་པ་ཡིན། །ཞེས་གསུངས་པའི་ཚིག་རྐང་དང་པོ་འདིས་རྣམ་བཅད་ལ་རྒྱལ་བ་ཇོ་ནང་པའི་གཞན་སྟོང་ཕྱོགས་ཀྱི་ལྟ་བ་དང་། རི་བོ་དགེ་ལྡན་པའི་ཐུན་མོང་མ་ཡིན་པའི་ལྟ་བ་དེ་བཅད་པའོ།  །ཡོངས་གཅོད་ལ་བཀའ་བར་པ་དང་། ཀླུ་སྒྲུབ་ཀྱིས་རིགས་ཚོགས་དང་། ཟླ་བས་འཇུག་པ་རྩ་འགྲེལ་ནས་གསུངས་པའི་ལྟ་བ་དེ་གཙོ་བོ་བསྟན་འདུག །ཚིག་རྐང་གཉིས་པས། རྣམ་བཅད་ལ་དེང་སང་རྒྱ་ནག་ཧྭ་ཤང་ཞེས་གྲགས་པའི་མ་ཧཱ་ཡ་ནའི་ལྟ་བ་དང་།  ཞི་གནས་སྐྱོན་ཅན་འགའ་ཞིག་བཅད་ནས།  ཡོངས་གཅོད་ལ་བཀའ་ཐ་མའི་དངོས་བསྟན་ངེས་དོན་གྱི་ཆ་འགའ་ཞིག་དང་། རྒྱུད་བླ་དང་ཆོས་དབྱིངས་བསྟོད་པ་སོགས་ནས་གསུངས་པའི་ལྟ་བ་དེ་གཙོ་བོ་བསྟན་འདུག །ཚིག་རྐང་གསུམ་པས། རྣམ་བཅད་ལ་སེམས་རྨུག་པ་དང་། རྣམ་རྟོག་ཧ་ཅང་རྒོད་དྲག་པའི་སྐྱོན་རྣམས་བཅད་ནས། ཡོངས་གཅོད་ལ་ལྟ་བ་དེ་འཚོ་སྐྱོང་བྱེད་པའི་རྫི་བོ་ལྟ་བུ་དྲན་ཤེས་ལ་བརྟེན་དགོས་ཞེས་པའི་དོན་ཡིན་ནོ། །བཞི་པས་ནི་གོང་དུ་བཤད་པ་བཞིན་མཉམ་པར་ཞོག་ཅེས་པའི་དོན་ཡིན་ལ། རྟ་ཁ་འཐེན་ནས་རྟ་སྡོད་པ་ལྟར་མ་ཡིན་པར།   རྟ་ཁ་སློད་ནས་རྟ་རང་ཤུག་གི་སྡོད་པ་ལྟ་བུ་ཞིག་དང་།  ཡང་ན་ཁྱི་ལ་རྡོ་བརྒྱབས་པ་ལྟར་རྣམ་རྟོག་གི་དབང་དུ་མི་འཆོར་བར་དང་།   སེངྒེ་ལ་རྡོ་བརྒྱབས་པ་ལྟར་རྣམ་རྟོག་ཕྲ་མོ་མགོ་འབུར་ཙམ་ནས་དེ་ཉིད་སྐྱེ་འགག་གནས་གསུམ་དང་བྲལ་བ་གདོད་མའི་གཤིས་ལ་བསམ་ནས་ལྟ་བའི་རང་ཚུགས་མ་ཤོར་བར་རྒྱུན་སྐྱོང་དགོས་པ་ཡིན་ནོ། །དེ་རྣམས་ཀྱི་དགག་སྒྲུབ་རྒྱས་པ་ནི་ཁོ་བོའི་གཞན་དུ་བཤད་ཡོད།  

