གོ་ལ་ཧྲིལ་པོའི་སངས་རྒྱས་དུས་ཆེན།

རྩོམ་པ་པོ། རྫོང་སར་མཁན་གཞན་ཕན་སྙིང་པོ།

གོ་ལ་ཧྲིལ་པོའི་སངས་རྒྱས་དུས་ཆེན།   

གཅིག  །སངས་རྒྱས་ཆོས་ལུགས་ཀྱི་ཆེས་ཐོག་མའི་གནས་བབ།   

མི་ལོ་ཉིས་སྟོང་ལྷག་གི་ཡར་སྔོན་དུ་གོ་ལ་ཧྲིལ་པོའི་སེམས་ཅན་ཡོངས་ལ་ཆེས་བཀའ་དྲིན་ཆེ་བའི་སྐྱེས་བུ་དམ་པ་ཞིག་བྱོན་མྱོང་ལ་ཁོང་ནི་སངས་རྒྱས་ཤཱཀྱ་མུ་ནེ་ཡིན།   ཁོང་ནི་བསྐལ་པ་མང་པོའི་སྔོན་དུ་འཆིང་བ་ཀུན་ལྡན་གྱི་གང་ཟག་ཆེས་དཀྱུས་མ་ཞིག་ལས་ཅི་ཡང་མིན་མོད།   རིམ་གྱིས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་བགྲང་གིས་མི་ལང་བ་ཞིག་ལས་ཞི་བསིལ་དམ་པའི་ཆོས་ཀྱི་ཉིང་ཁུ་འཐུང་།   དེ་ནས་ཉམ་ཐག་པའི་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་སྐྱོབ་ཐུབ་པའི་ཆེད་དུ་སྨོན་ལམ་འབུམ་ཕྲག་མང་པོ་དང་ཡིད་ཀྱིས་དམ་བཅའ་བརྟན་པོར་བཅས་སོ།  །དེ་ནས་རང་གི་དམ་བཅའ་དང་ཕུགས་འདུན་ཡོངས་སུ་འགྲུབ་པའི་ཆེད་དུ་བུ་དང་ཆུང་མ།   རྒྱལ་སྲིད་སོགས་ཐམས་ཅད་ལན་གྲངས་མང་པོའི་བར་དུ་བློས་བཏང་སྟེ།   ཐ་ན་གཞུང་ཚིག་བཅད་རེ་རེའི་དཀའ་གནད་རྣམས་རྟོགས་པའི་ཐབས་སུ་སྐུ་ལུས་ཀྱི་ཤ་ཁྲག་ཀྱང་ཕོངས་མེད་དུ་ཐེངས་གྲངས་མང་པོའི་བར་དུ་གཏོང་།    མཐར་སྲིད་པ་མཐའ་མ་པའི་རྟེན་ལ་གཟིགས་པ་རྣམ་པ་ལྔ་ཡི་ཚུལ་གྱིས་རྒྱལ་པོ་ཟས་གཙང་མའི་སྲས་སུ་སྐུ་འཁྲུངས་ཏེ་སློབ་དཔོན་གཞན་གྱི་གདམ་ངག་ལ་མ་བརྟེན་པར་རང་བྱུང་རང་སྟོབས་ཀྱིས་མངོན་པར་རྫོགས་པར་སངས་རྒྱས་སོ།   །དེ་ནས་རིང་པོར་མ་འགོ་བར་དགེ་སློང་བཞི་ལ་སྐད་གྲགས་ལྡན་པའི་བདེན་བཞིའི་ཆོས་འཁོར་བསྐོར་ཏེ།  དགེ་སློང་དེ་དག་གིས་ཀྱང་བརྩོན་པ་དྲག་པོའི་སྒོ་ནས་བསྒོམས་པས་དེ་དག་གིས་ཀྱང་བདེན་པའི་གནས་ཚུལ་རྙེད་དེ་དགྲ་བཅོམ་པའི་འབྲས་བུ་ཐོབ།   དེ་ནས་རིམ་གྱིས་ཆོས་འཁོར་གཉིས་པ་དང་གསུམ་པ་ཡང་བསྐོར་ཏེ་གནའ་བོའི་ཤེས་རིག་གི་ཕ་ས་རྒྱ་གར་འཕགས་པའི་ཡུལ་གྱི་རིག་གཞུང་ལ་ཆེས་མཁས་པའི་པཎྚིཏ་དང་།   སྟོབས་དང་དྲེགས་པས་མྱོས་པའི་རྒྱལ་པོ་དང་།  ལོངས་སྤྱོད་མངའ་ཐང་འཛོམས་པའི་ཕྱུག་པོ་སོགས་རྣམ་དཔྱོད་དང་ཤེས་རབ་ལྡན་ཞིང་བློ་གཟུ་བོར་གནས་པའི་མི་ཆེས་མང་པོ་ཞིག་ཀྱང་ཁོང་གི་རྗེས་མཇུག་ཏུ་གྱུར།  

