འབུལ་ཐང་དགོན་དུ་གདོང་ཐོག་བླ་མ་ཀུན་བཟང་ནས་བཀའ་སློབ།

གདོང་ཐོག་དགོན་གྱི་བླ་མ་ཀུན་བཟང་རྡོ་རྗེ་མཆོག་ནས་འབུམ་ཐང་དགོན་དུ་ཞི་བདེ་འབོད་བསྐུལ་ཚོགས་པའི་གོ་སྒྲིག་འོག་ཆོས་བརྒྱུད་ཁག་གི་སྐུ་ཚབ་ལྷན་འཛོམས་ཚོགས་ཆེན་སྐབས་སུ་བཀའ་སློབ།
 
དེ་རིང་ཞི་བདེ་འབོད་བསྐུལ་ཚོགས་པའི་ཚོགས་མི་ཡོངས་དང་ལྷག་པར་དུ་འབུམ་ཐང་དགོན་པའི་བླ་སྤྲུལ་དགེ་འདུན་འདུས་པ་རྒྱ་མཚོ་ཡོངས་དང་ཆོས་བརྒྱུད་ཁག་གི་སྐུ་ཚབ་རྣམ་པ་དང་།  འཕགས་པའི་དགེ་འདུན་གྱི་སྡེ། རྒྱ་ཆེ་མང་ཚོགས་ཡོངས་ལ་ཐོག་མ་འཚམས་འདྲིའི་བཀྲ་ཤེས་བདེ་ལེགས།  དེ་རིང་ཞི་བདེ་འབོད་བསྐུལ་ཚོགས་པའི་གུས་པར་གོ་སྐབས་བཟང་པོ་འདི་འདྲ་ཞིག་སྤྲོད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་།  ཆབས་གཅིག་ཏུ་བཀྲ་ཤིས་བདེ་ལེགས་ཞུ་བ་ཡིན།  དེ་རིང་ང་ལྟ་བུ་ཞིག་གིས་མཁས་པའི་ཚོགས་འདི་འདྲ་ཞིག་ལ་གཏམ་བཤད་བྱེད་ན་ངོ་ཚ་དགོས་པ་རེད།  དཔེར་ན།  ཤེས་མེད་ཁྲི་ཐོག་ངོ་མཚར་ཆེ་ཟེར་བ་འདྲ་བོ་རེད་འདུག་དྲན།   ང་ལ་ཡོན་ཏན་གང་ཅི་ཡང་ཐོག་ནས་ཡོད་པ་མ་རེད། ཡིན་ན་ཡང་གོ་སྐབས་བཟང་པོ་དང་ཆེས་མཐོང་ཆེན་པོས་མགྲོན་བརྡ་གནང་བ་བཅས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ།  དེ་བཞིན་དུ་ཚོགས་པ་ཁག་གིས་རེ་བསྐུལ་དང་རང་ཉིད་ཀྱིས་སེམས་གཏད་དེ་དོ་སྣང་བྱེད་པ་དང་།  ཚིག་གཅིག་མ་གཏོགས་བཤད་མ་ཤེས་ན་ཡང་ལྷག་བསམ་རྣམ་དག་དང་རང་སེམས་དཀར་པོས་སྒོ་ནས་བཤད་ཁུལ་ཡིན།  ད་རན་འདིར་ཡང་གོ་སྐབས་བཟང་པོ་འདི་འདྲ་ཞིག་རག་པ་འདི་ཡང་ཞི་བདེ་འབོད་བསྐུལ་ཚོགས་པའི་བཀའ་དྲིན་དང་རང་ཉིད་ཀྱི་བསོད་ནམས་རེད་བསམ་གྱི་ཡོད་ལ། གང་བསམ་པ་དེ་ཡང་ཞུ་རྒྱུ་ཡིན།  ཁ་རྩང་ཁ་ཉིན་ང་རྫ་ཁོག་ལུང་པ་ལ་ཆོས་ཕྱོགས་ཀྱི་བྱ་བ་ཞིག་དང་འབྲེལ་དེ་ལ་སོང་བ་ཡིན།  