གཉིས་པ་སྒོམ་པས་ཉམས་སུ་མྱོང་བའི་ཆེད་དུ་མན་ངག་ལུགས་ལྟར་བཤད་པ་ལ།  དེའང་གསལ་སྟོང་ཟུང་འཇུག་གསུམ་ལས།  དང་པོ་རགས་པའི་སེམས་གསལ་བ་ངོས་བཟུང་ན།  སེམས་གསལ་ཙམ།   རིག་ཙམ།  འགྲེང་འཆག་ཉལ་འདུག་གི་སྤྱོད་ལམ་རྣམས་དྲན་མཁན་དེ་ཡིན་ཞིང་འདིར་རྒྱས་པ་མ་སྤྲོས་པར་གནས་སྐབས་དེ་ཙམ་གྱིས་ཆོག་པ་བྱས་ནས།   གཉིས་པ་སྟོང་པ་ངོས་བཟུང་ན་དེ་འདྲའི་གསལ་བ་དེ་ལ་གྲུ་གསུམ་དང་གྲུ་བཞི་ཟླ་གམ་དང་ཟླུམ་པོ་རིང་ཐུང་གི་དབྱིབས་དང་།  སྔོ་སེར་དཀར་དམར་སོགས་ཀྱི་ཁ་དོག་ནི་སེམས་ལ་མེད་དེ།    དབྱིབས་ཁ་དོག་ནི་གཟུགས་ཅན་གྱི་དངོས་པོའི་ཁྱད་ཆོས་ཡིན་ལ།  སེམས་ནི་གཟུགས་ཅན་གྱི་དངོས་པོ་མ་ཡིན་པའི་ཕྱིར།  དེས་ན་སེམས་དང་པོ་སྐྱེ་བས་སྟོང་བར་དུ་གནས་པས་སྟོང་ཐ་མར་འགག་པས་སྟོང་པས་ན་སྟོང་པའོ།  །དེ་ནས་ཕྲ་བ་སེམས་ཀྱི་རང་བཞིན་འོད་གསལ་དེ་ནམ་མཁའ་དང་འདྲ་སྟེ།   ནམ་མཁའ་ལ་ཐོག་མཐའ་མེད་པ་བཞིན་དུ་འོད་གསལ་དེའང་ཐོག་མཐའ་མེད་པར་བསྟན།   ནམ་མཁའ་ལ་འདུས་བྱས་ཀྱི་གནོད་པས་མི་ཚུགས་པ་བཞིན་དུ་འོད་གསལ་ཡང་གློ་བུར་གྱི་རྐྱེན་གྱིས་མི་འཇིག  །ནམ་མཁས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པ་བཞིན་དུ་འོད་གསལ་དེས་འཁོར་འདས་ཀྱི་ཆོས་ཐམས་ཅད་ལ་ཁྱབ།   ནམ་མཁའ་ལ་དབྱིབས་དང་ཁ་དོག་གིས་བྲལ་བ་བཞིན་དུ་འོད་གསལ་དེའང་གཟུང་འཛིན་ལ་སོགས་པའི་རྣམ་རྟོག་མ་ལུས་པས་སྟོང་པར་བསྟན། དེའང་ཐོག་མཐའ་དང་སྐྱེ་འཇིག་མཐའ་དབུས་འགྲོ་འོང་སོགས་ཀྱི་མཐའ་ཐམས་ཅད་དང་བྲལ་བའི་གསལ་བའི་གདངས་མ་འགགས་པ་གཤིས་སྤྲོས་བྲལ་གྱི་སྟེང་དུ་བློ་བརྗོད་བྲལ་དུ་བཞག་གོ  །དེས་ན་ཟབ་མོ་ནང་གི་བླ་མའི་རྣལ་འབྱོར་ཞེས་གསུངས་པ་འདི་ལ་མདོ་སྔགས་ཀྱི་ལམ་ཐམས་ཅད་གང་ཟག་ཅིག་གིས་སྟན་ཐོག་ཅིག་ལ་རིག་ཐོག་ཅིག་ཏུ་དྲིལ་ནས་རིག་པ་སྐད་ཅིག་མའི་ཐོག་ཏུ་དབབ་པར་ཤེས་ན་ལམ་འདིའི་ཁྱད་ཆོས་ཡིན་པས།  དེའང་སྡོམ་པ་གསུམ་གྱི་དོན་ཡང་ཚང་སྟེ།  གཞན་ལ་གནོད་པ་གཞི་དང་བཅས་པ་སྤངས་བའི་ཆ་ནས་སོར་སྡོམ་ཚང་།   གཞན་ལ་ཕན་པ་གཞི་དང་བཅས་པ་སྒྲུབ་པའི་ཆ་ནས་བྱང་སྡོམ་ཚང་།  ཡིད་མཚན་རྟོག་ལས་སྐྱོབ་པའི་ཐབས་ཁྱད་པར་ཅན་གྱི་ཆ་ནས་སྔགས་སྡོམ་ཚང་བའོ།  །སྙིང་རྗེ་ཆེན་པོས་ཀུན་ནས་བསླང་བའི་བཅོས་མིན་གྱི་ངེས་འབྱུང་འདི་ལ་སྐྱེས་བུ་གསུམ་གྱི་ལམ་ཡང་ཚང་སྟེ།   རང་ཉིད་ངན་སོང་གི་སྡུག་བསྔལ་ཙམ་ལས་ཐར་པའི་ཆ་ནས་སྐྱེས་བུ་ཆུང་ངུ་ལམ་དང་།   རང་ཉིད་འཁོར་བའི་སྡུག་བསྔལ་ལས་ཐར་པའི་ཆ་ནས་སྐྱེས་བུ་འབྲིང་གི་ལམ་དང་།   སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ལས་ཐར་པའི་ཆ་ནས་སྐྱེས་བུ་ཆེན་པོའི་ལམ་རྣམས་ཚང་བའོ།  །མཚན་ཉིད་ཐེག་པའི་གྲུབ་མཐའ་བཞི་ལས། རགས་པ་དང་རྒྱུན་ལ་སོགས་པར་བདེན་མེད་རྟོགས་པའི་ཆ་ནས་བྱེ་སྨྲའི་ལྟ་བ་ཚང་།  དེའི་སྟེང་དུ་འདུས་མ་བྱས་དང་སོ་སོར་བརྟག་འགོག་སོགས་བདེན་མེད་རྟོགས་པའི་ཆ་ནས་མདོ་སྡེ་པའི་ལྟ་བ་ཚང་།    དེའི་སྟེང་དུ་ཕྱི་དོན་ཕྲ་རགས་ཐམས་ཅད་བདེན་མེད་དུ་རྟོགས་པའི་ཆ་ནས་སེམས་ཙམ་པའི་ལྟ་བ་ཚང་།  དེའི་སྟེང་དུ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཀུན་སྐྱེ་མེད་དུ་རྟོགས་པའི་ཆ་ནས་དབུ་མའི་ལྟ་བ་རྣམས་ཚང་ངོ་།  །ཐེག་པ་གསུམ་ཡང་ཚང་སྟེ།  གང་ཟག་གི་བདག་མེད་རྟོགས་པའི་ཆ་ནས་ཉན་ཐོས་ཀྱི་ལྟ་བ་ཚང་།   དེའི་སྟེང་དུ་གཟུང་བ་ཆོས་ཀྱི་བདག་མེད་རྟོགས་པའི་ཆ་ནས་རང་རྒྱལ་གྱི་ལྟ་བ་ཚང་།  དེའི་སྟེང་དུ་འཛིན་པ་ཆོས་ཀྱི་བདག་མེད་རྟོགས་པའི་ཆ་ནས་བྱང་སེམས་ཀྱི་ལྟ་བ་རྣམས་ཚང་།    གཞན་ཡང་རྣམ་རྫོགས་སྦྱོར་བ་ལྟ་བུ་གཅིག་ལ་མཚོན་ན།  གཤིས་སྤྲོས་བྲལ་གྱི་སྟེང་དུ་བློ་བརྗོད་བྲལ་དུ་བཞག་པའི་སྐབས་ཀྱི་གསལ་སྟོང་ཟུང་འཇུག་གི་ལྟ་བ་དེ་ལ་ཚང་སྟེ།  