བུད་མེད་ཀྱི་བདེ་ཐང་ཐད་ཀྱི་ཉེན་བརྡ་ཆེན་པོ་དགུ།


1.རྐེད་པ་ན་བ།
རྐེད་པ་ན་བ་ནི་ལྒང་བུའི་གཉན་ཚད་ལས་བསླངས་བའི་རྟགས་ཤིག་ཡིན་པར་འདོད་པས། ངེས་པར་དུ་སྨན་ཁང་ལ་སོང་ནས་ཁྲག་དང་གཅིན་སོགས་ལ་ཞིབ་བཤེར་ནན་མོ་བྱ་དགོས།

2.ཁོང་ཁྲོ་ལངས་སླ་བ།
སྐབས་དེར་ཨོལ་གོང་གཤེར་རྨེན་ལ་ཞིབ་བཤེར་ནན་པོ་བྱེད་དགོས། དེའི་རྒྱུ་མཚན་ནི་དབང་རྩའི་མ་ལག་གིས་ཨོལ་གོང་གཤེར་རྨེན་གྱི་སྐུལ་རྒྱུའི་དོ་མི་མཉམ་པ་ལ་གནོད་པ་ཆེས་ཆེར་གཏོང་བས་ཡིན། དེའི་ཆེས་ཐོག་མའི་ནད་རྟགས་ནི་ཁོང་ཁྲོ་ལངས་སླ་ཞིང་སེམས་འགུལ་ཐེབས་སླ་བ་དང་། ངུ་དགའ་ཆེ་བ། གཉིད་མི་ཡོང་བ། ཡི་ག་ཆེ་ཡང་ཤ་ཇེ་རིད་དུ་འགྲོ་བ། ཟླ་མཚན་མི་སྙོམས་པ་སོགས་ཡིན།

3.དུས་རྒྱུན་དུ་མགོ་ཡུ་འཁོར་བ།
གནས་ཚུལ་འདི་ལྟ་བུ་བྱུང་ན་དུས་ཐོག་ཏུ་སྨན་ཁང་ལ་སོང་ནས་ཁྲག་ཤེད་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་དུས་མཚུངས་སུ་བཟའ་བཏུང་ལ་སྙོམ་སྒྲིག་དང་ལུས་རྩལ་སྦྱོང་བརྡར་སོགས་བྱ་དགོས།

4.ནངས་སྔ་མོར་མལ་ལས་ལངས་དུས་མིག་ཟུང་ཅུང་སྐྲངས་ཤིང་མིག་མཐའ་ནག་པོར་གྱུར་བ།
གནས་ཚུལ་འདི་ལྟ་བུ་ནི་ཡུན་རིང་ལ་ཐང་ཆད་པ་ལས་བསླངས་བ་ཡིན་པར་འདོད་མོད། འོན་ཀྱང་སྣང་ཚུལ་འདི་ཡུན་རིང་ལ་རྒྱུན་འཁྱོངས་བྱས་ཚེ། ངེས་པར་དུ་སྨན་ཁང་ལ་སོང་ནས་མཁལ་མར་ཞིབ་བཤེར་ནན་པོ་བྱ་དགོས།

5.དགོང་མོར་ཐོན་ཚེ་རྐང་བ་གཉིས་སྐྲངས་ནས་ཚོར་བ་ཉམས་ཞན་དུ་འགྲོ་བ།
སྣང་ཚུལ་འདི་ནི་དལ་ལངས་རང་བཞིན་གྱི་འཕར་རྩ་ཉམས་པའི་ནད་ཀྱི་ནད་རྟགས་ཡིན་པས། དུས་འདིར་ནད་པས་ངེས་པར་དུ་སྔོ་ཚོད་མང་པོ་ཟ་བ་དང་ཞོར་དུ་རྐང་བའི་བདེ་སྲུང་གི་རྩལ་སྦྱོང་སོགས་ལེགས་པོ་བྱ་དགོས།

6. དུས་རྒྱུན་དུ་རྐང་ལག་ལ་རྩ་འཐེན་བྱུང་བ།
སྣང་ཚུལ་འདི་ནི་འཚོ་བཅུད་ཀལ་སོགས་མ་འདང་བ་ལས་བསླངས་བ་ཡིན་པར་འདོད་པས། ནམ་རྒྱུན་འོ་མ་དང་འོ་མའི་ཐོན་རྫས། སྲོག་ཆགས་ཀྱི་ནང་ཁྲོལ། མཚོ་སྐྱེས་ཐོན་རྫས་སོགས་མང་པོ་བཟའ་དགོས།

7.རྔུལ་ཆུ་སྔོན་ཆད་ལས་ཇེ་མང་དུ་སོང་བ།སྣང་ཚུལ་འདི་ནི་ཁྲག་རྩར་གནོད་སྐྱོན་ཞིག་ཐེབས་པ་ལས་བསླངས་བ་ཡིན་པར་འདོད་པས། ལྷོད་འཇགས་སྨན་གྱི་ཕན་ནུས་མ་ཐོན་ཚེ། སྨན་ཁང་དུ་སོང་ནས་གསོ་བཅོས་བྱས་ན་བཟང་བ་ཡིན།

8.ལུས་ཀྱི་ལྗིད་ཚད་ལ་འགྱུར་ལྡོག་བྱུང་བ་དང་། དུས་རྒྱུན་དུ་ཁ་སྐོམ་པ་དང་སྤྱོད་ཁང་དུ་ཡང་ཡང་འགྲོ་དགོས་པ།
སྣང་ཚུལ་འདི་ནི་གཅིན་སྙི་ཟ་ཁུའི་ནད་ཀྱི་ནད་རྟགས་དང་ཧ་ཅང་མཚུངས་བས། སྨན་ཁང་དུ་སོང་ནས་ཁྲག་ལ་ཞིབ་བཤེར་བྱ་དགོས། གལ་སྲིད་ཞིབ་བཤེར་བྱས་པ་རྒྱུན་ལྡན་ཡིན་ཚེ་མངར་ཟས་དང་སྣུམ་ཟས་མ་བསྟེན་ན་བཟང་།

9.སྐྲ་ཆེས་ཆེར་ལྷུང་བ།
སྣང་ཚུལ་འདི་ནི་སེམས་ཁམས་ཀྱི་གནོན་ཤུགས་ཆེ་བའམ་ཡང་ན་རྨ་ཁར་འགོས་བཙོག་བཟོས་བ་དང་བཟའ་བཏུང་གི་སྤྱོད་ཚད་མི་ལེགས་པ་སོགས་ལས་བསླངས། ཡང་ན་ནད་ཡམས་དང་ལྷན་སྐྱེས་རང་བཞིན་གྱིས་ནད་ཀྱིས་བསླངས་སྲིད་པས་ངེས་པར་དུ་སྐྲ་ལྷུང་བའི་རྒྱུ་རྐྱེན་དངོས་དེར་དམིགས་ནས་ད་གཟོད་བབ་བསྟུན་གྱིས་གསོ་བཅོས་བྱེད་ཐབས་སྤྱད་ན་བཟང་བ་ཡིན།།
ཡོང་ཁུངས། བོད་ནང་གི་དྲ་བ་ལས་དྲངས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*