གཉིས།  ནང་བསྟན་འཛམ་གླིང་ཅན་དུ་འགྱུར་བའི་བརྒྱུད་རིམ།  

དེ་ནས་རྒྱ་གར་གྱི་ས་མཚམས་ལས་ཀྱང་རིམ་གྱིས་བརྒལ་ཏེ།   ད་ལྟའི་ཆར་རྒྱལ་ཁབ་བརྒྱ་ལ་ཉེ་བ་ཙམ་དུ་ཁོང་གི་རྗེས་མཇུག་པ་དུང་ཕྱུར་མང་པོས་ཁྱབ་སྟེ་འཛམ་གླིང་རང་བཞིན་གྱི་ཆོས་ལུགས་ཆེན་པོ་གསུམ་གྱི་གྲལ་དུ་བསླེབས་ཟིན་པ་མ་ཟད་༼རྗེས་འཇུག་མང་ཉུང་ལྟར་ན་ཧིན་དྷུ་ཨང་གསུམ་པ་ཡིན་ཡང་དེ་ལ་ས་ཁུལ་རང་བཞིན་གྱི་རྣམ་པ་ལས་འཛམ་གླིང་རང་བཞིན་གྱི་རྣམ་པ་མེད་པར་བཤད།  མཆན༽༢༠༠༩ལོར་གོ་ལ་ཧྲིལ་པོའི་ཆོས་ལུགས་ཀུན་ལས་ཆེས་མཆོག་ཏུ་གྱུར་པའི་ཆོས་ལུགས་ཨང་དང་པོ་ཡིན་པའི་མཚན་སྙན་དེ་མཉམ་འབྲེལ་རྒྱལ་ཚོགས་ཆོས་ལུགས་ཚོགས་ཆེན་གྱི་ཐོག་ནས་འཛམ་གླིང་ཧྲིལ་པོར་ཁྱབ་བསྒྲགས་བྱས་པ་ནི་ནང་བསྟན་རིག་གནས་ཀྱིས་རྒྱལ་སྤྱིའི་ཁོར་ཡུག་ཁྲོད་གོ་ས་ངེས་ཅན་ཞིག་ཟིན་ཡོད་པའི་མཚོན་བྱེད་དུ་སྣང་།    མ་ཟད༡༩༥༤ལོར་རྒྱལ་ཁབ་བཞི་བཅུ་ཙམ་གྱི་མི་སྣ་ལས་གྲུབ་པའི་ནང་བསྟན་མཛའ་གྲོགས་ཚོགས་པས་ས་ག་ཟླ་བའི་ཚེས་པ་བཅྭོ་ལྔ་དེ་འཛམ་གླིང་སངས་རྒྱས་ཀྱི་ཉིན་མོར་གྲོས་ཆོད་བྱུང་དོན་ལྟར་ལྷོ་བརྒྱུད་ནང་བསྟན་དར་ཁྱབ་བྱུང་བའི་རྒྱལ་ཁབ་མང་པོར།   སྟོན་པ་སངས་རྒྱས་སྐུ་འཁྲུངས་པ་དང་སངས་རྒྱས་པ།   མྱ་ངན་ལས་འདས་པ་བཅས་ཀྱི་དུས་ཆེན་གཏོང་སྲོལ་རིམ་བཞིན་གོང་འཕེལ་བྱུང་།   དེ་ནས་༡༩༩༩ལོ་མཉམ་འགྲེལ་རྒྱལ་ཚོགས་ཀྱིས་ཚོགས་ཆེན་སྟེང་ནས་གྲོས་གཞི་ཆེན་མོ་54/115པ་གྲོས་འཆམ་བྱུང་བ་ལྟར་ན་འཛམ་གླིང་ཐོག་ལོ་རྒྱུས་ཡུན་རིང་ལྡན་པའི་ནང་ཆོས་ཀྱིས་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་རིང་མིའི་རིགས་ཀྱི་སེམས་ཁམས་ལ་ལེགས་སྐྱེལ་འཕུལ་དང་འབུལ་མུས་ཡིན་པར་དང་ལེན་གནང་བ་དང་། ཝེ་སག་༼བོད་སྐད་དུ་ས་ག་ཟླ་བ་ཞེས་པའི་དོན་ཡིན་༽དུས་ཆེན