ཀླུ་སྡིངས( ལྡིང) མཁན་ཆེན་མཆོག་གི་སེམས་བསྐྱེད་ཇི་ལྟར་སྐྱེད་ཚུལ་གྱི་གདམས་ངག་ཉམས་ཁྲིད།

སེམས་བསྐྱེད་ཀྱི་ངོ་བོ་དང་དབྱེ་བ།

དེའི་རྗེས་སུ་སེམས་བསྐྱེད་བྱས་པ་ཡིན་ན། སེམས་ཅད་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་སྙམ་པ། ཀུན་རྫོབ་བྱང་ཆུབ་ཀྱི་སེམས་དེ་ལ་ཡང་། དང་པོ་སྨོན་པ་སེམས་བསྐྱེད་རེད། སེམས་ཅན་ཐམས་ཅད་ཀྱི་དོན་ངས་བསྒྲུབ་ཐུབ་པ་བྱེད་དགོས་བསམ་པ་སེམས་བསྐྱེད་པ་སྨོན་ལམ་བརྒྱབ་པ་འདྲ་བོ་ཞིག་རེད། དེའི་ཆེད་དུ་བདག་གིས་ལམ་ཟབ་མོ་ཉམས་སུ་བླངས་བར་བགྱི་ཞེས་པ་དེ་འཇུག་པ་སེམས་བསྐྱེད་རེད། ལམ་ལ་དངོས་སུ་ཞུགས་ཏེ་ལམ་ཉམས་སུ་ལེན་པ་བྱང་ཆུབ་ཀྱི་སེམས་དངོས་སུ་སྒོམ་པ་དེ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་བསྐྱེད་རེད། དེ་ལ་སྨོན་པའི་སེམས་བསྐྱེད་དང་། འཇུག་པའི་སེམས་བསྐྱེད་གཉིས་ཡོད་རེད། མཐར་སྐྱབས་སུ་འགྲོ་སའི་ཡུལ་སྐྱབས་གནས་དཀོན་མཆོག་གསུམ་ ལ་སོགས་པ་དེ་དང་། སྐྱབས་སུ་འགྲོ་བ་པོ་རང་ཉིད་དང་། སེམས་ཅན་དེ་དག་ཐམས་ཅད་བསྐྱབ་བྱ་སྐྱོབ་བྱེད་ཐམས་ཅད་དང་བྲལ་བ་འཛིན་མེད་དམ་རང་སེམས་གཅིག་གི་ངང་དུ་མཉམ་པར་བཞག་པ་དེ་དོན་དམ་པའི་སེམས་བསྐྱེད་རེད། དེ་འདྲའི་སྒོ་ནས་སྐྱབས་འགྲོ་དང་སེམས་བསྐྱེད་དེ་ཡང་དག་པ་བྱས། སྐྱབས་འགྲོ་དེ་ལམ་ཐམས་ཅད་ཀྱི་རྟེན་རེད། ལམ་ལོག་པ་ལས་ཁྱད་པར་དུ་བྱས་པ་འཇིག་རྟེན་པའི་ལྷ་ལ་སོགས་པ། རང་ཉིད་མགོ་མ་ཐོན་པ་དེ་ལ་སྐྱབས་སུ་སོང་ན། གནས་སྐབས་ལ་སྐྱབས་བྱེད་པ་མ་གཏོགས་མཐར་ཐུག་གི་སྐྱབས་བྱེད་ཐུབ་ཀྱི་ཡོད་མ་རེད། སངས་རྒྱས་སྐྱབས་གནས་མཐར་ཐུག་པ་དེ་ལ་སྐྱབས་སུ་འགྲོ་དུས། རང་ལ་གནས་སྐབས་དང་མཐར་ཐུག་གཉིས་ཀ་ལ་ཕན་བདེ་ཐམས་ཅད་སྟེར་ནུས་པ་རེད། སངས་རྒྱས་དེ་ལ་སྐྱབས་སུ་འགྲོ་དུས། དེས་རང་ལ་ཡོན་ཏན་ཕུན་སུམ་ཚོགས་པ་ཞིག་སྐྱབས་ཐུབ་པའི་ནུས་པ་ཡོད་པ་དེ་འདྲ་ཞིག་རེད། དཔེར་ན་དཔོན་པོ་ཆེན་པོར་བརྟེན་པ་ནང་བཞིན་རེད། དཔོན་པོ་ཆུང་ཆུང་གཅིག་ལ་བརྟེན་ན། གནས་སྐབས་ཅུང་ཙམ་ཕན་ཐོགས་ན་མ་གཏོགས། ཆེ་ས་ནས་སྐྱབས་ཐུབ་ཀྱི་མ་རེད། དེ་དང་གཅིག་པ་རེད། དེ་འདྲའི་སྒོ་ནས་སྐྱབས་གནས་མཐར་ཐུག་དེ་བྱེད་དགོས་གསུངས།

