༸ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་མཆོག་གིས་གསུང་བྱིན་ཅན།

༧སྐྱབས་གཅིག་རྩ་བའི་བླ་མ་མཁན་ཆེན་ཆོས་ཀྱི་རྒྱལ་པོའི་བཀའ་སློབ་འདི་དགོན་ནང་དུ་བཞུགས་པའི་དགེ་འདུན་པ་དང་། སྦྱིན་བདག་གཉིས་ཀས་ཉམས་སུ་ལེན་ནུས་ན་ཡུལ་ཕྱོགས་དགེ་ཞིང་བཀྲ་ཤིས་པར་ཡོང་བ་དོན་མི་ཟའོ། ༤༠༽ཀླུ་ལྡིང་མཁན་ཆེན་གསུངས་ཉམས་ལེན་ལས་

༼ རིས་མེད་ཀྱི་སྐོར།༽

༸ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མའི་གསུང་ཉམས་ལེན་སྙིང་པོ་བསྡུས་པ་ལས།

༼རིས་མེད་ཀྱི་སྐོར།༽

སྤྱིར་བཏང་ཆོས་བརྒྱུད་གང་ཡིན་ན་ཡང་ཁྱད་པར་ཡོད་མ་རེད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཡིན་པར་གཅིག་མཚུངས་རེད། སོ་སོའི་བསྟན་པ་སྐྱོང་དགོས་རྒྱུ་གལ་ཆེན་པོ་རེད། ཁ་ཤས་ཀྱིས་སོ་སོའི་བསྟན་པ་སྐྱོང་ན། ཁོ་འདོད་པ་ཆེན་པོ་རེད། ཁོའི་དོན་དག་རྐྱང་པ་རེད་བསམ། དེ་རེད་ཡོད་མ་རེད། སོ་སོའི་བསྟན་པ་དེ་སྐྱོང་ན་བསྟན་པ་ཕྱོགས་ཐམས་ཅད་ནས་འཕེལ་རྒྱས་ཡོང་གི་རེད། དཔེར་ན་ཁང་པ་གཅིག་ཡོད། ཁང་པ་དེ་ལ་ཀ་བ་བཞི་ཡོད་ན།ཀ་བ་གཅིག་ལུག་ན། ཁང་པ་དེ་ལུག་འགྲོ་བ་རེད། ཀ་བ་རེ་རེས་སོ་སོའི་དུང་མ་དེ་ཡར་འདེགས་ཐུབ་ན། དེ་ནས་ཁང་པ་སྲ་འཁྲེགས་ཀྱི་ངང་ལ་བསྡད་ཐུབ་རེད། དེ་བཞིན་སོ་སོའི་སྟན་པ་སོ་སོས་བསྐྱངས་། ཐུབ་ན་ཚང་མའི་བསྟན་པ་སྐྱོང་ཐུབ་པ་དང། རང་ལ་ནུས་པ་དང་ཡོན་ཏན་ཡོད་ན་དཔེ་ཡག་པོ་རེད། ཡོན་ཏན་དང་ནུས་པ་མེད་བཞིན་དུ་ཚང་མའི་དོན་དག་བྱེད་རྒྱུ་ཡོང་ཐབས་མེད། སོ་སོའི་བསྟན་པ་དེ་སྲ་ཐག་ཐག་གཅིག་ཡག་པོ་བྱུང་ན། ཕྱོགས་རིས་ཞེས་པ་དེ་ཕར་ཕྱོགས་ཀྱི་བསྟན་པ་ཡག་པོ་ཡོད་པ། དེ་ལ་མི་དགའ་བར་བྱེད། གནོད་པ་སྐྱེལ་ཨེ་ཐུབ་བལྟ། སེམས་ནག་བྱེད་པ་དེ་ཕྱོགས་རིས་རེད་མ་གཏོགས། སོ་སོའི་བསྟན་པ་ཡང་དག་པར་འཛིན་བསྡད་པ་དེ་ཕྱོགས་རིས་ལ་འགྲོ་ཡི་མ་རེད། སོ་སོའི་བསྟན་པ་སོ་སོས་སྐྱོང་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ནང་པའི་ཆོས་བརྒྱུད་ཞེས་པ་དེར་