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་འཛིན་བྱུང་ཡོད་པ་མ་ཟད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་དོན་ཁང་དང་། གྲོས་འགོ་འདོན་མཁན་གྱི་རྒྱུན་སྡོད་འཐུས་མི་རྣམས་ཀྱི་བསམ་འཆར་ལྟར་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་དང་མཉམ་འབྲེལ་རྒྱལ་ཚོགས་དོན་གཅོད་ཁང་བཅས་སུ་འོས་འཚམས་ཀྱི་བྱེད་སྒོ་སྤེལ་རྒྱུའི་ཐག་གཅོད་བྱས་དོན་ལྟར་ལོ་ལྟར་ས་ག་ཟླ་བའི་དུས་ཆེན་སྲུང་བརྩི་ཞུ་བཞིན་ཡོད།  མ་ཟད་ན་ལོར་སྟོན་པ་སྐུ་འཁྲུངས་སའི་གནས་ངོ་མ་སྟེ་ལུམྦའི་ཚལ་རང་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞུང་འབྲེལ་མི་སྣ་ཆེད་དུ་གཏོང་སྟེ་དུས་ཆེན་ལ་བརྩི་སྲུང་བྱས་པ་དང་།    འདི་ལོའི་ས་ག་ཟླ་བའི་མཛད་སྒོའི་ཚོགས་ཆེན་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དབུས་ལྷོ་བརྒྱུད་ནང་བསྟན་གྱི་ཆོས་དཔོན།   རྒྱ་ནག་དང་འཇར་པན།  ལྷོ་ཁོ་རེ་ཡ་སོགས་ནས་ཕེབས་པའི་ཐེག་པ་ཆེན་པོའི་ཆོས་བརྒྱུད་འཐུས་ཚབ།   ཨ་རི་རྒྱལ་སྤྱིའི་ནང་ཆོས་བསྐུལ་སྤེལ་ཚོགས་པའི་ཚོགས་གཙོ།   ཨ་རི་རྒྱལ་སྤྱིའི་ཕལ་ཆེན་ཚོགས་པའི་ཚོགས་གཙོ་སོགས་དང་།  མ་ཟད་རྒྱ་གར་དང་།   བལ་ཡུལ།  ཐེ་ལན་ཌ།  སིངྒ་པུ།   སུ་ལེན།   སོག་པོ།   འབྲུག་པ།   ནོར་ཝེ་སོགས་རྒྱལ་ཁབ་ཆེས་མང་པོའི་མཐུས་མི་རྣམས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གོ་སྒྲིག་བྱས་པའི་ས་ག་ཟླ་བའི་དུས་ཆེན་ལ་ཞུགས་ཡོད་པ་མ་ཟད་ཆོས་དཔོན་ཁག་གིས་གཏམ་བཤད་ལ་ཉན་འཇོག་བྱས་པ་དང་།   དྲུང་ཡིག་ཆེན་མོས་ནང་ཆོས་ནི་འཛམ་གླིང་ཞི་བདེའི་ངང་ཡུན་རིང་གནས་པ་དང་།   མིའི་སེམས་རྒྱུད་བཟང་པོར་བྱེད་པའི་བྱེད་ལས་དང་ལྡན་པ་ཞིག་ལ་འགྱུར་འགྲོ་བར་ཐག་ཆོད་ཡིན་སོགས་ནང་ཆོས་ཀྱི་དགེ་ཚན་མང་དུ་གསུངས་ཡོད།      