རྒྱུན་གྱི་བསམ་བློའི་ཁྱད་པར།

དུས་རྒྱུན་དུ་ང་ཚོས་དགེ་བའི་ཕྱོགས་ལ་བསམ་བློ་བཏང་ནས། བླ་མ་དང་དཀོན་མཆོག་ཆོས་ལ་ཡིད་ཆེས་བྱ་རྒྱུ་དང་།
དགེ་བའི་ཕྱོགས་ལ་བསམ་བློ་བཏང་ན། རང་བཞིན་གྱིས་སྐྱེ་བ་དང་ཚེ་རབས་ཐམས་ཅད་དུ་ཆོས་ལ་དད་པ་ཅན་དང་།
ཆོས་ལ་མོས་པ་ཅན་ཞིག་ཡོང་གི་ཡོད། མི་དགེ་བའི་ཕྱོགས་ཁོ་ན་ལ་བསམ་བློ་བཏང་ན། དེ་ལ་གོམས་གཤིས་ཆགས་ནས། ཆོས་ཡང་དག་པ་བསྒྲུབ་ཐུབ་པ་དང་། ཆོས་ལ་བློ་ཕྱོགས་པ་ཡོང་ཐུབ་ཀྱི་མ་རེད། དཔེར་ན། ནས་ཞིག་ཡིན་ན། ནས་ནག་པོ་འབའ་ཞིག་ས་བོན་ལ་བཏབ་ན། དེའི་རྒྱུན་དེ་ནས་ནག་པོ་མ་གཏོགས་སྐྱེ་རྒྱུ་མེད། ནས་ཀྱི་ས་བོན་དཀར་པོ་ཞིག་བཏབ་ན། ནས་དེ་ག་དུས་ཡིན་ནའང་དཀར་པོ་ཁོ་ན་སྐྱེ་ཡོང་གི་རེད། དེས་ན་རང་རྒྱུད་ལ་དགེ་བའི་བའི་ས་བོན་ཡོད་ན། དང་པོ་ཆོས་ལ་མོས་པ་ཡོད་པ་དང་། ཆོས་ལ་དད་པ་ཡོང་གི་ཡོད། དགེ་བའི་ས་བོན་མེད་ན། ཆོས་ལ་དད་པ་དང་མོས་པ་དང་ཆོས་ལ་དགའ་སྣང་དེ་ཡོང་གི་མེད། ཡང་ཆོས་ལ་དད་པ་ཡོད་ན་ཡང་། གློ་བུར་རྐྱེན་གྱིས་བསྒྱུར་འགྲོ་མཁན་ཡང་མང་པོ་ཡོང་གི་ཡོད། བདུད་ལ་སོགས་པས་བར་ཆད་བྱས་ནས་བསྒྱུར་འགྲོ་མཁན་མང་པོ་ཡོད། སྔོན་གྱི་ལོ་རྒྱུས་ཤིག་ལ་མཚམས་པ་གཉིས་མཚམས་ལ་བསྡད་ནས། ཧ་ལམ་གྲོལ་ལ་ཁད་སྐབས་ཤིག་ལ། བཙན་གཅིག་ དང་རྒྱལ་པོ་གཅིག་དེ་ལ་སོང་ནས་འདི་གཉིས་གྲོལ་འགྲོ་ས་རེད། འདི་ལ་ང་ཚོས་བར་ཆད་བྱེད་ཅེས་བདུད་དང་བཙན་གཉིས་ཀྱིས་བར་ཆད་བྱས། བཙན་ཟེར་མཁན་དེ་སེམས་པ་ཆུང་ཆུང་ཁ་རི་ཁ་ཐུག་མ་གཏོགས་གཏིང་གནག་པོ་ཡོད་མ་རེད། ཁོང་ཕྱི་ལོག་ལ་སྐུ་གསང་ཕེབས་དུས་ཤིག་ལ། བྲག་རི་འདྲ་ཞིག་ནས་མར་ལ་གཡུག་སྟབས། ཁོང་བདེ་བ་ཅན་གྱི་ཞིང་ཁམས་ལ་ཡར་ཕེབས་ཐུབ་པ་རེད། མ་གཞི་ནས་རྒྱལ་པོ་ཟེར་མཁན་དེ་གཏིང་གནག་པོའི་ཐོག་ནས་སྡུག་ཆགས་ བྱེད་མཁན་ཞིག་ཡོད་རེད། ཁོང་གིས་གཏོར་མ་བརྒྱ་ཚར་གསུང་དུས་སྐབས་ལ་གཏོར་ཡོས་ཀྱི་ཚབ་ལ་འབྲུ་གསར་པ་རྐྱང་པ་བླུགས་བསྡད་པ་རེད། རྒྱལ་པོས་ཆོ་འཕྲུལ་བསྟན་ནས་གཏོར་ཡོས་དང་གཏོར་ཆུ་དེ་སྒེའུ་ཁང་གི་ནང་ནས་མར་ལ་འཕོ་དུས། དེ་ལ་འབྲུ་སྐྱེས་པ་རེད། ཨ་དེ་ལ་འབྲུ་སྐྱེ་ཡོང་གི་འདུག་དགོངས་ནས། ཁོང་གིས་ས་ཅུང་ཙམ་བརྐོས་ཏེ་དེ་ལ་འབྲུ་བཏབ་ནས། ཧ་ཅང་ཡག་པོ་སྐྱེས་ཡོང་བ་རེད། རྒྱ་ཆེ་རུ་ཆེ་རུ་འབྲུ་མང་པོ་ཞིག་སྐྱེས། གང་འཚམས་ནས་རྒྱལ་པོས་ བློ་བསྒྱུར་བ་དང་། གཅིག་པུས་གང་ཡང་ཐུབ་ས་མ་རེད། རྒྱ་ཆེན་པོ་འདི་འདྲ་ཞིག་རེད། ད་རོགས་པ་ཞིག་དགོས་ས་རེད་བསམ་ནས་སྐྱེས་མ་ཞིག་བླངས། དེ་ནས་ས་རྒྱ་ཆེན་པོ་བརྐོས་དེར་འབྲུ་འདེབས་དུས་འབྲུ་ཧ་ཅང་ཡག་པོ་སྐྱེས་ཡོང་པ་རེད། དེ་ནས་གང་འཚམས་ཤིག་ནས་བུ་ཕྲུག་མང་པོ་ཞིག་སྐྱེས། གང་འཚམས་ནས་དཀའ་ངལ་མང་པོ་ཆགས། གཞི་ནས་དྲན་སོས་ཡོང་དུས། ཁོ་འཁོར་བ་སྡུག་བསྔལ་རྒྱ་མཚོའི་རང་བཞིན་ལ་འཁྱམས་ཚར་རེད། དེ་ནས་ཆོས་གཏན་ནས་མེད་པ་ཆགས་ཚར་རེད། དང་པོ་ཆོས་ལ་མོས་པ་ཡོད་ན་ཡང་གློ་བུར་རྐྱེན་གྱིས་བསྒྱུར་འགྲོ་མཁན་ཡོང་གི་ཡོད་རེད། དེ་ནས་གང་འཚམས་ཤིག་ནས་རྒྱལ་པོ་དང་བཙན་གཉིས་མཉམ་དུ་ཐུག་ཡོང་དུས། བཙན་དེས་རྒྱལ་པོ་དེ་ལ་ཁྱེད་ཀྱིས་ད་ལྟ་ཡང་མི་དེ་བསད་ཐུབ་མི་འདུག ངས་སྔོན་མ་ནས་བསད་ཚར་ཡིན་ཞེས་བཤད། ཁྱེད་རང་གིས་བསད་པ་དེས་ཕན་ཐོགས་ཡོད་མ་རེད། ཁོང་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ལ་ཕེབས་ཚར་རེད། ངས་ཁོ་ཐར་པ་ཕར་བཞག མཐོ་རིས་ཀྱི་རྟེན་ཡང་ཐོབ་རྒྱུ་མེད་པར། ཚེ་རབས་ཐམས་ཅད་དུ་འཁོར་བ་ནང་དུ་ལྷུང་དགོས་པ་ལས་ཀ་དེ་འདྲ་བྱས་ཡོད་ཅེས་བཤད། གློ་བུར་རྐྱེན་གྱིས་དེ་འདྲ་ཡོང་གི་ཡོད་རེད། དང་པོ་ཆོས་ལ་འཇུག་མ་འཇུག་གི་བསམ་བློ་མང་པོ་ཡོད་རེད། ཆོས་ལ་ཞུགས་ཚར་ན་ཡང། ཡང་གློ་བུར་རྐྱེན་དེ་འདྲ་ཡོད། ཆོས་ཡང་དག་པ་བསྒྲུབ་པར་གཞི་དེ་ཡོད་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད། ཆོས་འདོད་པའི་བློ་དེ་ཡག་པོ་ཡོད་ན། དེ་ནས་རང་བཞིན་གྱིས་སྔོན་འགྲོ་སྐྱབས་འགྲོ་ལ་ སོགས་པ་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་རྒྱུ་དེ་ཤིན་ཏུ་གལ་ཆེན་པོ་རེད། སངས་རྒྱས་ལ་རང་གི་དད་པ་དང་མོས་པ་ཡོད་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་རེད།།

ཡོང་ཁུངས།   ཕུན་རྒྱལ་ཀུན་ཕན་གླིང་འཕྲིན་སྟེགས།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*