ད་ནས་ང་དེ་རིང་འབུམ་ཐང་དགོན་ལ་ཡོང་བར་ཡིན།   ད་འདི་ན་གཅིག་བལྟ་ཡོང་དུས་བོད་ཀྱི་གྲྭ་པ་ཡིན་པའི་ཆ་ནས། མང་ཚོགས་འདི་འདྲ་ཞིག་ལ་སྐད་ཆ་ཁ་ཤས་བཤད་ན་ཕན་པའི་བསམ་པ་ཞིག་འཁོར་བྱུང་། ད་རན་མཁན་སྤྲུལ་རྣམ་པས་ཁ་རྩང་དང་དེ་རིང་བཅས་ལ་བགྲོ་གླེང་ཐད་ལ་ཆོས་དང་ཟང་ཟིང་བསྐོར་ལ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་སོགས་ཀྱི་བཀའ་སློབ་ཧ་ཅང་ཡག་པོ་དང་གནད་ལ་སྨིན་པའི་བཀའ་སློབ་ཟབ་མོ་གནང་སོང་། ཡིན་ན་ཡང་མང་ཚོགས་ངོས་ནས་ལག་ལེན་བལྟ་དགོས་པ་དང་བཀའ་སློབ་ལ་བརྩི་སྲུང་དགོས་རྒྱུ་ཞིག་ལ་ངས་དགོས་འདུག་པ་དྲན་བྱུང་། དེ་ཅི་ཡིན་ཟེར་ན།  དཔེར་ན། ཞིང་པའི་ཐོག་ནས་བཤད་ན།  མ་གཞི་ང་ཞི་བདེ་ཚོགས་པ་ཚོགས་ཆེན་ཐེངས་གསུམ་གྱི་རིང་ལ་ང་ཚོགས་བཅར་བྱེད་རྒྱུ་བྱུང་།  ཡིན་ན་ཡང་ངས་ཞུ་བྱ་གཅིག་མང་ཙམ་ཞུ་བ་ཡིན།  མཚམས་རེར་ཚིག་ཐོག་ཚིག་མཇུག་དེ་འདྲ་མང་པོ་ཞིག་རེད་འགྲོ་བ་དང་ཡག་པོ་ཞིག་ཅི་བཤད་མི་ཤེས།  ཡིན་ན་ཡང་ང་རང་གིས་ལྷག་བསམ་དཀར་པོས་སྒོ་ནས་ཡང་ནས་ཡང་དུ་ཞུ་བ་ཡིན།  ངས་དང་པོ་ཞིང་ལས་ཀྱི་བསྐོར་ཞུ་བསམ་པ་བྱུང་།  དེ་རིང་སང་ཉིན་དཀར་མཛེས་ལུང་པ་ལ་སྔོན་མ་ཞིང་ས་སྒྲོ་བ་བརྒྱ་ཡི་ས་ཆ་གྲོ་ནས་སོགས་བཏབ་ཀྱི་ཡོད་ན།  དེ་རིང་སང་ཉིན་གྲོ་ནས་སོགས་སྒྲོ་བ་བཅུའི་ས་ཆ་མ་གཏོགས་ཞིང་ས་བཏབ་ཡོད་ཀྱི་མེད།  དེ་དང་འདྲ་བའི་དཀར་མཛེས་ལུང་པ་ལ་སྔར་དང་མི་འདྲ་བ་དང་མི་ཅི་འདྲ་ཞིང་མང་དུ་འགྲོ་བཞིན་འདུག  དེ་འདྲ་བྱེད་ན་མ་འོངས་པར་དཀར་མཛེས་པ་ལ་འཚོ་བའི་ཐོག་དཀའ་ངལ་ག་འདྲ་ཞིག་འོང་ས་འདུག་གམ།  དཀར་མཛེས་ལུང་པའི་མི་མང་རྣམས་ཀྱི་ཞིང་ལས་བྱེད་དགོས་ས་འདུག་མི་འདུག  