དེ་བཞིན་དུ་ན་ལོར་རྒྱ་གར་གཞུང་གིས་དུས་ཚོད་འདི་རང་ལ་ས་ག་ཟླ་བའི་དུས་ཆེན་ལ་སྲུང་བརྩི་ཞུས་ཡོད་པ་མ་ཟད་ཆོས་རིག་བློན་ཆེན་གྱིས་གཏམ་བཤད་དང་འབྲེལ་ཏེ་རྒྱ་གར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཚང་མ་ལ་ནང་བསྟན་རིག་གནས་ཀྱི་སློབ་ཚན་རེ་ཁ་བསྣོན་བྱ་རྒྱུ་ཁྱབ་བསྒྲགས་བྱས།  འཛམ་གླིང་རྒྱལ་ཁབ་ཁག་གི་མི་འབོར་ཨང་གཉིས་པ་སྟེ་སྤྱི་དམངས་དུང་ཕྱུར་བཅུ་གཉིས་ཙམ་གྱི་མི་སྣ་ལས་གྲུབ་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་སློབ་གྲྭ་ཆུང་འབྲིང་ཡོངས་ཀྱི་སློབ་ཚན་ལ་འགྱུར་བ་བྱུང་བ་ནི་ནང་བསྟན་རིག་གནས་ཀྱིས་རྒྱ་གར་སྤྱི་ཚོགས་ཁྲོད་བསྐྱར་དུ་གོ་ས་ངེས་ཅན་ཞིག་གཟུང་བའི་འགོ་ཚུགས་པ་ལྟ་བུར་བྱུང་ཡོད།    དེ་བཞིན་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱིས་ཀྱང་སྟོན་པའི་འཁྲུངས་སྐར་དུས་ཆེན་ལ་སྲུང་བརྩི་ཞུས་ཡོད་པ་དང་རྒྱལ་གཙོའི་གསུང་བཤད་ནང་གུང་ཁྲན་ཏང་མིས་ནང་བསྟན་རིག་གནས་ལ་སློབ་ན་དགེ་ཚན་ལས་སྐྱོན་ཆ་མེད་པའི་ཁྱབ་བསྒྲགས་བྱས་པ་ནི་ཀྲུང་གོ་གསར་པ་དབུ་བརྙེས་པའི་རྗེས་ཀྱི་ཟིན་ཐོ་གསར་པ་ཞིག་ལ་གྱུར་ཡོད།    འདི་དག་ཚང་མ་ནི་ནང་བསྟན་རིག་གནས་ཀྱི་དོན་སྙིང་ཤེས་ཤིང་།   དེ་ཉིད་དར་ཞིང་རྒྱས་པའི་ཆེད་དུ་དུས་རྒྱུན་སྨོན་ལམ་བྱེད་མཁན་ཞིག་ཡིན་ན་ཆེས་དགའ་འོས་པའི་གནས་ཚུལ་ཞིག་རེད།   འོན་ཀྱང་ད་དུང་སྟོང་ཆ་ཞིག་ལུས་ཡོད་པ་ནི་ནང་པའི་རྗེས་འཇུག་ཀུན་གྱིས་གཅིག་གྱུར་གྱི་དུས་ཚོད་ཅིག་གཏན་ཁེལ་ཐུབ་མེད་པ་འདི་རེད།   གནས་ཚུལ་འདི་ནི་གནའ་བོའི་ལོ་རྒྱུས་སྨྲ་བ་ཀུན་ལ་ཐུན་མོང་དུ་ཡོད་པའི་སྟོང་ཆ་ཞིག་སྟེ།   ལོ་རྒྱུས་འབྲི་སྐབས་དུས་ཚིག་ལ་དོ་སྣང་དེ་ཙམ་མ་བྱས་པའི་རྐྱེན་གྱིས།    