རྒྱལ་ཁམས་འགྲིམས་པའི་ཤེས་ཚོར།

ལུས་ལ་གོན་རྒྱུ་ནུབ་ཕྱོགས་སྲོལ་ལུགས་གྱུར།།

ངག་སྒོའི་དང་པོ་ནུབ་ཀྱི་སྐད་ཡིག་བོས།།

བསམ་བློ་མ་ལུས་ནུབ་ཕྱོགས་ལྟ་གྲུབ་འཛིན།།

འདི་ནི་སྐྱབས་བཅོལ་བོད་མིའི་རང་གཤིས་རེད།།

ནུབ་ཕྱོགས་གནམ་ས་གཉིས་ཀྱི་བར་མཚམས་ནས།།

ཡོད་ཚད་རང་ཉིད་འཚོ་ཐབས་བདེ་སྐྱིད་ཆེད།།

དགའ་གཉེན་ཐུག་པའི་དུས་ཚོད་ཆེར་དཀོན་པས།།

ཕོ་ཧྲེང་མོ་ཧྲེང་མི་ཚེ་རྫོགས་པ་མང་།།

ལག་ཏུ་ཁུར་པ་ནུབ་ཀྱི་འཕྲུལ་ཆས་རེེད།།

ངག་ནས་འཐོན་པ་ནུབ་ཕྱོགས་སྐད་གདངས་རེད།།

སེམས་ནས་བསམ་པ་ནུབ་ཀྱི་ཨ་སྒོར་རེེད།།

ཡོད་ཚད་ཨ་སྒོར་ཁྱེད་ཀྱིས་དབང་དུ་འདུ།།

ཁམས་གཙང་ལམ་བདེ་གཡོན་གཡས་ལ་སོགས་ནས།།

ནུབ་མོས་རྣམ་འགྱུར་ཆགས་སྲེག་འབྲེལ་དང་ལྷན།།

འདོད་པའི་འོ་འཛིན་ལང་ཚོའི་མངོན་པ་སོགས།།

ཡོད་ཚད་དབང་དུ་བསྒྱུར་པའི་བདག་པོ་ཞིག།

ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་མཆོག་ལ།།

ཇི་ལྟར་ཇི་དགོས་ཡོད་ཚད་འདི་ལ་ཚང་།།

སྐྱེ་འགྲོ་ཡོངས་ཀྱིས་ཁྱེད་ལ་སྨོན་པ་དང་།།

ཁྱེད་ནི་འཇིག་རྟེན་འདི་ཡི་བདག་པོ་ཞིག།།

     གདོང་མཁན་པས་སྔ་དྲོ་མེ་ནི་སོ་ཊ་མགྲོན་ཁང་ནས།  ༢༠༡༨/༧/༡༦ 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*