ཡིག་མཁན་པ་དཀར་མཛེས་བྱམས་པ་རྡོ་རྗེའི་སྒྱུ་རྩལ་ཡིག་རིགས།

དཀར་མཛེས་བོད་ཀྱི་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་ཀྱི་ངོ་སྤྲོད་མདོར་བསྡུས། 

དཀར་མཛེས་བོད་ཀྱི་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་ནི་མི་རིགས་རིག་གནས་ལ་དགའ་ཞེན་ཅན་གྱི་ཡིག་མཁན་བྱམས་པ་རྡོ་རྗེས་རྩ་འཛུགས་གནང་ཞིང་མི་རིགས་ཀྱི་རིག་གནས་སྤྱི་དང་ལྷག་པར་ཏུ་རང་རེ་ཁུལ་དུ་གསེར་བྲིས་རིག་གནས་ཀྱི་དབུགས་རྒྱུན་ཕྲ་མོ་འགག་ལ་ཉེ་བའི་དུས་འདིར་ཁོང་གིས་ངལ་བ་དུ་མར་མ་འཛེམས་པར་གསེར་བྲིས་ཀྱི་རིག་གནས་ཞིབ་འཇུག་དང་ཉམས་མྱོང་ལེན་ཕྱིར་ལོ་ངོ་ཕྱེད་གསུམ་ཙམ་ལ་བོད་ཡུལ་གྱི་ས་ཆ་སོ་སོ་ནས་ཡིག་གཟུགས་དང་། གསེར་བཙོ་སྦྱང་།    བོད་ཤོག་ལས་སྟངས། མཐའ་ཐིག་འདེབས་སྟངས་ཚུན་ཆད་སྦྱངས་པ་དཔྱིས་ཕྱིན་པར་བྱས་པའི་མཐར།   རང་ཡུལ་དུ་ལོག་ནས་ཕ་ཡུལ་ལ་ཞེན་པ་དཀར་བའི་རྒན་པ་སྐོར་ཞིག་ལ་བློ་འདོན་དུ་འཇུག་པ་དང་རང་གིས་ཉམས་མྱོང་སོགས་ཕྱོགས་སྡོམ་དུ་བྱས་ནས་ད་གཟོད་གསུང་རབ་གསེར་དངུལ་སོགས་ཀྱིས་འབྲི་ས་དང་།    ཐང་ག་འབྲི་ས།     རྡོ་བརྐོ་ས་བཅས་ཡོད་པའི་གསེར་བྲིས་རིག་གནས་ཁང་འདི་གྲུབ་པ་ཡིན་ནོ།།                                   ཐོན་རྫས་བཞེངས་སྐྲུན། 

རྒྱལ་བའི་གསུང་རབ་དང་། གཟུངས་སྔགས། ལེགས་བཤད་སྣ་ཚོགས་གསེར་དངུལ་གཡུ་བྱུར་གྱིས་གླེགས་བམ་དང་། པར་སྒྲོམ། ཐང་ག  ཤོག་བུ་འདྲ་མིན་སོགས་ཀྱི་སྟེང་དུ་འབྲི་བཞེངས་བྱེད་པ་དང་། གནའ་དཔེ་རྙིང་བ་ཞིག་གསོ་བྱེད་པ།  ད་དུང་ཐང་ག་འབྲི་བཞེངས་བྱེད་པ་སྟེ། རིན་ཆེན་སྣ་བདུན་གྱིས་སྐུ་ཞི་དྲག་གང་རུང་འབྲི་བཞེངས་བྱེད་པ།  དགོན་པའི་ལྡེབས་རིས་དང་མི་སྒེར་གྱི་ཁང་ཁྱིམ་སོགས་སུ་རི་མོ་འབྲི་བ།  ཡང་ན་དགོན་པ་དང་། སློབ་གྲྭ  སྤྱི་གླིང་སོགས་ཀྱི་རྡོ་རིང་དང་། རྡོ་ཕ་བོང་། རྡེའུ་སོགས་ལ་ཚོན་མདོག་འདྲ་མིན་གྱི་ཡི་གེ་ཅི་འདོད་དུ་བརྐོ་བའོ།། 