དེ་ཞིང་ལས་ཀྱི་ཐོག་ནས་དེ་འདྲ་ཞིག་ཞུ་རྒྱུ་ཡིན།ལོ་ཁ་ཤས་ཤིག་གི་སྔོན་དང་ད་ལོ་ལྟ་བུ་ལ་ཆགས་གཞག་ནས་བཤད་ན་དུད་ཚང་འགའ་ཞིག་ལ་སྦྱིན་སྲེག་བླུག་འགྲོ་དུས་སྦྱིན་སྲེག་གི་མཆོད་རྫས་གྲོ་ནས་སྲན་མ་སོགས་དགོས་པ་རེད།  རེད་དེ་སྦྱིན་སྲེག་ཚོགས་སའི་བདག་པོས་དགེན་ལགས་གྲོ་མི་འདུག  ནས་ཀྱི་གྲོའི་ཚབ་བྱེད་རོགས་ཟེར་གྱི་བཞིན་འདུག  དེ་འདྲའི་སྐད་ཆ་དེ་ཞིང་པ་ཞིག་གིས་ངོས་ནས་བཤད་ན་ངོ་ཚ་དགོས་པ་རེད།  དེ་རེད་འདུག་དང་མི་འདུག་གམ།  དེ་ང་ཚོ་ཞིང་པ་ཚོ་ངོ་ཚ་དགོས་པ་རེད་འགི་ཨ།  དེ་འདྲ་ནི་ངོ་ཚ་དགོས་པ་རེད་མི་འདུག་གམ།  ད་ང་ཚོ་འབྲོག་པའི་ས་ཕྱོགས་ནས་བཤད་ན།   འདིར་རྫ་ཁོག་ལུང་པ་སྨད་མི་ཡུལ་ལུང་པའི་ཚྭ་ཡི་མར་དང་འདིར་མར་བར་དུ་ཕྱོགས་ཙམ་ལྟོས་ན།  སྔོན་མ་འདིའི་པྱོགས་སུ་སྒོ་ཟོག་དེ་སྟོང་གི་ཡར་མང་བ་ལས་ཉུང་བ་ཡོད་རྒྱུ་མ་རེད་ངས་དྲན་གྱིས་འདུག   ད་དེ་རིང་ཁ་སང་སྒོ་ཟོག་ཉིས་བརྒྱ་སུམ་བརྒྱ་ཨེ་ཡོད་ན་བསམ་གྱི་འདུག  ཡིན་ན་ཡང་ང་ལ་ཆ་རྒྱུས་སོགས་མང་པོ་མེད།  ངས་ཚོད་དཔག་བྱེད་ནས་འབྲོག་སྡེ་ཕྱོགས་སུ་དེ་འདྲ་འགྱུར་བ་འགྲོ་ཡོད་ས་བསམ་གྱིས་འདུག  ང་ཚོའི་འབྲོག་པ་ཡིན་ཟེར་ནས་ལྷས་རའི་ནང་དུ་ཕྱུགས་ཟོག་གི་སྤུ་གཅིག་མཐོང་རྒྱུ་མེད་པ་བྱེད་ནས་སྡོད་ན་འབྲོག་པ་ཚོ་ངོ་ཚ་འོང་ས་མི་འདུག་གམ།  ད་ཞོ་དང་འོ་མ་རྫ་མ་གང་ཙམ་སྦྱིན་ན་ཤི་ན་ཡང་མི་བརྗེད་ཟེར་དགོས་སའི་དུས་ཚོད་ཆགས་ཚར་དུས།  ང་ཚོའི་བོད་ལ་དཀའ་ངལ་ཅི་འདྲ་ཞིག་འཕྲད་པ་འདུག་གམ། དེ་རིང་སང་ཉིན་ཁྲོམ་ལ་ཞོ་དང་འོ་མ་རྒྱ་མ་བརྒྱ་ལ་སྒོར་མོ་བརྒྱད་བརྒྱ་དང་དགུ་བརྒྱ་རེད་འདུག  ད་འབྲོག་པའི་ཞོ་དང་འོ་མ་ཁྲོམ་ནས་ཉོས་དགོས་ན་དེ་འབྲོག་པའི་རྗེས་ལུས་དང་འབྲོག་པ་ངོ་ཚ་རེད་མི་འདུག་གམ།  ང་ཚོ་འབྲོག་པའི་འཚོ་ལ་དཀའ་ངལ་ཅི་འདྲ་འཕྲད་པ་འདུག  