ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་རྗེས་དྲན་དད་པའི་མཆོད་ཕྲེང་།


རྩོམ་པ་པོ། སྒང་མེ་སྟག

གཙུག་ལག་རིང་ལུགས་དཔལ་ལ་དབང་འབྱོར་བས།།
ལུགས་གཉིས་སྨྲ་བ་སྟོང་གི་མཆོག་གྱུར་པ།།
འགྲོ་བའི་སྨག་རུམ་སྟུག་པོ་སེལ་མཛད་པའི།།
ཀུན་དགའ་རྒྱལ་མཚན་ཞབས་ལ་ལན་བརྒྱར་འདུད།།

ལུང་དང་རིགས་པའི་སྡེར་ཕྲེང་རྣོན་པོ་ཡིས།།
ཕལ་རྒོལ་ལག་ལྡན་སྟོང་གི་གློ་སྙིང་འགེམས།།
དམ་ཆོས་སྒྲོན་མེས་ཡུལ་གྲུ་ཁྱབ་བྱེད་པའི།།
སྨྲ་བའི་སེང་གེ་ཁྱེད་ལ་གུས་པས་འདུད།།

ཁྱེད་ཐུགས་ཀུན་གསལ་ཡངས་པའི་མཁའ་ལམ་དུ།།
དག་གཙང་དྲི་མེད་ལུང་རིགས་ཡོངས་འཁྲིགས་ཤིང་།།
འཆད་རྩོད་དག་ལ་འགྲན་མེད་གདོང་ལྔ་བཞིན།།
མ་ལུས་མཁྱེན་པ་ཁྱེད་ལ་མགོས་ཕྱག་འཚལ།།

བཟོ་དང་གསོ་བ་སྒྲ་དང་ཚད་མ་སོགས།།
མ་ལུས་གཏན་ལ་ཕབ་པའི་མཁས་ཆེན་པོ།།
ཁྱེད་འདྲར་འཇིག་རྟེན་འདི་ན་ཆེས་ཆེར་དཀོན།།
དེ་ལྟར་བསམ་བཞིན་གདུང་ཤུགས་ལྷག་ཏུ་འཕེལ།།

བྱམས་དང་སྙིང་རྗེའི་རྩ་བ་རབ་བརྟན་ཞིང་།།
གཞན་གྱི་དོན་དུ་རང་གི་སྲོག་སྦྱིན་མཛད།།
བྱང་ཆུབ་སེམས་པའི་ས་ལམ་རབ་རྫོགས་པའི།།
ཕ་རོལ་ཕྱིན་དྲུག་མངའ་ལ་ཕྱག་འཚལ་ལོ།།

མགོན་ཁྱེད་དྲན་པའི་ལུས་ཀྱི་སྤུ་ཟིང་ཞིང་།།
གདུང་བའི་སེམས་ཀྱི་མཆི་མ་རབ་འཁྲུགས་ནས།།
དད་ལྡན་བདག་གིས་ལྷ་ལྡན་ཞིང་ཁམས་སུ།།
ཧོར་གྱི་ཟླ་བའི་ནང་དུ་བྲིས་པ་དགེ །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*