ལྟ་བ་དེ་ལ་མི་འཕྲོག་པའི་ཡིད་ཆེས་ཁྱད་པར་ཅན་དེ་ལ་དད་པ་ཟེར།  དེ་ཉིད་ཤིན་ཏུ་སྤྲོ་བའི་ཆ་དེ་ལ་བརྩོན་འགྲུས་ཟེར།  དེ་ཉིད་དྲན་ཤེས་ཕྲ་མོས་རྩིས་ཟིན་པ་མ་བརྗེད་པ་དེ་ལ་དྲན་པ་ཟེར།  དེ་ཉིད་གསལ་བའི་གདངས་མ་འགག་པ་རང་ངོ་ཤེས་པ་དེ་ལ་ཤེས་རབ་ཟེར།  དེ་ཉིད་དེ་ལས་གཞན་དུ་གཡོ་བ་མེད་པ་དེ་ལ་ཏིང་ངེ་འཛིན་ཟེར། ཞེས་སོགས་གཞན་ལ་འགྲེའོ།  །གོ་སྒྲུབ་ལྟ་བུ་ཞིག་ལ་མཚོན་ན་དེ་འདྲའི་ལྟ་བ་དེའི་ངང་ལས་མ་གཡོས་པའི་སྐབས་སུ།  དེ་ཉིད་སེར་སྣའི་རྣམ་རྟོག་གིས་མ་བསླད་པ་གཏོང་སེམས་རང་ངོ་ཤེས་པ་ལ་སྦྱིན་པ་ཟེར།   དེ་ཉིད་འཆལ་བའི་དྲི་མས་མ་གོས་པ་གནོད་སེམས་རང་ངོ་ཤེས་པ་ལ་ཚུལ་ཁྲིམས་ཟེར།  དེ་ཉིད་ཁོང་ཁྲོས་རྒྱུད་མ་བསླད་པར་ཁྲོ་སེམས་རང་ངོ་ཤེས་པ་ལ་བཟོད་པ་དང་། དེ་ཉིད་ལེ་ལོའི་དབང་དུ་མ་ཤོར་བ་དགེ་བ་རང་ངོ་ཤེས་པའི་སྤྲོ་བའི་སེམས་པ་དེ་ལ་བརྩོན་འགྲུས་དང་།  དེ་ཉིད་སེམས་གཏོང་འགྲོ་བཞག་སྡོད་ལ་རང་དབང་ཅན་གྱི་རང་སེམས་རྩེ་གཅིག་ཏུ་གནས་པ་ལ་བསམ་གཏན་དང་།   དེ་ཉིད་བདག་ཏུ་འཛིན་པའི་རིམས་ནད་ལས་གྲོལ་བའི་སེམས་ཀྱི་རང་བཞིན་ཤེས་པ་ལ་ཤེས་རབ་ཡིན་པར་ཤེས་པར་བྱའོ།  །སྡེ་སྣོད་གསུམ་ཡང་ཚང་སྟེ།  ནང་གི་བླ་མ་དེའི་རང་ཞལ་མཇལ་ཚེ་ཉེས་བྱས་ཕྲ་མོས་མ་གོས་པའི་ཆ་ནས་ཚུལ་ཁྲིམས་ཀྱི་གཞི་འདུལ་བའི་སྡེ་སྣོད་ཚང་།  ཏིང་ངེ་འཛིན་ཐམས་ཅད་དེ་ལས་འབྱུང་བའི་ཆ་ནས་མདོ་སྡེའི་སྡེ་སྣོད་ཚང་།   གཟུགས་ནས་རྣམ་མཁྱེན་བར་གྱི་ཇི་སྙེད་པའི་ཤེས་བྱ་ཐམས་ཅད་རང་དང་སྤྱིའི་གནས་ལུགས་མཐའ་བྲལ་ཡིན་པར་ངེས་པའི་ཤེས་རབ་ཀྱི་ཆ་ནས་མངོན་པའི་སྡེ་སྣོད་ཚང་།  ལམ་ཟབ་མོ་བླ་མའི་རྣལ་འབྱོར་འདི་ལ་རྒྱུད་སྡེ་བཞིའི་དོན་ཡང་ཚང་སྟེ།  ཆུ་ཅོད་པཎ་གྱི་དབང་དང་། ས་སྐྱ་པཎ་ཆེན་ཡེ་ཤེས་སེམས་དཔའ་ཉིད་དུ་སྤྱན་དྲངས་དེའི་ཐུགས་ཀར་ཨ་ར་པ་ཙའི་སྔགས་ཕྲེང་བཀོད་པའི་ཏིང་ངེ་འཛིན་ཁྱད་པར་ཅན་གྱི་ཆ་ནས་བྱ་རྒྱུད་ཀྱི་ཉམས་ལེན་ཚང་།  དེའི་སྟེང་དུ་རིག་པའི་དབང་ལྔ་དང་མཉམ་བཞག་གི་དུས་སུ་བདག་མདུན་གཉིས་ཀ་ལྷར་བསྐྱེད་པའི་ཆ་ནས་སྤྱོད་རྒྱུད་ཀྱི་ཉམས་ལེན་ཚང་།   དེའི་སྟེང་དུ་རྡོ་རྗེ་སློབ་དཔོན་གྱི་དབང་དང་མཉམ་བཞག་གི་དུས་སུ་བདག་མདུན་དབྱེར་མེད་དང་བདག་བསྐྱེད་དུ་གྱུར་པའི་དམ་ཚིག་སེམས་དཔའ་དེ་གཤེགས་གསོལ་གཏན་ནས་མེད་པའི་ཆ་ནས་རྣལ་འབྱོར་རྒྱུད་ཀྱི་ཉམས་ལེན་ཚང་།   དེའི་སྟེང་དུ་དབང་ཕྱི་མ་གསུམ་དང་།  སྣང་གྲག་རིག་གསུམ་ལྷ་སྔགས་ཡེ་ཤེས་གསུམ་ལས་མི་འདའ་བར་བདག་མདུན་དབྱེར་མེད་དུ་གནས་པའི་ཉམས་ལེན་གྱི་ཆ་ནས་བླ་མེད་ཀྱི་ཉམས་ལེན་རྣམས་ཚང་བའོ། །གཞན་ཡང་ཡི་གེ་ཧཱུྃ་ཡིག་གཅིག་ལའང་དེ་ཐམས་ཅད་ཚང་སྟེ།   ཧཱུྃ་ཡིག་འདི་སྒྲ་དྲངས་ཏེ་བཤད་དགོས་པས།   ཧའི་སྒྲ་ལས་གྲ་ཧ་ཀ་ནི་གཟུང་བ་ཡུལ་གྱི་ཕྱི་དོན་ཚང་།   གྲ་ཧ་ཙ་ནི་འཛིན་པ་ནང་གི་རྣམ་ཤེས་ཚང་།   ཞབས་ཀྱུ་ཨུ་ལ་རྐྱེན་ཤ་བྱིན་པས། ཤཱུ་ནྱ་ཏཱ་སྟེ་སྔར་གྱི་གཟུང་འཛིན་དེ་གཉིས་སྟོང་པ་ཉིད་དུ་བསྟན་པས་གཉིས་སྟོང་གི་དོན་ཚང་།   ཀླད་ཀོར་མ་ཡིན་པས་མ་ནོ་ཏ་སྟེ་ཡིད་ཅེས་པའི་དོན་ཚང་།  དེ་ལྟར་ན་གཟུང་འཛིན་གཉིས་ཀྱིས་སྟོང་པའི་སེམས་ཀྱི་རང་བཞིན་འོད་གསལ་བའི་བདག་ཉིད་ཅན་དེ་ཆ་ཚང་བསྟན་པ་ཡིན་ནོ།   །ཟུང་འཇུག་དེའང་གསུང་ངག་ཚོགས་བཤད་ལྟར་ན་རང་སེམས་སྤྲོས་པ་དང་བྲལ་བ་ལ་སངས་རྒྱས་དཀོན་མཆོག  །དེ་རྟོགས་པ་མེད་པའི་ཚུལ་གྱིས་རྟོགས་པ་ཆོས་དཀོན་མཆོག །དེ་ཉམས་སུ་ལེན་པ་དགེ་འདུན་དཀོན་མཆོག་ཅེས་དང་།   གསུང་ངག་སློབ་བཤད་ལྟར་ན། སེམས་གསལ་ལེ་ཧྲིག་གེ་ཡེ་ན་གནས་པའི་ཆ་དེ་གསལ་བ་སེམས་ཀྱི་མཚན་ཉིད་དགེ༵་འདུ༵ན་དཀོ༵ན་མཆོ༵ག །གསལ་བ་དེའི་ངོ་བོར་ལྟས་ཚེ་གང་དུ་ཡང་མ་གྲུབ་པ་སྟོང་པ་རྗེན་ནེ་གནས་པ་དེ་སྟོང་པ་སེམས་ཀྱི་རང་བཞིན་ཆོ༵ས་དཀོ༵ན་མཆོ༵ག །དེ་གཉིས་མེ་དང་མེའི་ཚ་བ་ལྟར་ཐ་མི་དད་པ་ཟུང་འཇུག་གམ་བཅོས་མིན་སེམས་ཀྱི་ངོ་བོ་ས༵ངས་རྒྱ༵ས་དཀོ༵ན་མཆོ༵ག །ཟུང་འཇུག་དེའི་ངོ་བོ་ལ་གསལ་སྟོང་སོ་སོར་བརྗོད་མི་ཤེས་པ་བློའི་ཡུལ་ཐམས་ཅད་ལས་འདས་པའི་བརྗོད་བྲལ་ནི་བླ༵་མ༵།  དེའི་ངོ་བོ་ལ་འཁོར་བའི་སྡུག་བསྔལ་གྱིས་ཡེ་གདོད་མ་ནས་གོས་མ་མྱོང་བའི་བདེ་ཆེན་གྱི་ཡེ་ཤེས་དེ་ཡི༵་ད༵མ།  གནས་ལུགས་དེ་རྒྱུན་བསྐྱང་ན་ཕྲིན་ལས་ཐམས་ཅད་འགྲུབ་པ་ཡིན་པས་ཆོ༵ས་སྐྱོ༵ང་ཟེར།  དེས་ན་ཅི་དང་ཅི་གང་དང་གང་སྣང་བ་ཐམས་ཅད་བདག་ཉིད་ཆེན་པོ་ས་སྐྱ་པཎ་ཆེན་གྱི་ལྷའི་འཁོར་ལོ་དང་།   སྒྲ་ཞིག་གྲག་པ་ཡོད་དོ་ཅོག་ཐམས་ཅད་བདག་ཉིད་ཆེན་པོ་ས་སྐྱ་པཎ་ཆེན་གྱི་གསུང་ཨ་ར་པ་ཙའི་སྔགས་ཀྱི་རང་སྒྲ་སྒྲོགས་པ་དང་།   ཅི་དང་ཅི་གང་དང་གང་དྲན་པ་ཐམས་ཅད་བདག་ཉིད་ཆེན་པོ་ས་སྐྱ་པཎ་ཆེན་གྱི་ཐུགས་དང་དབྱེར་མེད་པ་འོད་གསལ་ཆོས་ཀྱི་སྐུའི་རང་ཞལ་མཇལ་བ་ལས་གཞན་དུ་སྐད་ཅིག་མ་ཙམ་ཡང་གཡོ་བ་མེད་པའི་ངང་དུ་ལྟ་བའི་སྐབས་སུ་གནས་པར་མ་ཟད་རྗེས་སྤྱོད་ལམ་ལ་འཇུག་པ་གལ་ཆེའོ།  །ཀུན་མཁྱེན་བླ་མས། མདོར་ན་ཆོས་རྣམས་སེམས་སུ་འདུས།  །སེམས་ཉིད་མཐའ་བཞིའི་སྤྲོས་དང་བྲལ།  །དེ་ཡང་གསལ་ལ་མ་འགགས་པའི།  །བརྗོད་བྲལ་སྙིང་པོར་ཤེས་པར་གྱིས།   །ཞེས་དང་།  ལམ་ཟབ་མོ་བླ་མའི་རྣལ་འབྱོར་ལས།   བླ་མ་མཆོག་དང་རང་སེམས་དབྱེར་མེད་པའི།  །གཤིས་ལུགས་བརྗོད་བྲལ་གསལ་མདངས་མ་འགགས་པ།  །མོས་གུས་ལམ་ཁྱེར་ཕྱག་རྒྱ་ཆེན་པོའི་ངང་།  །བསྒོམ་བྱ་སྒོམ་བྱེད་བྲལ་བའི་དབྱིངས་སུ་བཞག  །ཅེས་གསུངས་པའི་མན་ངག་དེ་གཉིས་ཀྱི་མཐར་བརྒྱན་པའོ།  །འདི་ཟུང་འཇུག་གི་ཡ་གྱལ་དུ་གྱུར་པའི་གསལ་བ་དེ་འོད་གསལ་ཡིན་གྱི་རྣམ་ཤེས་མིན། གསལ་བ་དེའི་ཡུལ་སྣང་བ་དེའང་འདུས་མ་བྱས་དང་དག་པའི་སྣང་བ་ཡིན་གྱི་ད་ལྟ་ང་ཚོའི་སྣང་བ་འདི་མིན་ནོ། །མདོར་ན་ལམ་གང་དང་གང་གི་ཡོན་ཏན་གྱི་ཆ་ནས་བཞག་པའི་ལྟ་སྤྱོད་ཡོད་དོ་ཅོག་མ་ཚང་བ་མེད་པ་ནི་གནད་ཀྱི་དོན་ནོ། །འོན་ཀྱང་ཉན་ཐོས་ཐེག་པ་དམན་པའི་སེམས།  །རྣམ་པར་ཀུན་ཏུ་དགག་ཏུ་གསོལ།   །ཞེས་གསུངས་པས་ལམ་དེ་དང་དེའི་སྐྱོན་རྣམས་སྐབས་འདིར་སྦྱང་གཞི་ཡིན་པར་ཤེས་དགོས།   མདོ་དང་སྔགས་རྒྱུད་སྡེ་སོ་སོའི་ཆོ་གའི་ཆིང་རྣམས་རྡོ་རྗེ་འཆང་གིས་གསུངས་པ་སོར་བཞག་དགོས་ཀྱི་གོང་འོག་བསྲེ་བ་དང་གོང་འོག་བཀྲལ་བ་རྣམས་མི་མཛད་པ་དེ་རྗེ་བཙུན་གོང་མའི་དགོངས་པ་རྨ་མེད་པ་ཡིན་ནོ།   །འདིར་སོ་སོར་ཤེས་དགོས་པ་ནི་གནད་ཀྱི་དོན་ཏོ།  །མདོར་ན་སྨན་པ་མཁས་པ་ནགས་སུ་ཞུགས་དུས་ཅི་མཐོང་སྨན་དུ་ཤེས་པ་ལྟར།   གང་སྣང་ཐམས་ཅད་ས་སྐྱ་པཎྜིཏའི་སྐུ་གསུང་ཐུགས་གསུམ་གྱི་རང་བཞིན་དུ་ཤེས་པར་བྱས་ནས་བསྒོམ་དགོས་པ་ཡིན་ནོ་ཞེས་དང་།  འདིའི་སྦྱང་གཞི་ནི་ཡིད་ཀྱི་མི་དགེ་བ་སོགས་གཉིས་འཛིན་དང་རེ་དོགས་ཀྱིས་ཀུན་ནས་བསླང་བའི་འཛིན་པ་ཡོད་དོ་ཅོག་གི་གཙོ་སེམས་དང་སེམས་བྱུང་གཉིས་སྣང་ཕྲ་རགས་མཐའ་དག་གོ  །སྦྱོང་བྱེད་རང་སེམས་རང་ངོ་སྐྱོང་བའི་ཐབས་ཁྱད་པར་ཅན་བླ་མའི་རྣལ་འབྱོར་ལ་བརྟེན་ནས་སེམས་ཉིད་འོད་གསལ་ནང་གི་བླ་མ་མཇལ་བའི་ཉམས་ལེན་ཁྱད་པར་ཅན་འདིའོ།   །སྦྱངས་འབྲས་དེ་ལ་བརྟེན་ནས་རང་ངོ་རྗེན་པར་ཤེས་ནས་ས་སྐྱ་པཎྜི་ཏའི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དེའང་མཛེས་པའི་སྙིང་རྗེ་དང་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་ཟུང་འཇུག་བདེ་བ་ཆེན་པོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་འབྲས་བུ་ཆོས་སྐུ་ཆེན་པོ་མངོན་དུ་བྱས་པ་ཡིན་ནོ།  །རྟོག་གེ་བ་རང་ལ་འདི་ལས་ཟབ་པའི་ཆོས་ཞིག་བཤད་རྒྱུ་ཡོད་རེ་སྐན།   

