ལོག་ལྟའི་ཟུག་རྔུ་སེལ་བའི་མ་བཅོས་སེམས་ཀྱི་གདམས་པ།

རྩོམ་པ་པོ།  མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས། 

གངས་རིའི་ཁྲོད་ནས་ལྷུན་པོ་ངང་ཚུལ་དང་།།
རