རང་རྒྱུད་ཆོས་ལ་བསྐུལ་བར་གདམས་པ།

 

རྩོམ་པ་པོ། དཔལ་ལྡན་ས་སྐྱའི་ལྷ་ཁང་མཁན་ཆེན་མཐུ་སྟོབས་སེངྒེས།

མ་རིག་ལས་སྣང་འཁོར་བའི་དུག་མཚོ་ཆེར། །
མ་དག་སྒྲིབ་གཉིས་བཅིངས་པའི་བུ་ཆུང་ལ། །
མ་ལུས་འདྲེན་པའི་སྐྱབས་གཅིག་ཕ་བླ་མས། །
མ་བཅོས་སེམས་ཀྱི་རང་བཞིན་སྟོན་དུ་གསོལ། །
གནས་འཁོར་བའི་གྲོག་རོང་ཆེན་པོ་འདིར། །
ལས་སྨོན་ལམ་ཞིག་གིས་འཕེན་པ་ལས། །
ཆོས་ལུང་རྟོགས་དབེན་པའི་བསིལ་གྲིབ་འོག། །
རྗེ་བླ་མ་སངས་རྒྱས་དངོས་འདྲ་བ། །
ཚད་གཞལ་དུ་མེད་པ་གྲངས་མེད་ལས། །
གསུངས་ངོ་མཚར་ཆེ་བ་མདོ་སྔགས་ཀྱི། །
དོན་ཟབ་མོའི་མན་ངག་ཉིང་ཁུ་རྣམས། །
ལན་རེ་གཉིས་མིན་པ་ཡང་ཡང་དུ། །
གསུངས་མྱོང་བའི་བསྐལ་བ་བརྗོད་མི་ལངས། །
རྟེན་དལ་འབྱོར་ཚང་བའི་གྲུ་ཆེན་འདིར། །
ཆོས་སྤྱོད་པའི་སྐལ་བཟང་ཐོབ་ལགས་ཀྱང་། །
ནང་དུག་གསུམ་དགྲ་བོའི་སྟོབས་ཤུགས་དང་། །
ཕྱི་འདོད་ཡོན་ཚར་པོས་བསླུ་ཁྲིད་ཀྱིས། །
བུ་དབང་མེད་ལས་ངན་གསོག་ལ་བྲེལ། །
དུས་ད་ལྟའི་དུས་ཀྱི་དགེ་སྦྱོང་རྣམས། །
ཆོས་ཆོས་བཞིན་འགྲུབ་པས་བྱེད་པ་ལ། །
ནང་སེམས་ཀྱི་ཁྱེར་སོ་མ་དག་ཅིང་། །
ཁེ་སྙན་གྲགས་ཁོ་ནར་སེམས་པ་ན། །
དོན་ངལ་བ་ཙམ་ལས་འབྲས་བུ་མེད། །
གནས་དབེན་པར་སྟེན་པའི་སྒོམ་དང་། །
ཆོས་ཐོས་བསམ་བྱེད་པའི་དཔེ་ཆ་བས། །
རྒྱུད་དུག་གསུམ་བཅོམ་ལ་མ་ཕན་ན། །
དུས་ལོ་གྲངས་མང་པོས་ཅི་ལ་ཕན། །
དགྲ་དུག་གསུམ་ཟེར་བའི་ཕུང་རྒན་དེ། །
ངེད་སོ་སྐྱེའི་རྒྱུད་ལ་མངོན་འགྱུར་ཚེ། །
གནས་མ་ཟིན་དེ་ཡི་གཞན་དབང་གི། །
ལས་ངན་པའི་བྱ་ལ་གསོག་ལ་བྲེལ། །
ཡར་བདེ་བ་ཅན་གྱི་ཞིང་ཁམས་དང་། །
མར་ངན་སོང་གསུམ་གྱི་གནས་རྣམས་ལ། །
བློ་ཚན་མའི་སྤྲོས་པ་མ་ཆོད་པར། །
རྐྱེན་བཟང་ངན་ཤར་བ་བཟློག་དུ་མེད། །
བུ་འཁོར་བའི་དྲྭ་ཐག་གཅོད་དགོས་ན། །
ལམ་བཟང་པོ་ཐེག་པ་ཆེན་པོ་ཡི། །
བློ་སྦྱོང་བའི་མན་ངག་མང་ཡོང་ཀྱང་། །
དོན་འཁོར་འདས་དབྱེར་མེད་སྒོམ་ལ་མཆོག། །
བྱམས་སྙིང་རྗེ་བྱང་ཆུབ་སེམས་མཆོག་དེ། །
ངེད་སྐྱ་སེར་མེད་པར་སྒོམ་ཐུབ་ན། །
རྐྱེན་ཕྱི་ནང་དགྲ་བོས་མི་གནོད་ཅིང་། །
ཚེ་འདི་དང་ཕྱི་མ་གཉིས་ཀ་སྐྱིད། །
ལས་འཁོར་བ་དུག་གི་རྒྱ་མཚོ་ལ། །
སེམས་ངེས་འབྱུང་བློ་ཞིག་མ་སྐྱེས་ན། །
ཆོས་རྣམ་དག་ཇི་ཙམ་སྒྲུབ་ཁུལ་ཡང་། །
ཐོབ་བྱང་ཆུབ་ཆེན་པོ་ཤིན་དུ་དཀའ། །
གྲོགས་སྒོ་གསུམ་བྱ་བ་མ་བྱེད་ཀྱང་། །
ལས་རྒྱུ་འབྲས་གནས་ལ་ཡིད་ཆེས་དང་། །
སེམས་དྲང་པོའི་ཀུན་སློང་རྣམ་དག་གིས། །
ཆོས་ཆོས་བཞིན་སྒྲུབ་པར་མཛོད་ཅིག་ཀྱེ། །

ཞེས་པ་འདིའང་དོན་གཉེར་སློབ་བུ་འགའ་ཡིས་བསྐུར་མ་མཛད་པའི་ངོར་དཔལ་ས་སྐྱའི་མཁན་མིང་འཛིན་པ་མཐུ་སྟོབས་སེངྒེས་གང་ཤར་བྲིས་པའོ།། །།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*