                                           སྣང་བ་སྣང་སྟོང་ས་སྐྱ་པཎྜི་ཏ།   །

                                           གྲག་པ་གྲག་སྟོང་ཨ་ར་པ་ཙའི་སྒྲ།   །

                                          རིག་པ་རིག་སྟོང་དྷཱིཿཡིག་དམར་སེར་གསུམ།   །

                                          ཟུང་འཇུག་ས་སྐྱ་པཎ་ཆེན་མངོན་འགྱུར་ཤོག  །

ཅེས་ཚར་ཆེན་གྱིས་གསུངས་དེ་ཅུང་ཟད་ཁ་བསྒྱུར་ནས་རྟེན་འབྲེལ་གྱི་ཚུལ་དུ་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།   །

གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ལ།   དགེ་རྩ་གཞན་དོན་དུ་བསྔོ་བ་དང་སྨོན་ལམ་རྣམ་དག་གི་མཚམས་སྦྱར་བ།   ཡིད་ཆེས་པའི་ཕྱིར་མཛད་བྱང་སྨྲོས་པ།  ཞར་བྱུང་ལོ་རྒྱུས་ཚད་ལྡན་གྱིས་སྤྲོ་བ་གདམས་པ་དང་བཅས་གསུམ་ལས།   དང་པོ་དགེ་རྩ་གཞན་དོན་དུ་བསྔོ་བ་ནི།   ཐུན་ལས་ལྡང་བར་འདོད་ན།   དགེ་བ་འདི་ཡིས་ནམ་མཁའི་མཐའ་ཀླས་པའི།   །ལུས་ཅན་ཀུན་གྱི་བསོད་ནམས་ཡེ་ཤེས་ཚོགས།  །མྱུར་དུ་བསྒྲུབས་ནས་ཚེ་འདི་ཁོ་ན་ལ།   །རྡོ་རྗེ་འཛིན་པའི་ས་ལ་བགྲོད་པར་ཤོག  །དེ་བཞིན་གཤེགས་པ་མི་འཁྲུགས་རྒྱལ་པོའི་ཞིང་།  །ས་སྐྱ་པཎ་ཆེན་བྱང་ཆུབ་བརྙེས་པའི་གནས།  །མངོན་དགའི་ཞིང་དུ་བདག་ཅག་དཔོན་སློབ་རྣམས།  །ཚེ་འདི་འཕོས་མ་ཐག་ཏུ་སྐྱེ་བར་ཤོག  །དེ་ནས་བདེ་བ་ཅན་སོགས་ས་སྐྱ་པའི།  །རྗེ་བཙུན་གོང་མ་བཞུགས་པ་དག་པའི་ཞིང་།  །མང་དུ་བགྲོད་ནས་སྤང་རྟོགས་མྱུར་རྫོགས་ཏེ།   །སྤྲུལ་པས་ས་སྐྱའི་བསྟན་པ་རྒྱས་བྱེད་ཤོག  །སེམས་ཅན་ནད་པ་ཇི་སྙེད་པ།   །མྱུར་དུ་ནད་ལས་ཐར་གྱུར་ཅིག  །འགྲོ་བའི་ནད་ནི་མ་ལུས་པ།  །རྟག་ཏུ་འབྱུང་བ་མེད་པར་ཤོག  །འགྲོ་བའི་བླ་མ་ཆོས་རྗེ་པཎྜི་ཏ།   །མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས།  །རྒྱལ་བ་གཉིས་པ་དཔལ་ལྡན་ས་སྐྱ་པའི།  །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག  །ཅེས་སོགས་བཀྲ་ཤིས་བྱའོ།   །དེ་ལྟར་བུ་རྣམ་དཀར་དགེ་བའི་བྱ་བ་ཡོད་དོ་ཅོག་ལུས་ཅན་སེམས་ཅན་ཀུན་གྱི་གཏི་མུག་མ་རིག་པའི་མུན་པ་སེལ་ནས། འཆད་རྩོད་རྩོམ་གསུམ་ཐོས་བསམ་སྒོམ་གསུམ་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་རྣམས་དབྱར་གྱི་ཆུ་གཏེར་བཞིན་དུ་རྒྱས་པ་དང་། དེ་ཁོ་ན་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་དང་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱི་སྣང་བ་རབ་ཏུ་རྒྱས་པའི་རྒྱུ་ཉིད་དུ་བསྔོ་བའོ།   །བསྔོ་ཚུལ་ནི་འཁོར་གསུམ་དམིགས་མེད་ཀྱི་ལྟ་བས་བརྩིས་ཟིན་པའི་སྒོ་ནས་བསྔོ།   དེ་ལྟ་མ་བྱུང་ན་སྔོན་གྱི་དུས་སུ་རྗེ་བཙུན་འཇམ་པའི་དབྱངས་དང་ཀུན་ཏུ་བཟང་པོ་ཡང་ན་ཆོས་རྗེ་ས་སྐྱ་པཎ་ཆེན་དང་།   རང་གི་དྲིན་ཆེན་རྩ་བའི་བླ་མ་སོགས་ཀྱིས་བསྔོ་ཚུལ་ཇི་ལྟ་བ་བཞིན་དུ་བདག་གིས་ཀྱང་དེ་དེ་བཞིན་དུ་བསྔོ་བ་བགྱིའོ་སྙམ་པའི་ཁ་འཕངས་པའམ་སེམས་བསྐྱེད་པའོ།  །བསྔོ་བས་བརྩིས་ཟིན་པའི་དགེ་རྩ་དེ་ཞེ་སྡང་སོགས་ཀྱིས་འཇོམས་མི་ནུས་པ་དང་།   བརྩིས་མ་ཟིན་ན་དགེ་རྩ་འཇོམས་པས་མཇུག་བསྔོ་བ་འདིའང་ཤིན་ཏུ་ནས་གལ་ཆེའོ།   །