གཙོ་བོ་ང་ཚོ་བོད་དེ་ཞིང་པ་དང་འབྲོག་པ་གཉིས་ལ་བརྟེན་ནས་འཚོ་བ་སྐྱེས་དགོས་པ་རེད།  བོད་རིགས་འདི་ལ་གནས་སྟངས་འདི་འདྲ་ཞིག་ལ་ཐུག་ཡོད་དུས།  ཚང་མས་ཐུགས་བསམ་བཞེས་དགོས་པ་འདུག་དང་མི་འདུག  དཔེར་ཆགས་གཞག་ན་ང་ཁ་སང་རྫ་ཁོག་ལུང་པའི་ནང་དུ་ཡར་འོང་དུས་ལམ་དུ་རྟ་གཅིག་གཉིས་ཙམ་ལས་མཐོང་རྒྱུ་མི་འདུག    ཐག་ཉེ་བའི་ལམ་བར་དུ་རྟ་ཟོག་ཅི་འདྲ་འདུག་བོད་ཀྱི་ཁང་པ་ཅི་འདྲ་འདུག  གུར་ཅི་འདྲ་འདུག་གམ། ང་ཚོ་བོད་ཀྱི་སྲོལ་རྒྱུན་གྱི་རིག་གཞུང་ཐུར་ཤོར་འགྲོ་འདུག་དང་མི་འདུག   བོད་ཀྱི་ཆོས་དང་རིག་གཞུང་དར་སྤེལ་དང་ཉམས་ཆགས་གང་འགྲོ་འདུག་དང་མི་འདུག  སྲོལ་རྒྱུན་རིག་གཞུང་དར་སྤེལ་གཏོང་དང་མི་གཏོང་ང་ཚོའི་ལག་པའི་ནང་དུ་འདུག་གཱ།  ད་དེང་སང་ཁང་པའི་སྒོ་འགྲམ་དུ་རྟ་ཟོག་སོགས་བཏགས་པ་ཕར་གཞག་ནས་རླངས་འཁོར་དང་འཕྲིན་རྟ་དཀར་ཁྲ་དམར་ཁྲ་ཁ་ཤས་གཞག་ནས་སྡོད་འདུག་གཱ།  འཕྲིན་རྟ་དེའི་གོང་ལ་སྒྲ་སྒམ་ཞིག་བཏགས་ནས་སྒོ་སྒྲ་དང་ཆགས་སྒྲ་སོགས་ཀྱིས་འུར་སྒྲ་གྲགས་ནས་ཡར་ཡར་རྒྱུགས་མར་མར་རྒྱུགས་ནས་འུར་སྒྲས་གནམ་ས་ཁེངས་པ་ལྟ་བུ་བཞིན་འགྲོ་འདུག་གཱ།  དེ་དང་ཁ་སང་ཁྲོམ་ལ་གཅིག་ཕྱིན་པ་ཡིན་བོད་པ་ཨ་ཕ་རྒས་པོ་ཞིག་གིས་འཕྲིན་རྟ་གཅིག་གི་རྒྱབ་ཏུ་ཕྲུ་གུ་གཅིག་གཞག་ནས་ཁྲོམ་ལ་བཞོན་ནས་འགྲོ་བཞིན་འདུག    འཕྲིན་རྟ་དེའི་སྟེང་དུ་སྒྲ་སྒམ་ཞིག་བཏགས་འདུག  གཞས་ཚིག་འགྲོ་ཡ་འགྲོ་ཡ་ཞེས་པའི་སྐད་ཆེན་པོ་གཏོང་ནས་འགྲོ་བཞིན་འདུག  དེ་ནས་ཡར་ཙམ་ལས་འགྲོ་ཐོབ་མ་སོང་ཕ་རྒས་དང་ཕྲུག་གུ་གཉིས་ཆ་ས་ལ་འགྲེ་སོང་།  འདི་འདྲ་ནི་བོད་ཀྱི་རྐང་འདྲེན་རེད་འདུག་དང་མི་འདུག   རླངས་འཁོར་དང་འཕྲིན་རྟ་སོགས་གཏོང་ཤེས་པ་བོད་མི་རིགས་ཀྱི་གཟི་བརྗིད་རེད། ཡོན་ཏན་ཡང་རེད།  