བཟང་ངན་མེད། ཡག་སྡུག་མེད། ཡིན་ན་ཡང་ཐོག་མ་ནས་རང་གིས་ཆོས་བརྒྱུད་ཅིག་འཛིན་ཚར་དུས། དེའི་རྒྱུན་སྐྱོང་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། དཔེར་ན། ཆུ་ཆེན་པོ་ཞིག་རྒྱུག་གི་ཡོད་ན། རྒྱུན་མ་ཆད་པ། དེ་ལམ་འགག་གཞན་དག་ལ་དཀྱོག་ན། ཆུ་དེས་ཕན་ཐོགས་ཀྱི་མ་རེད། དེ་དང་གཅིག་མཚུངས་རེད། སོ་སོའི་ཆོས་རྒྱུད་སོ་སོས་སྐྱོང་། གཞན་དག་མི་སྐྱ་ཚོ་ཡིན་ན། སོ་སོའི་ཆོས་ལུགས་གང་ཡིན་པ་དེ་སྐྱོང། གཞན་དག་ལ་དད་པ་བྱེད། གུས་པ་བྱེད། འབུལ་བ་ཕུལ།ཞབས་ཕྱི་ཞུ། གཙོ་བོ་དེ་རང་གི་ཆོས་བརྒྱུད་གང་ཡིན་པ་དེ་སྐྱོངས།སྔ་མའི་རྒྱུན་དེ་སྐྱོང་དགོས་རྒྱུ་གལ་ཆེན་པོ་རེད། གྲྭ་བ་རྣམས་ཡིན་ན་སྦྱིན་བདག་ལ་བསྟུན་ནས། སྦྱིན་བདག་ལ་ཕན་པའི་ཐབས་ཡང་དག་པར་བསམ་བློ་བཏང་། སྦྱིན་བདག་རྣམས་ཀྱིས་ཡང་སོ་སོའི་དགོན་པ་ཡིན་བསམ་ནས་ཞབས་ཕྱི་ཞུ་བ་དང་འབུལ་བ་ཕུལ་རྒྱུ་གང་འགྲུབ་བྱས་ན། རང་གཞན་གཉིས་ཕན་གྱི་དགེ་བའི་རྩ་བ་རྒྱ་ཆེན་པོ་རེད། དེ་ལས་གཞན། ཁ་ཤས་ཀྱིས་དེ་ཡག་པོ་མི་འདུག་ཅེས་དགོན་པ་ལ་སྐྱོན་བརྗོད་བྱས་ན། སོ་སོ་ལ་སྐྱོན་ཡོང་བ་མ་གཏོགས་དགོན་པ་ལ་སྐྱོན་ཞུགས་རྒྱུ་ཡོད་མ་རེད། སོ་སོ་ལ་སྡིག་པ་ཆེན་པོ་ཡོད་རེད། དད་པ་དང་གུས་པ་ཡིད་ཆེས་ཡང་དག་པར་བྱས་ནས། དགོན་པ་ལ་ཞབས་ཕྱི་ཡག་པོ་བསྒྲུབ། དགོན་པ་ཡིན་ན་ཡང་སྦྱིན་བདག་ལ་ཡག་པོར་བསྟུན། སྦྱིན་བདག་ལ་ཕན་ཐོགས་པ་གཅིག་གང་དགོས་འདུག་བལྟ། ཁ་ཤས་ཀྱིས་སྦྱིན་བདག་གིས་ཡག་པོ་བྱེད་ཀྱི་མི་འདུག་ཅེས་གཡུག་བཞག་པ་ཡང་འདུག། དེ་འདྲ་བྱེད་རྒྱུ་ཡོད་མ་རེད། ནོར་འཁྲུལ་སུ་ཡིན་ན་ཡང་ཡོང་གི་རེད། ནོར་འཁྲུལ་དེ་བསྒྱུར་བཅོས་བཏང་ནས་ཕན་པའི་ཐབས་གང་འདུག་བལྟས་ནས། སྦྱིན་བདག་དང་གྲྭ་བ་ཚང་མས་བསམ་བློ་ཡང་དག་པ་གཅིག་གཏང་། ཚང་མ་མཐུན་པོ་བྱེད་རྒྱུ་དེ་གལ་ཆེན་པོ་རེད། གྲྭ་བ་རྣམས་ཆོས་དང་མཐུན་པ་ཡག་པོ་བྱེད་ཐུབ་ན། ཁྱིམ་པ་ཕོ་མོ་རྣམས་དད་པ་དང་གུས་པ་སྐྱེས་ཡོང་དུས། རང་བཞིན་གྱིས་འཇིག་རྟེན་གྱི་ཁམས་ལ་བདེ་སྐྱིད་འབྱུང