གསུམ་པ་ཡིད་ཆེས་པའི་ཕྱིར་མཛད་བྱང་སྨྲོས་པ་ནི།   ཞེས་འཇམ་མགོན་ས་སྐྱ་པཎྜི་ཏ་ལ་བརྟེན་པའི་འཇམ་དབྱངས་བླ་མའི་རྣལ་འབྱོར་ཉམས་སུ་ལེན་པའི་ཚུལ་འདིའང་།   དཔལ་ས་སྐྱའི་ཁྲི་རབ་སོ་གཅིག་པ་ངག་དབང་ཀུན་དགའ་བློ་གྲོས་སངས་རྒྱས་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བླ་མ་གོང་མ་རྣམས་ཀྱི་གསུང་རབ་ནས་བྱུང་བ་བཞིན་ལ།   རང་གི་རྒྱུན་དུ་ཉམས་སུ་ལེན་ཚུལ་ཇི་ལྟ་བ་བཞིན་བཅོས་བསླད་མེད་པར་སྦྱར་བ་འདི་ཡི་གསོལ་འདེབས་དང་།   སྨོན་ལམ་རྣམས་འདི་དང་འབྲེལ་ཆགས་གང་ཡིན་རང་གི་བློས་བཅད་ནས་བྱ་བ་ཡིན་ལ་ངེས་སྦྱར་མི་དགོས་ཤིང་།   ཡིག་རྙིང་རྣམས་ནས་ཉིན་མོ་སྤྱི་བོ་དང་མཚན་མོ་སྙིང་གར་བསྒོམས་ནས་བཟླས་པ་བྱེད་མི་བྱེད་འདམ་ཀ་མཛད་ཀྱང་གོང་གི་དེས་མ་འཐུས་པ་ཅིའང་མེད་པས་འདི་བཞིན་ཉམས་སུ་བླངས་ན་གནས་སྐབས་སུ་ལས་བཞིའི་ཕྲིན་ལས་ཐོགས་མེད་དུ་འགྲུབ་ཅིང་མཐར་ཐུག་ཆོས་རྗེ་ཉིད་ཀྱི་གོ་འཕང་ཐོབ་པར་གདོན་མི་ཟའོ།   །དགེའོ།   །རྗེས་སྤྱོད་ལམ་གྱི་སྐབས་སུ་ཇི་ལྟར་སྒྲུབ་པ་ནི།   འདུག་པའི་ཚེ་སྤྱི་བོའི་གཙུག་གི་ནམ་མཁའ་ལ་ས་སྐྱ་པཎ་ཆེན་བསྒོམ།   དེ་གསོལ་བ་འདེབས་པའི་རྟེན་ཡིན།   འགྲོ་བའི་ཚེ་ཕྲག་པ་གཡས་ཀྱི་ནམ་མཁར་བསྒོམ།  དེ་བསྐོར་བ་བྱེད་པའི་གནས་ཡིན།   ཟས་ཟ་བའི་ཚེ་ཅི་ཟ་ཅི་འཐུང་ཐམས་ཅད་མགྲིན་པའི་དྷཱི་ཡིག་ལ་མཆོད་དེ་སངས་རྒྱས་ཐམས་ཅད་ཀྱི་གསུང་གི་ངོ་བོ་ཡིན་པའི་ཕྱིར།   ནུབ་མོ་ཉལ་བའི་ཚེ་སྙིང་ཁར་རུ་བསྒོམ།  རྨི་ལམ་ཅི་བྱུང་ཐམས་ཅད་ས་སྐྱ་པཎ་གྱི་ཕྲིན་ལས་ཡིན་པར་དེའང་ཆོས་ཐམས་ཅད་རྨི་ལམ་ལྟ་བུར་རྟོགས་པར་བསམ།  གཉིད་སད་པའི་ཚེ་གཏི་མུག་མ་རིག་པའི་མུན་པ་ལས་སད་པར་བསམ། ལྡང་བའི་ཚེ་རང་གི་སྤྱིར་བོ་དང་རང་ཉིད་ས་སྐྱ་པཎ་ཆེན་གྱི་གཟུགས་སྐུ་ཐོབ་པར་བསམ། གོས་གྱོན་པའི་ཚེ་ངོ་ཚ་ཁྲེལ་ཡོད་དང་། ཁྲུས་བྱེད་པའི་ཚེ་ལུས་དང་སེམས་ཀྱི་དྲི་མ་འཁྲུ་བ་བསམ།   སྟན་ལ་འདུག་པའི་ཚེ་བསམ་གཏན་གྱི་ཏིང་ངེ་འཛིན་ཐོབ་པར་བསམ།   ན་ཚ་དང་སྡུག་བསྔལ་ཅི་བྱུང་ཡང་སྔོན་ལས་ཡིན་པས་ལན་ཆགས་དང་བུ་ལོན་བྱང་བར་བསམ།   ས་སྐྱ་པཎ་ཆེན་ལ་བློ་གཏད།   དེ་ལ་ཕན་པའི་སྔགས་དང་དམིགས་པ་ཀློག་འདོན་སྨན་དཔྱད་སོགས་ས་སྐྱ་པཎ་ཆེན་གྱི་ཕྲིན་ལས་ཡིན་པར་བསམ།  མདོར་ན་སྣང་གྲག་རིག་གསུམ་ལྷ་སྔགས་ཡེ་ཤེས་གསུམ་ལས་མི་འདའ་བར་གལ་ཆེའོ།  །ཞེས་སོ།   །