དཔེར་ན་ཁྱེད་ཀྱི་རྒྱ་སྐད་རྒྱ་ཡིག་ཤེས་ནས་བཤད་ཐུབ་པ་དང་། དབྱིན་ཇི་བཤད་ཐུབ་པ་ཡོད་ན་གཟི་བརྗིད་རེད། ངོ་མ་རེད། བོད་སྐད་བཤད་ན་བོད་སྐད་ཡང་དག་བཤད།  དེ་ང་ཚོའི་ཕ་མེས་ཡང་མེས་ཀྱི་རིག་གཞུང་རེད། མ་ཤེས་ན་ངོ་ཚོ་དགོས་པ་རེད་གདའ།  ངས་དེ་འདྲ་བསམ་གྱི་འདུག  འུར་སྒྲས་གནམ་ས་ཁེངས་པ་འདྲ་ཡར་ཡར་རྒྱུགས་མར་མར་རྒྱུགས་ནས་འགྲོ་ན་རྒས་འཁོགས་ཕོ་མོ་རྣམས་སྙིང་ནད་འོང་བཅུག་ས་རེད།  དེ་འདྲའི་རིགས་བྱེད་དགོས་རྩ་ཉིད་ནས་མི་འགི།  བོད་རང་གི་ལམ་དང་ལུགས་སྲོལ་ཅི་འདྲ་ཡོད་ན་དེ་འདྲ་བྱེད་ན་འགྲོ་ན་སྐྱོན་ཅི་ཡང་མི་འགི།  བོད་རང་གི་ཆོས་དང་འཇིག་རྟེན་གཉིས་ཆ་དང་མཐུན་པ་བྱེད་ནས་འགྲོ་འགྲིག་གི་འདུག་གཱ།  དེ་རིང་ངས་སྐད་ཆ་ཚིག་ཁ་ཤས་བཤད་རྒྱུ་འདི་ལྷག་བསམ་དཀར་པོས་སྒོ་ནས་ང་ཚོ་བོད་ཀྱི་ཞིང་འབྲོག་གཉིས་ལ་བརྟེན་ནས་འཚོ་བ་སྤྱོད་མཁན་ཡོངས་ལ་ཞུ་བ་ཡིན།  བོད་མི་ས་ཡ་དྲུག་གི་དོན་དུ་དམིགས་ནས་ཞུ་བ་ཡིན།  བོད་མི་འདི་རྣམས་འཚོ་བ་ཞིང་འབྲོག་གཉིས་ལ་བརྟེན་ནས་གནས་ཡོད་པ་ནི། བླ་མ་གོང་མ་རྣམས་དང་བླ་སྤྲུལ་མཁན་པོ་དགེ་བཤེས་རྣམས་ཀྱིས་ཡང་ནས་ཡང་དུ་བཀའ་སློབ་གསུངས་ཟིན་པ་རེད་ལ་གསུངས་བཞིན་པ་ཡང་རེད། དེའི་ཕྱིར་ངས་འདིར་དམིགས་བསལ་ཞུ་རྒྱུ་ཤེས་ཀྱི་མི་འདུག་ལ།  ཞུ་དགོས་ཡ་ཡང་མི་འདུག  ཡིན་ནས་ཡང་དེ་རིང་སང་ཉིན་དཀར་མཛེས་ལུང་པ་ནང་ཁོར་ཡུག་སྲུང་སྐྱོབ་ཡིན་ཟེར་ནས་ཞིང་ཁ་ནང་དུ་རྩ་དང་ཚེར་མ་བཏབ་བཞིན་འདུག  དེ་འདྲའི་རིགས་ནི་གནས་སྐབས་སུ་ཁོར་ཡུག་ལ་མི་ཕན།  ཕུགས་སུ་ཞིང་ཁ་ལ་ཡང་མི་ཕན།  གང་ལྟར་བསམ་བློ་གཏོང་ཤེས་མཁན་ཞིག་ཡིན་ན་ཅི་གང་ཡང་ཕན་ཐོག་མི་འདུག་ལ་རྒྱུ་མཚན་ཡང་མི་འདུག  ད་ང་ཚོས་གཟིགས་དང་མ་འོངས་པ་ང་རང་ཚོ་ག་འདྲ་ཞིག་གནས་ཐུབ་ས་རེད།  གནས་སྟངས་ག་འདྲ་ཞིག་ཆགས་ས་རེད།  