ད་ལྟའི་ཆར་དཀའ་ཁག་འཕྲད་བཞིན་ཡོད་པ་རེད།   སྟོན་པ་འཁྲུངས་འདས་ཀྱི་དུས་ཚིག་དངོས་ནི་གཅིག་ལས་མང་པོ་ཡོད་མི་སྲིད་ཀྱང་འདོད་ཚུལ་མི་འདྲ་བ་ཧ་ཅང་མང་པོར་བྱུང་བར་བརྟེན་ལུང་རིགས་ཀྱི་རྒྱུ་མཚན་མང་པོས་དགག་སྒྲུབ་བྱས་ཀྱང་གཅིག་གྱུར་གྱི་དུས་ཆེན་ལ་བར་ཆད་གཏོང་བའི་རྒྱུ་ཙམ་ལས་སྟོན་པ་སངས་རྒྱས་ཀྱི་ཕྲིན་ལས་ལ་ཕན་ཐོག་པ་ཤིན་ཏུ་དཀའ།   སྟོན་པ་ཡེ་ཤུལ་གྱི་འཁྲུངས་འདས་ལ་རྩོད་པ་མེད་པ་མིན་ཀྱང་རྗེས་འཇུག་དག་གིས་གཅིག་གྱུར་གྱི་འཁྲུངས་སྐར་དུས་ཆེན་ལ་དགེ་ཚན་ཡོད་པ་ཤེས་པའི་རྐྱེན་གྱིས་གཅིག་གྱུར་བྱུང་ཐུབ་པ་དང་།   དེའི་འབྲས་བུས་ཡེ་ཤུལ་སྟོན་པའི་ལོ་ཟླ་ཚེས་གྲངས་དེ་སྤྱི་ལོའི་ཟླ་ཚེས་སུ་གྱུར་པ་རེད།   སྲིད་འཛིན་ཨོ་བྷ་མས་སྟོན་པ་ཡེ་ཤུལ་གྱི་འཁྲུངས་སྐར་མཛད་སྒོའི་གཏམ་བཤད་ནང་།   ང་ཚོ་སུ་ཡིན་མིན་དང་གང་ནས་བྱུང་མིན་སོགས་ནི་དེ་རིང་གལ་ཆེན་པོ་མ་རེད་འཁྲུངས་སྐར་མཛད་སྒོ་འདིས་ང་ཚོ་ཡོད་ཚད་གཞི་གཅིག་ལ་སྦྲེལ་ཐུབ་པ་འདི་ཤིན་ཏུ་ཡང་གལ་ཆེན་པོ་རེད་ཅེས་གསུངས་མྱོང་ཡོད།  གདམ་ངག་འདིས་སངས་རྒྱས་ཤཱཀྱ་མུ་ནེའི་རྗེས་འཇུག་པ་དག་ལའང་བློ་སྒོ་ཞིག་ཕྱེ་བཞིན་མི་འདུག་གམ།    ནང་པའི་ལོ་ཚིག་གཅིག་གྱུར་མེད་པ་འདི་ལ་སྐྱོན་ཆ་གཞན་ཡང་དཔེར་ན་དུས་རབས་སྔ་མའི་ཕྱེད་ཡས་མས་ནས་འགོ་ཚུགས་ཏེ་ནང་བསྟན་ལོ་རྒྱུས་ཀྱི་ལོ་ཚིགས་དེ་ཡེ་ཤུལ་སྟོན་པའི་འཁྲུངས་ལོས་ཚབ་བྱས་ཏེ།   སྤྱི་ལོ་དེ་དང་དེ་སྤྱི་ཟླ་དེ་དང་དེ་ཞེས་ཤུགས་ཆེན་པོ་འདྲེས་ཡོད།   དེར་བརྟེན་གནད་དོན་འདི་དག་ལ་བོད་བརྒྱུད་ནང་བསྟན་གྱི་མཁས་པ་དག་དང་།  རྒྱ་བརྒྱུད་ནང་བསྟན་པ་དག་གིས་གཙོས་རྗེས་འཇུག་ཀུན་གྱིས་སྟོན་པའི་ཕྲིན་ལས་ལ་བསམས་ཏེ།    རང་ལུགས་ཉི་ཚེ་བ་ལ་མཁྲེགས་བཟུང་མི་བྱ་བར་གཅིག་གྱུར་གྱི་ཐོག་ལ་ཤུགས་བསྣོན་བྱེད་འོས་པར་སེམས།   