གསུམ་པ་ཞར་བྱུང་ལོ་རྒྱུས་ཚད་ལྡན་གྱིས་སྤྲོ་བ་གདམས་པ་ལ། སྤྱིར་ན་རྣམ་དཔྱོད་ཀྱི་ཤེས་རབ་འཕེལ་བ་ལ་ཐབས་ཤེས་སྣ་ཚོགས་ཡོད་ཀྱང་ཕུལ་དུ་བྱུང་བ་ནི་གོང་དུ་བཤད་པ་དེ་ཡིན་ལ།  འོན་ཀྱང་ལས་སྒྲིབ་སྦྱོང་བ་སོགས་ལ་བརྟེན་ནས་འཕེལ་ཚུལ་ཡང་ཡོད་པས་འདིར་ཅི་རིགས་པའི་ཚུལ་དུ་ཅུང་ཟད་བཤད་ན།    སྔོན་གྱི་དུས་སུ་སློབ་དཔོན་ཟླ་བ་འབྱུང་གནས་སྦས་པ་དང་།   བྲམ་ཟེ་ཞིག་སློབ་གཉེར་ལ་མཉམ་དུ་ཕྱིན་པས་བྲམ་ཟེ་དེ་ཤེས་བྱའི་རིག་གནས་ལྔ་ལ་མཁས་པར་གྱུར།  སློབ་དཔོན་གྱིས་ཅི་ཡང་མ་མཁྱེན་པས་ཐུགས་མུག་ནས་ལྕེབ་ལ་འཆི་སྙམ་སྟེ།   ཆུ་བོ་གངྒཱའི་འགྲམ་དུ་ཤིང་ཕུང་ཞིག་ལ་ན་བཟའ་བཀལ་ནས་ཆུར་འཆོངས་སྙམ་ཙ་ན།   མདུན་དུ་རྣལ་འབྱོར་པ་ཞིག་གློ་བུར་དུ་བྱུང་ནས་ཁྱོད་ཅིའི་ཕྱིར་ཆུར་མཆོངས་པ་ཡིན་གསུངས་པ་ལ།   སྔར་གྱི་བྱུང་ཚུལ་བརྗོད་པས།   དེ་ན་རེ་དེ་ཙམ་དུ་ཡི་མུག་པ་མི་དགོས་ཟླ་བ་དྲུག་བསྒོམས་པས་མ་བསླབ་པར་ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏར་འགྱུར་བའི་གདམས་ངག་གཅིག་ངས་བཤད་གསུངས་པས།   སློབ་དཔོན་གྱིས་དེ་ཅང་སྲིད་དམ་གསུངས་པས།  བསྒྲུབས་པས་མ་འགྲུབ་ན་སྔར་བཞིན་བྱས་པས་ཆོག་མོད།   ཅེས་སྨྲས་པས་བདེན་ནམ་སྙམ་པས་མན་ངག་ཞུས་ནས་བསྒྲུབས་པས་ཟླ་བ་དྲུག་ནས་འཇམ་དཔལ་གྱིས་ཞལ་གཟིགས།  ཤེས་བྱ་རིག་པའི་གནས་ལྔ་ལ་མཁས་པའི་པཎྜི་ཏ་འགྲན་ཟླ་མེད་པར་གྱུར།  དེ་ནས་ཤྲཱི་ན་ལེནྡྲར་རྒྱལ་པོའི་མཆོད་གནས་མཛད་པས་རྒྱལ་པོ་ཤིན་ཏུ་དད་པར་གྱུར་ནས་པཎྜི་ཏ་གཞན་རྣམས་ལ་རྨ་བྱའི་གདུགས་ཕུབ་པ་ལ།   སློབ་དཔོན་འགྲན་གྱི་ཟླ་མེད་དུ་བྱས་ཏེ་གསེར་གྱི་གདུགས་ཕུབ་པས་པཎྜི་ཏ་གསེར་གདུགས་ཅན་དུ་གྲགས་སོ།   །ཞེས་དང་།   ཡང་དེང་སང་གང་བློ་མ་ཞེས་པའི་ལོ་རྒྱུས་ནི།   སྔོན་དུས་སུ་དཔལ་ན་ལེནྡྲའི་གཙུག་ལག་ཁང་དུ་པཎྜི་ཏ་ལྔ་བརྒྱ་ལ་མཁན་པོས་སང་ཉིན་འཇམ་དཔལ་གྱི་བསྟོད་པ་རེ་བརྩམས་ལ་ཁྱེར་ཤོག་གསུངས་པ་ན། དེ་ནུབ་པཎྜི་ཏ་རྣམས་ཀྱིས་མཁན་པོའི་བཀའ་བཞིན་སོ་སོས་འཇམ་དཔལ་ལ་བསྟོད་པ་རེ་རྩོམས་ཏེ་ཕུལ་བ་ན།   ཐམས་ཅད་གྲོས་བཏབ་པ་ལྟར་བསྟོད་པ་འདི་ཁོ་ན་བྱུང་བས་འཇམ་དཔལ་ཉིད་ཀྱིས་བྱིན་གྱིས་བརླབས་ཏེ་གསུངས་པར་ཡིད་ཆེས་པས།  བསྟོད་པ་ཡོན་ཏན་བཟང་པོ་ཞེས་བྱ་བར་མཁན་པོ་ཉིད་ཀྱིས་མཚན་བྱང་བཏབ་ནས་བྱིན་རླབས་ཤིན་ཏུ་ཆེ་བར་གྲགས་སོ།  །ཡང་དམ་ཆོས་འདུལ་བའི་གླེང་གཞི་ལས།   རིག་བྱེད་ཀྱི་ཀློག་སློབ་མཁན་ལམ་ཆུང་ཟེར་བ་ཞིག་གིས་ཨོཾ་བློ་ལ་བཟུང་དུས་བྷུ་བརྗེད་ཤོར།   བྷུ་བློ་ལ་བཟུང་དུས་ཨོཾ་བརྗེད་ཤོར་ནས་རིག་བྱེད་མ་ཤེས།   རིག་བྱེད་ཀྱི་སློབ་དཔོན་དེས་ཁོ་གནས་དབྱུང་བཏང་བ་ལ་ནང་པའི་དགེ་སློང་ལམ་ཆེན་ཟེར་བ་དེས།   ཁོས་རྒྱུད་ལ་དགེ་རྩ་ཅུང་ཟད་ཡོད་པར་མཐོང་ནས་ཐུབ་པའི་བསྟན་པ་ལ་རིགས་དང་རུས་ཐོས་པ་མི་གཅེས་པར་སྒྲུབ་པ་གཅེས་པ་ཡིན་པས་ཁྱོད་ནང་པའི་བསྟན་ལ་ཞུགས་འདོད་ན་རབ་ཏུ་བྱུང་ངོ་ཞེས་གསུངས་པས།   དེས་ཀྱང་དེ་བཞིན་དུ་བསྙེན་པར་རྫོགས་པར་བྱས་ནས།   ལུས་ངག་ཡིད་ཀྱིས་སྡིག་པ་མི་བྱ་ཞིང་།  །ཞེས་སོགས་ཚིག་བཅད་གཅིག་ཟླ་བ་གསུམ་དུ་བསླབ་ཀྱང་མ་ཤེས་པས་ལམ་ཆེན་པས་རྒྱལ་བྱེད་ཚལ་ནས་ཕྱི་རོལ་དུ་བསྐྲད་དོ།   །ཁོ་སེམས་ཁོང་དུ་ཆུད་པ་མ་ཟད་ངུས་ནས་འདུག་པ་ལ།   སྟོན་པ་ཆོས་ཀྱི་རྗེ་དེར་བྱོན་ནས་ཁྱོད་ཅིའི་ཕྱིར་འདིར་འདུག་ནས་ངུ་།    ཞེས་དྲིས་པས་ཁོས་སྔར་གྱི་ལོ་རྒྱུས་རྣམས་ཞུས་པས།    སྟོན་པས་ཁོ་ལ།   བྱིས་པས་བསྟོད་པ་གང་ཡིན་དང་།  །མཁས་པས་སྨོད་པ་གང་ཡིན་པ།   །འདིར་ནི་མཁས་སྨད་མཆོག་ཡིན་གྱི།  །བྱིས་པས་བསྟོད་པ་མ་ཡིན་ནོ།  །ཞེས་གསུངས་ནས་ཤོ་ལོ་ཀ་གཅིག་ཀུན་དགའ་བོ་ལ་སྤྲད་ནས་ཁྱོད་ཀྱིས་ལམ་པ་ལ་འདི་སློབ་ཤིག་གསུང་།   ཀུན་དགའ་བོས་བསླབ་ཀྱང་ཁོས་མ་ཤེས།   ཡང་སྟོན་པས་ཁོ་ལ་རྡུལ་སྤང་ངོ་།   དྲི་མ་སྤོང་ངོ་ཞེས་པའི་ཚིག་གཉིས་བཀའ་སྩལ་པ་ན་ཁོས་དེ་ཡང་མ་ཤེས་པས།   སྟོན་པས་ཁོང་ལས་སྒྲིབ་ཆེ་བ་དགོངས་ནས་ལས་སྒྲིབ་སྦྱང་བར་བྱའོ་སྙམ་ནས།   ཁོ་ལ་དགེ་འདུན་གྱི་མཆིལ་ལྷྭམ་ཕྱི་བ་ནུས་སམ་ཞེས་གསུངས་པ་དང་།   ཁོས་ནུས་ལགས་ཞུས།  དེས་ན་སོང་ལ་དགེ་འདུན་གྱི་མཆིལ་ལྷྭམ་ཕྱིས་ཤིག   །ཅེས་གསུངས་སོ།   །ཁོས་ཕྱི་བར་བརྩམ་པ་ན་དགེ་སློང་རྣམས་ཀྱིས་དེ་ལ་མི་སྟེར་བས།   སྟོན་པས་ཁོས་ལས་སྒྲིབ་སྦྱང་བའི་ཆེད་ཡིན་པས་འཕྱིར་ཆུག་ཅིག་གསུངས།   དེ་ནས་ཁོས་རིམ་བཞིན་ཕྱིས་པས་སྔར་གྱི་བློ་ལ་སྦྱང་པ་རྣམས་ཤེས་སོང་བ་མ་ཟད་སྟོན་པས་གསུངས་པའི་ཚིག་གཉིས་དེའི་དོན་ཡང་ཆ་ཚང་གོ་བ་དང་།  དེའི་དོན་ལ་སེམས་པས་དགྲ་བཅོམ་པའི་གོ་འཕང་མངོན་དུ་གྱུར་པ་ཡིན་ནོ།  །དེ་ནས་སྟོན་པས་ཀུན་དགའ་བོ་སོང་ལ་ལམ་པ་དགེ་སློང་མ་ལ་ཆོས་སྟོན་ཅིག་ཅེས་བསྒོས་ཤིག  །དེས་བསྒོས་པ་ན།   དགེ་སློང་མ་རྣམས་ཀྱིས་ཐོས་ནས་བུད་མེད་ཀྱི་ཡུལ་ལ་བརྙས་བཅོས་དང་།   མཐོང་ཆུང་བྱེད་པ་བསམ་སྟེ།  ཟླ་བ་གསུམ་ལ་ཚིག་བཅད་གཅིག་མ་ལོབས་པ་དེ་ཡིན་པས།   ད་ཇི་ལྟར་ན་ཆོས་བཤད་ཟེར་ནས་བཅུ་གཉིས་སྡེས་ཕྱིན་ཆད་མཐོང་ཆུང་མི་བྱེད་པའི་ཐབས་ཤེས་བཙལ་དགོས་པས་ད་རེས་ཁོ་ངོ་ཚ་བ་ཞིག་བྱེད་དགོས་ཟེར་ནས།   བཅུ་གཉིས་སྡེ་ལས་དྲུག་གི་སེང་ཁྲི་ཧ་ཅང་མཐོན་པོ་ཞིག་བྱས་དྲུག་གིས་མཉན་ཡོད་ཀྱི་སྐྱེ་བོ་ཕལ་མོ་ཆེ་ལ་སང་ཉིན་ཉན་ཐོས་ཆེན་པོ་ཞིག་གིས་ཆོས་སྟོན་པར་ཡིན་པས་ཁྱེད་ཅག་ཕེབས་ན་ཧ་ཅང་བཟང་ཚུལ་ཆ་སྒྲག་བྱས།  དེ་ནས་ལམ་པ་བྱོན་ནས་གནས་ཚུལ་མཐོང་ཚེ་ཁོ་བོ་ལ་མཐོ་འཚམས་པ་ཡིན་པར་ཤེས་ནས་རྫུ་འཕྲུལ་གྱིས་ཁྲི་ལ་བཞུགས་ནས། སྲིང་མོ་དག་ཅེས་བོས་ནས་ཞེས་སོགས་ཆོས་འཆད་དོ།   །ཁོང་གིས་ཟླ་བ་གསུམ་དུ་སྦྱང་པའི་ཚིགས་བཅད་གཅིག་པོ་དེ་ཉིད་ཉིན་མཚན་བདུན་གྱི་བར་དུ་འཆད་ནས་སེམས་ཅན་མང་པོ་ཞིག་བདེན་པ་མཐོང་བ་ནས་འབྲས་བུ་བཞི་མངོན་དུ་བྱས་པ་དང་།  བྱང་ཆུབ་ཏུ་སེམས་བསྐྱེད་པ་མང་ངོ་།   །སྟོན་པས་ལམ་པ་བློ་གྲོས་མི་གསལ་བའི་རྒྱུ་མཚན་ནི་སྔོན་འོད་སྲུང་གི་བསྟན་པ་ལ་དགེ་སློང་སྡེ་སྣོད་གསུམ་པར་གྱུར་ཡང་།   སེར་སྣའི་དབང་གིས་ཆོས་ཚིགས་སུ་བཅད་པ་གཅིག་ཙམ་ཡང་གཞན་ལ་མ་བསྟན་པ་དང་།   ཡང་སྔོན་མ་ཞིག་ལ་ཕག་རྣམས་གསོན་སྲེད་བྱེད་པ་དང་།   འདུ་ཤེས་མེད་པའི་ལྷ་སྐྱེ་བ་སོགས་ཀྱི་ཉེས་དམིགས་དང་བཅས་པ་གསུངས་སོ།  །