་གི་ཡོད། གྲྭ་བ་རྣམས་སྤྱོད་པ་ཡག་པོ་མ་བྱས། ཆོས་དང་མཐུན་པ་མ་བྱས། འཇིག་རྟེན་གྱི་མི་ཐམས་ཅད་མ་དགའ་བ། དད་ལོག་སྐྱེ། དེ་ལ་བརྟེན་ནས་སྡིག་པ་རྒྱ་ཆེན་པོ་ཞིག་འཕེལ། དེ་ནས་འཇིག་རྟེན་ཁམས་ལ་མི་འདོད་པའི་རྐྱེན་ངན་ཡོང་པ་གཙོ་བོ་དེ་འདྲ་ལ་ཐུག་ཡོད།གཙོ་བོ་གྲྭ་བ་རྣམས་ཀྱིས་ཆོས་དང་མཐུན་པ་ཡག་པོ་མཛད། མཛད་པ་དེར་ཁྱིམ་པ་ཕོ་མོ་རྣམས་ཡིན་ན་ཡང་། དད་པ་དང་གུས་པ་བྱེད།ཞབས་ཕྱི་བསྒྲུབས་ནས་གཉིས་ཀ་ལ་ཡོན་མཆོད་ཀྱི་བསམ་བློ། བྱ་བ་ཡག་པོ་བྱས་ན། ཐམས་ཅད་ལ་ཕུན་སུམ་ཚོགས་པ་ཡོང་ནས། ཡུལ་ལ་བདེ་སྐྱིད་འབྱུང་བ་དང་། ཕུན་སུམ་ཚོགས་པ་ཡོང་བ་དང། འཇིག་རྟེན་གྱི་ཁམས་ལ་དགེ་བའི་རྩ་བ་རྒྱ་ཆེན་པོ་འཕེལ་ཡོང་དུས། ནག་ཕྱོགས་ཐམས་ཅད་མར་ལ་དམའ། དཀར་ཕྱོགས་ཐམས་ཅད་ཡར་གོ་འཕང་མཐོ། འཇིག་རྟེན་གྱི་ཁམས་ལ་བདེ་སྐྱིད་འབྱུང་གི་ཡོད། དེ་ལས་གཞན་གཅིག་གིས་གཅིག་ལ་བསམ་ངན་ཁོ་ན་བྱས་ན། ནག་ཕྱོགས་ཡར་ལ་འཕེལ། དཀར་ཕྱོགས་མར་རྒུད་ནས། འཇིག་རྟེན་གྱི་ཁམས་ལ་མི་འདོད་པའི་རྐྱེན་ངན་སྣ་ཚོགས་མང་པོ་ཡོང་བ་ཡིན།དགོན་པའི་གྲྭ་བ་རྣམས་བསྟན་པ་སྤྱི་དང་རང་ཉིད་ཚང་མ་ལ་བསམ་བློ་བཏང་ནས། ཆོས་དང་མཐུན་པ་ཡང་དག་པར་མཛད། ཡུལ་པ་རྣམས་ཡིན་ན་ཡང་དེ་ལ་དད་པ་དང་གུས་པ་ཡིད་ཆེས་ཡང་དག་པ་དང། ཞབས་ཕྱི་བསྒྲུབ་དགོས་པ་ལ་སོགས་གང་དགོས་བྱས་པ་ཡིན་ན། འཇིག་རྟེན་གྱི་ཁམས་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་ཡོང་གི་རེད། དེས་ན་ཚང་མས་སྤྱོད་པ་ཡག་པོ་དང་བསམ་པ་ཡག་པོ་བྱེད་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།། །།

འགལ་འདུ་སྡེབ་པ་རྟོག་གེའི་བློ་གྲོས་ཀྱིས།།

ཟབ་མོའི་དོན་འདི་རྟོགས་པར་མི་ནུས་པས།།

བླ་མའི་བཀའ་བཞིན་བྱིན་རླབས་བརྒྱུད་པའི་སྲོལ།།

མོས་གུས་ཁོ་ནས་ཉམས་སུ་ལེན་པར་རིགས།།

སྡེ་གཞུང་མཆོག་སྤྲུལ་རིན་པོ་ཆེས།

ཞེས་གུས་འབངས་བྱང་ཆུབ་ཀུན་དགའ་བསྟན་པས་སྤེལ་བ་དགེ་ཞིང་བཀྲ་ཤིས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*