ང་ཚོའི་དུས་ཚོད་གཅིག་གི་ནང་དུ་ཞིང་ཁ་ལ་འབྲུ་རིགས་སོགས་མ་བཏབ་ན་གནས་སྟངས་ཅི་འདྲ་ཡོང་ས་རེད།  འདས་པའི་གནས་སྟངས་ཁ་ཤས་བོད་མི་མགོ་ནག་ཡོངས་ལ་ཆགས་སྒོ་དེ་འདྲ་འཕྲད་མྱོང་བ་རེད། ངས་བཤད་ཅི་ལ་དགོས།  མ་འོངས་པར་དེ་འདྲ་མི་ཡོང་བར་ང་ཚོས་ད་ལྟ་ནས་གཟབ་གཟབ་དགོས་པ་རེད་དྲན་གྱི་འདུག སྤྱིར་བཏང་དེང་དང་ནས་དང་སྲན་མ་སོགས་ཏོག་ཙམ་ཡོད་ན་ཡང་གྲོ་ཡི་རིགས་ཕལ་ཆེར་མེད་པ་ཆགས་འགྲོ་བཞིན་གཱ།  དུས་ཚོད་གཅིག་གི་ནང་དུ་གྲོ་མེད་པ་ཆགས་ཚར་དུས་དཀར་མཛེས་ལུང་པའི་ཅི་ཟ་དགོས་རེད་དམ། དེ་འདྲ་ཡི་རིགས་ལ་ང་ཚོས་ངེས་པར་དུ་བསམ་བློ་གཏོང་དགོས་པ་གལ་ཆེ་པོ་རེད་འགི།  དེ་དང་འབྲེལ་བའི་བླ་མ་དང་མཁན་པོ་དགེ་བཤེས་ཚོ་དང་རྒྱ་ཆེ་མང་ཚོགས་ཡོངས་ནས་ཞིང་འབྲོག་གི་ཐོན་སྐྱེད་སོགས་ལ་རྒྱབ་སྐྱོར་བྱེད་དགོས་པ་རེད།  ཞིང་འབྲོག་གི་འཚོ་བར་བརྟེན་མཁན་མི་སེར་ཚང་མས་ཞིང་ལས་འབྲོག་ལས་བྱེད་དགོས་པ་འདུག  སྔོན་མ་བོད་ཀྱི་མེས་པོ་དམ་པ་ཚོས་རྟ་ནོར་ལུག་གསུམ་གྱི་འཚོ་བ་དང་ཞིང་འབྲོག་གཉིས་ཀྱི་ཁ་ཕྱོགས་ནས་སྔོན་ཐོབ་ཅན་གྱི་རྒྱལ་ཁབ་དང་མཉམ་གཤིབས་བྱེད་ནས་ད་ལྟའི་བར་དུ་སླེབས་ཡོད་རེད། ད་ང་ཚོའི་མི་རབས་སྐབས་སུ་མེས་པོ་དམ་པ་ཚོས་ལམ་དང་ལུགས་སྲོལ་ཚང་མ་མེད་པ་བྱེད་ནས་དེང་རབས་ཀྱི་ཁ་ཕྱོགས་དང་མཐུན་དགོས་ལུགས་བཤད་ནས་རྟ་ནོར་ལུག་དང་ཞིང་འབྲོག་གི་ཐོན་སྐྱེད་མི་དགོས་མདོག་མདོག་བཤད་ནས་རླངས་འཁོར་དང་འཕྲིན་རྟ།  འབྲས་སོགས་ཡོད་ན་འགྲིག་མདོག་མདོག་བྱེད་ནས་སྡོད་ན་མ་འོངས་པའི་མི་རབས་དང་ཕྲུག་གུ་ཚོའི་སྐབས་སུ་ཅི་འདྲ་ཆགས་འགྲོ་ས་རེད་ཨཱ།  དེང་སང་ཞིང་པ་ཚོས་ཞིང་བྱེད་ན་དཀའ་ངལ་ཡོད་ལུགས་དང་ཡོང་འབབ་མི་འདུག  ཁེ་གཙང་མང་པོ་མི་འདུག་རྐྱང་རྐྱང་བཤད་ནས་དེང་རབས་ཀྱི་ཁ་ཕྱོགས་ལ་གཡའ་བརྒྱབ་པ་ནང་བཞིན་རེད་འདུག  