ཐོན་རྫས་ཀྱི་རྣམ་གྲངས། 

བོད་དེབ་ཀྱི་དཔེ་རས་འཚེམ་དྲུབ་བྱས་ཡོད་མེད་ཅི་རིགས་དང་། དཔེ་གླེགས་ལ་རྐོས་རིས་ཅན་དང་། གསེར་དངུལ་གྱི་ཤན་ཆ་ཅན་ཅི་རིགས། དབུ་ཤོག་ལ་ཚོན་སྐུ་དང་གསེར་སྐུ་གང་རུང་འཇོག་ཡོད་མེད་ཅི་རིགས། རྡོ་འབུམ་སོགས་སུ་འཇོག་རྒྱུའི་རྡོ་ཆེ་ཆུང་ཅི་རིགས་ལ་ཚོན་བསྐུས་ཡོད་པ་དང་།  ཕན་ཚུན་ལ་ལེགས་སྐྱེས་སྟེར་རྒྱུའི་རྡེའུ་ནང་དོན་སྣ་ཚོགས་བརྐོས་ཡོད་པ། ཚོན་མདངས་ཅན་འདྲ་མིན་བཅས་སོ།། 

ཚོགས་པའི་དམིགས་ཡུལ། 

ང་ཚོ་དཀར་མཛེས་གསེར་ཡིག་གླིང་གི་ལས་བྱེད་ནི་སྣས་གང་ལ་གང་འཚམ་གྱིས་བོད་རང་གི་འབུར་དུ་ཐོན་པའི་རིག་གནས་འདི་དག་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གྱི་ཐབས་ལ་བརྟེན་ནས་ལས་རིགས་ལ་མོས་པ་ཡོད་པའི་སློབ་མ་གསོ་སྐྱོང་དང་འཚོ་བ་ཞན་པའི་སློབ་མ་ལ་སློབ་ཡོན་མི་དགོས་པར་བསྡུ་རུབ་བྱེད་པ་དང་། སློབ་མ་འདི་དག་ལས་སུ་ཞིག་ལག་རྩལ་འདི་དག་ལ་ཚད་ངེས་ཅན་ཞིག་ནས་ནང་བྱན་ཆུད་སོང་ན་ངེད་ལས་ཁུངས་སུ་དངོས་སུ་ལས་ཞུགས་བྱ་ཆོག་པའོ།།                  

ཡིག་མཁན་པ་བྱམས་པ་རྡོ་རྗེ་ངོ་སྤྲོད།  

   

    དཀར་མཛེས་བོད་ཀྱི་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་ཀྱི་སྤྱིའི་འགན་འཛིན་པ་བྱམས་པ་རྡོ་རྗེའམ་ཆོས་གྲགས་ཚེ་རིང་ནི་༡༩༩༣ལོར་རྫ་ཀླུང་སྔོན་མོ་དལ་གྱིས་འབབ་པའི་འགྲམ་རྒྱུད་དེ། དཀར་མཛེས་རྫོང་རྫ་ཁོག་ཅེས་བྱ་བའི་སའི་ཆ་རུ་ལྟེ་ཁྲག་ཐོར། སྔ་རྗེས་སུ་མཚོ་སྔོན་སོགས་ནས་གསེར་བྲིས་རིག་གནས་ལ་ཆེད་སྦྱོང་བྱས་ཤིང་།    བོད་ཤོག་བཟོ་སྟངས་དང་གསེར་དངུལ་འདུལ་སྟངས་ཚུན་ཆད་ལ་སྦྱང་བ་གཏིང་ཟབ་བྱས་པ་དང་།   ཁྱད་པར་དུ་གསེར་བྲིས་རིག་གནས་ཀྱི་གྲུབ་ཆ་གཙོ་བོ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་སོགས་ལ་ཆེད་སྦྱོང་བྱས་ཤིང་། ༢༠༡༨ལོར་དཀར་མཛེས་ཁུལ་སྐབས་གཉིས་པའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཁྲོད་ནས་དབུ་ཅན་ལ་ཨང་དང་པོའི་རྟགས་མ་ཐོབ།   ད་ལྟ་དཀར་མཛེས་སུ་རང་གིས་རྩ་འཛུགས་བྱས་པའི་དཀར་མཛེས་བོད་ཀྱི་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་ཀྱི་སྤྱིའི་འགན་འཛིན་པ་དང་།    དཀར་མཛེས་གནའ་དཔེ་གསེར་བྲིས་རིག་གནས་ཀྱི་རྒྱུན་འཛིན་པ།    དཀར་མཛེས་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི།    དཀར་མཛེས་ཡིག་གཟུགས་སྒྱུ་རྩལ་ཚན་ཆུང་གི་བགྱི་བ་ལྷུར་བླངས་ནས་ཡོད་ཅིང་ཞོར་དུ་ཕྱི་ནང་རིག་པའི་གནས་ལ་སྐོམ་པ་ཆུ་འདོད་ལྟར་སློབ་གཉེར་བྱེད་མུས་སུ་མཆིས་སོ།།    

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན། 2

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*