གསུམ།  ནང་བསྟན་གྱི་སྙིང་པོ།

  སྟོན་པ་ཤཱཀྱ་ཐུབ་པའི་ཐུགས་ཀྱི་བཞེད་པ་ལྟར་ན་རྒྱུ་ནོར་གྱིས་བཀྲེས་ལྟོག་སེལ་ནུས་ཀྱང་།   འཐབ་རྩོད་ཀྱི་སྡུག་བསྔལ་སེལ་མི་ཐུབ་པ་དང་།   དམག་འཁྲུགས་ཀྱིས་དགྲ་བོ་རྩ་མེད་ལ་གཏོང་ཐུབ་ཀྱང་མཉམ་དུ་རང་ཉིད་ཀྱི་བདེ་སྐྱིད་ཀྱང་རྩ་མེད་དུ་གཏོང་འགྲོ་བ་དང་།   

 གོ་གནས་ཀྱིས་ཉམས་ཆུང་ལ་དབང་སྒྱུར་བྱེད་ཐུབ་ཀྱང་།   དེ་དང་མཉམ་དུ་རང་འདོད་ཀྱིས་རང་ཉིད་ལ་དབང་སྒྱུར་བྱེད་འགྲོ་བ་ཡིན།   

མདོར་ན་རྒྱུ་ཤུགས་དང་།  དམག་ཤུགས།  དབང་ཤུགས་བཅས་ཇི་ལྟར་ཆེ་ཡང་བརྩེ་བ་དང་ཤེས་རབ་ཟུང་འབྲེལ་གྱི་ཐོག་ནས་མི་ཀུན་གྱི་བསམ་བློའི་ནང་དུ་ཕན་ཚུན་ཕ་མ་དང་བུ་རྒྱུད་ལྟ་བུའི་འདུ་ཤེས་ཆགས་མ་ཐུབ་ན།   འཇིག་རྟེན་འདིར་བདེ་སྐྱིད་བསྐྲུན་མི་ཐུབ་པ་དང་།   རང་ཉིད་ཀྱི་མི་ཚེའི་སྙིང་པོའང་ལེན་མི་ཐུབ་པར་ནན་ཏན་དུ་གསུངས་ཡོད།      དེར་བརྟེན་སྟོན་པ་གང་ཉིད་ད་ལྟ་ཞལ་བཞུགས་ཡོད་པའི་དབང་དུ་གཏོང་ན་རིགས་ཅན་གསུམ་ལ་ཐར་ལམ་སྟོན་པ་སྨོས་མེད་ཁར།  འཛམ་གླིང་འདི་ཡང་དམག་དཔུང་མེད་པའི་འཇིག་རྟེན་ཞིག་གམ།   མཚོན་ཆ་མེད་པའི་གོ་ལའི་སྡེ་པ་ཞིག  །སྲོག་ཁྲིམས་མེད་པའི་ཞི་བའི་སྒྲིག་འཛུགས་ཤིག་ལ་དམིགས་བསལ་གྱིས་བསྐུལ་མ་བྱེད་ངེས་ཡིན་ཏེ།  དེ་ལྟར་མ་ཡིན་པར་རང་གིས་གཞན་གསོད་པའི་མཚོན་ཆ་དང་དམག་དཔུང་རྒྱུན་མ་ཆད་པར་གྲ་སྒྲིག་བྱས་ན་གཞན་གྱིས་རང་ཉིད་གསོད་བྱེད་ཀྱི་མཚོན་ཆ་དང་དམག་དཔུང་བར་མ་ཆད་པར་གྲ་སྒྲིག་བྱེད་ངེས་པས་འཛམ་གླིང་ཞི་བདེ་ཟེར་བ་ཡང་སྟོང་སེམས་ཙམ་དུ་འགྱུར་བའི་ཕྱིར་རོ།  །སྟོན་པའི་ཐུགས་བཞེད་ཇི་བཞིན་སྒྲུབ་པ་དེ་སྟོན་པའི་རྗེས་འཇུག་དག་གི་གཡོལ་ཐབས་མེད་པའི་འོས་འགན་ཉག་གཅིག་ཡིན་པ་དང་།  འདི་ལྟ་བུའི་འོས་འགན་བསྒྲུབ་པར་མཉམ་འབྲེལ་དང་གཅིག་གྱུར་ནི་མེད་ཐབས་མེད་པའི་ཐབས་ལམ་ཉག་གཅིག་ཡིན་པར་སེམས་སོ།   