                                                  སླར་སྨྲས་པ།   

                                            རྒྱུད་དོན་སྙིང་པོ་བླ་མའི་རྣལ་འབྱོར་འདི།  །

                                            རྒྱུད་པའི་ཁྱད་པར་མན་ངག་ལུགས་འདི་ལ།  །

                                            རྒྱལ་བ་དགྱེས་པའི་མཆོད་སྤྲིན་སྤེལ་བ་ལས།  །

                                            རྒྱལ་ཆེན་ཤེས་བྱའི་ཕ་མཐའ་བགྲོད་པར་ཤོག  །

                  སྐྱབས་གཅིག་སྐྱབས་གནས་ཀུན་འདུས་ནོར་བུ་ཡིན།  །

                 ཚེ་གཅིག་སངས་རྒྱས་སྒྲུབ་པའི་ཉམས་ལེན་ཡིན།  །

                 གནད་གཅིག་མན་ངག་ལུགས་འདི་སྨྲས་པ་ཡིན།  །

                མ་གཅིག་བུ་ལྟར་འགྲོ་བའི་དོན་དུ་བསྔོ།   །

                                                         ལེགས་བཤད་ཡོད་ཚད་བླ་མའི་ལེགས་བཤད་ཡིན།  །

                                                        བླ་མ་དམ་པར་དགྱེས་པའི་མཆོད་སྤྲིན་ཡིན།  །

                                                         ཉེས་པ་མཆིས་ན་ཁོ་བོའི་སྐྱོན་ཡིན་ཞེས།  །

                                                         སྐྱབས་གནས་དམ་པའི་དྲུང་དུ་མཐོལ་ཞིང་བཤགས།   །

                                 ས་སྐྱ་པཎ་ཆེན་སྒྲུབ་པའི་ཟབ་ཆོས་ཡིན།  །

                                 ས་གསུམ་མ་རིག་བསལ་བའི་སྒྲོན་མེ་ཡིན། །

                                 ས་སྟེང་འདི་ན་ཡིད་བཞིན་ནོར་བུ་ཡིན།  །

                                 ས་མཆོག་རྡོ་རྗེ་འཛིན་ས་བགྲོད་པར་ཤོག  །

     ཅེས་དཔལ་ས་སྐྱའི་ཆོས་སྡེ་ཆེན་པོ་ཁམས་རྫོང་སར་ཆོས་ཀྱི་གྲོང་ཁྱེར་ནས་སྟོན་པའི་འདས་ལོ་བཞི་སྟོང་ཆིག་བརྒྱ་ལྔ་བཅུ་ང་གཅིག་པ་ས་ཁྱི་ལོར་ཆོས་རྗེ་མངོན་དགའི་ཞིང་ལ་ཕེབས་ནས་མི་ལོ་བདུན་བརྒྱ་དང་རེ་བདུན་འཁོར་བའི་འདས་མཆོད་ཉིན་ལེགས་པར་གྲུབ་ནས་གཏང་རག་གི་མཆོད་པའི་ཚུལ་དུ་འགུ་ཟི་མཁྱེན་བཟང་ཞེས་འབོད་པ་དེས།  དོན་གཉེར་ཅན་གྱི་སློབ་བུ་འགའ་ཞིག་གི་ངོར་ཆོས་ཚན་འདི་ལན་གྲངས་མང་པོ་ཞིག་ཁྲིད་ཁུལ་བྱས་པ་ཡིན་དེའི་ཚེ་རང་ནུས་གང་ཡོད་ཐོག་ནས་རྒྱུད་དང་རྗེ་བཙུན་གོང་མའི་གསུངས་ལ་བཏུག་ནས་ཟིན་བྲིས་བཏབས་པ་རྣམས་རྩིས་འཕྲུལ་དུ་བཅུག་ནས་རེ་ཞིག་རྫོགས་པར་སྦྱར་བས་ཤེས་རབ་ཀྱི་འོད་སྣང་འབར་བའི་དགེ་ལེགས་འཕེལ།    །དགེའོ།  །དགེའོ།   །དགེའོ།  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*