དེའི་ཕྱིར་བླ་སྤྲུལ་རྣམ་པ་དང་མཁན་པོ་དང་དགེ་བཤེས་སོགས་ཀྱིས་སློབ་གསོ་གནང་བའི་དུས་ལ་སླེབས་དྲན།  ངས་དྲན་ཚེ་སྔོན་མ་དཀར་མཛེས་ཁང་གསར་སྐྱབས་མགོན་རིན་པོ་ཆེ་མཆོག་གི་སྤུན་མཆེད་རྒྱུད་སྨད་མཁན་རིན་པོ་ཐུབ་སྟོབས་མགོན་པོ་མཆོག་ནས་དཀར་མཛེས་ལུང་པ་ལ་རྐུན་མ་དང་ཇག་པ།  ཁྲམ་པ་བྱེད་མི་ཉན་པ།  ཆང་རག་དང་སྣ་ཐ།  དུ་བ་མ་འཐེན་ཟེར་བ་སོགས་ཀྱི་བཀའ་སློབ་སློབ་གསོ་གནང་སོང་།  རྐུན་ཇག་ཁྲམ་གསུམ།  སྣ་དུ་ཆང་གསུམ་སོགས་ཀྱི་མི་མང་ངོས་ནས་ཁས་ལེན་བྱེད་མཁན་མང་པོ་བྱུང་སོང་།   དེ་གནང་བཞིན་བླ་ཆེན་རྣམ་པས་སློབ་གསོ་གནང་རོགས།  དེ་བཞིན་དུ་ཆོས་བརྒྱུད་ཁག་གི་བླ་ཆེན་དང་དགེ་འདུན་ཚོ་ཕན་ཚུན་མཐུན་ལམ་དང་གུས་ཞབས།  རིས་མེད་ཆོས་ལུགས་ལ་དོ་སྣང་བྱེད་དགོས་པ་དང་།  བཀའ་ལུང་དབང་གསུམ་དང་ཉམས་ལེན་སོགས་གང་ཐུབ་བྱེད་དགོས།  ཆོས་ཕྱོགས་ཀྱི་འོས་འགན་སྣ་གཅིག་བྱེད་ཐུབ་ན་ཡང་བྱེད་གནང་རོགས།   མི་མང་ཚོས་ཡིན་ན་ཡང་བླ་མ་དང་གྲྭ་པ་སོགས་ལ་གུས་ཞབས་དང་དགོན་སྡེ་གྲྭ་ཚང་ཁག་ལ་མཆོད་མཇལ་ཕེབས་སྐབས་སུ་གུས་ཞབས་དང་ལྡན་པའི་ཐོག་ནས་འགྲོ་དགོས་པ་ཧ་ཅང་གལ་ཆེན་པོ་རེད། དེང་སང་དགོན་སྡེ་གྲྭ་ཚང་ནང་དུ་མཆོད་མཇལ་ཕེབས་སྐབས་སུ་ཁ་རས་རྒྱག་པ་དང་མགོ་ལ་ཞྭ་མོ་སོགས་གྱོན་ནས་འགྲོ་བཞིན་འདུག  དུ་བ་དང་སྣ་ཐ་འཐེན་བཞིན་འདུག  ཆང་རག་དྲི་མ་ཁྱབ་ནས་འགྲོ་བ་སོགས་མང་པོ་མཐོང་རྒྱུ་འདུག  གླུ་ལེན་པ་དང་སྐད་སྒྲ་རྒྱག་པ་སོགས་ཡང་མང་པོ་འདུག   དེ་ཚོ་ལས་དགེ་སྡིག་ཁས་ལེན་མཁན་ཞིག་ཡིན་ན་ཉེས་པ་དང་སྡིག་པ་ཆེན་པོ་རེད། དགེ་བ་བྱེད་ས་ལ་སྡིག་པ་བྱེད་ན་ཅི་ལ་ཕན་འདུག  རྗེས་སུ་གཟབ་གཟབ་བྱེད་རོགས།  དོ་སྣང་བྱེད་དགོས་ཀྱི་འདུག  