བཞི།  སྟོན་པའི་འཁྲུངས་སྐར་དུས་ཆེན་ལ་འདྲེས་མི་རུང་བའི་དུག་རྫས་གཉིས།   

སངས་རྒྱས་རྗེས་དྲན་གྱི་ཁྲོད་དུ་གཏན་ནས་འདྲེས་མི་རུང་བའི་དུག་རྫས་གཉིས་ཡོད་དེ།   ༡ཆབ་སྲིད་ཀྱི་བྱ་འགུལ་དང་།   ༢དཔལ་འབྱོར་གྱི་བྱ་འགུལ་ལོ།   དེ་ཡང་མི་ལ་ལས་ནམ་ཡིན་རུང་ཆོས་ལུགས་ཀྱི་བྱེད་སྒོ་ལ་ཁ་གཡར་ནས་དཔལ་འབྱོར་བསྡུ་རུག་བྱེད་བཞིན་ཡོད།  དེས་ནང་བསྟན་ཆོས་ལུགས་རུལ་སུངས་ཅན་དུ་བསྒྱུར་བའི་ཉེན་ཁ་ཡོད།   དེས་ན་སངས་རྒྱས་རྗེས་དྲན་བྱེད་པ་ནི་སྟོན་པ་སངས་རྒྱས་ཀྱི་བཀའ་དྲིན་དང་།   ཡོན་ཏན།  གདམ་ངག་སོགས་རྗེས་དྲན་བྱེད་པའི་དུས་ཡིན་གྱི།   དངུལ་ལོར་རྗེས་དྲན་བྱེད་པའི་དུས་མིན།   སྲོག་བླུ།   སྦྱིན་གཏོང་།   ཁོར་སྲུང་།   ཐེབས་རྩ་བསྡུ་བ་སོགས་དགེ་ལས་ཡིན་ཡང་།  དེ་དག་ལས་ཀྱང་རྗེས་དྲན་གྱི་ཉིན་མོ་འདི་ལ་ནི་སངས་རྒྱས་ཀྱི་ཡོན་ཏན་དྲན་པ།   ཕྱག་འཚལ་བ།   སྐོར་བ་བྱེད་པ།   མཆོད་པ་ཕུལ་བ།   སེམས་བསྐྱེད་བྱེད་པ།   གསུང་རབ་ཀློག་པ།  སྒོམ་རྒྱག་པ།   སྨོན་ལམ་འདེབས་པ་སོགས་སྤྲོས་མེད་བབ་ཆག་ཀྱི་རྣམ་པ་ཅན་གྱི་དགེ་ལས་ཁག་ལ་འཇུག་ན་སྟོན་པ་མཆོག་ཐུགས་ལྷག་པར་དགྱེས་ངེས་རེད།   

ཡང་འགའ་ཞིག་གིས་ནམ་ཡིན་རུང་ཆོས་ལུགས་ཀྱི་བྱེད་སྒོ་ལ་ཁ་གཡར་ནས་ཆབ་སྲིད་ཀྱི་ལས་ཀར་ཐེ་གཏོགས་བྱེད་བཞིན་ཡོད།   དེས་སངས་རྒྱས་ཆོས་ལུགས་ཀྱི་བྱམས་བརྩེ་དང་ཞི་བདེའི་དྲི་བསུང་མི་མཐོང་བར་བྱེད་པའི་ཉེན་ཁ་ཡོད།   དེས་ན་སངས་རྒྱས་རྗེས་དྲན་བྱེད་པ་ནི་སྟོན་པ་སངས་རྒྱས་ཀྱི་བཀའ་དྲིན་དང་།   ཡོན་ཏན།  གདམ་ངག་སོགས་རྗེས་དྲན་བྱེད་པའི་དུས་ཡིན་གྱི།  

ཆབ་སྲིད་ཀྱི་གནད་དོན་ག་གེ་མོར་རྗེས་དྲན་བྱེད་པའི་དུས་མིན།   ཁྲིམས་དང་སྲོལ་མེད་པའི་སྤྱི་ཚོགས་ནི་མུན་ནག་གི་འཇིག་རྟེན་ཉག་གཅིག་ཡིན་པས།   རྒྱལ་ཁབ་གང་ཡིན་རུང་ཁྲིམས་དང་སྲོལ་ཡོད་ངེས་ཡིན་ལ་དེ་ནི་ཡོད་ཀྱང་དགོས་པ་ཞིག་རེད།   འོན་ཀྱང་དེའི་དྲང་ལྡོག་གང་གི་ཡང་རྗེས་དྲན་བྱེད་པའི་དུས་མིན་པས་ཆབ་སྲིད་མིན་པའི་སངས་རྒྱས་རྗེས་དྲན་དག་མ་ཞིག་བྱེད་དགོས།  

ཞེས་རྫོང་སར་ཁམས་བྱེའི་སློབ་གླིང་དུ་གཞན་ཕན་སྙིང་པོའམ་བསམ་འགྲུབ་ཀྱིས་༢༠༡༨་ལོའི་ས་ག་ཟླ་བའི་ཚེས་བཅུ་བཞི་ཉིན་བྲིས་སོ། 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*