སྔོན་མ་རིག་གནས་གསར་བརྗེ་ཟེར་བའི་སྐབས་སུ་ཆོས་ཀྱི་གནས་བབས་དང་ལམ་སྲོལ་སོགས་ལ་དཀའ་ངལ་བྱུང་ཡོད་པ་རེད་དེ།  རྩ་མེད་འགྲོ་ཐུབ་ཡོད་མ་རེད།   ད་དེང་སང་བྱེད་ལུགས་ལ་བལྟོས་ནས་ཉེས་ཁ་རེད་འདུག་དྲན། མི་རབས་རྒན་པ་ཚོས་དྲན་ཚེ་རེད།  མི་ལོ་ལྔ་བཅུ་ཡར་སྔོན་གྱི་གནས་སྟངས་ཅི་འདྲ་ཞིག་སླེབས་ཡོད་པ་དང་དཀའ་ངལ་ཅི་འདྲ་ཞིག་འཕྲད་ཡོད་པར་མི་ཚང་མས་ཤེས་ས་རེད།  གང་ལྟར་རང་མི་རིགས་ཀྱི་ཆོས་དང་རིག་གཞུང་སོགས་ལ་འབད་བརྩོན་དང་དོ་སྣང་གནང་རྒྱུ་དང་། ཞིང་འབྲོག་གི་ཐོན་སྐྱེད་སོགས་ལ་ལས་ཀ་བྱེད་དགོས་པ་རེད།  དེ་ནི་མི་རིགས་ཀྱི་འཚོ་བའི་ཐོན་སྐྱེད་དང་སྔོན་བྱོན་དམ་པ་ཚོས་ཕ་ཆོས་རེད།  རྐུན་ཇག་ཁྲམ་སོགས་དང་འཛིང་རེས་རྒྱག་རེས་བྱེད་མི་ཉན། དེ་འདྲ་བྱེད་ན་མི་རིགས་ཀྱི་ཕམ་ཁ་རེད་ལ།  མཐུན་ལམ་ལ་གནོན་པ་རེད།  བླ་མ་གྲྭ་པ་སོགས་ལ་གུས་ཞབས་དང་གྲོང་པ་ཁྱིམ་མཚེས་སོགས་དང་འགྲིག་པོ་མཐུན་པོ་བྱེད་དགོས།  ཉིན་གཅིག་མ་བྱུང་ན་ཡང་དགེ་བ་རེ་བྱེད་ཨེ་ཐུབ་བལྟོས། སེམས་པ་བཟང་པོ་བྱོས། ཉིན་རེ་ནས་ཉིན་རེ་ལ་མི་ཚེ་རྫོགས་འགྲོ་བཞིན་རེད།  རང་རང་སོ་སོས་རང་ཉིད་ལ་བརྟག་དཔྱད་དང་ཉིན་རེར་ལས་ཀ་ཡག་པོ་ཅི་འདྲ་བྱེད་ཡོད་མེད་བཅས་ལ་བསམ་བློ་གཏོང་བ་དང་ཉིན་རེར་ལས་ཀ་སྡུག་ཅག་ཅི་འདྲ་བྱེད་འདུག་བཅས་ལ་ཡང་བསམ་བློ་གཏོང་དགོས་པ་རེད། ཞིང་འབྲོག་ཚོས་སྒོ་ཟོག་ཅི་ཙམ་ན་དེ་ཙམ་བདག་པོ་ཡག་པོ་རྒྱག་རོགས།  ཞིང་ཁ་ཅི་ཙམ་ཆེ་ན་དེ་ཙམ་ལས་ཀ་མུས་མཐུད་ནས་ལས་རོགས། ད་ངས་མང་པོ་བཤད་རྒྱུ་མིན།  ད་རན་གོ་སྐབས་བཟང་པོ་འདི་འདྲ་ཞིག་གནང་བ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།   རྣམ་པ་ལྷན་རྒྱས་ཚོ་ལ་བཀྲ་ཤིས་བདེ་ལེགས།  

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*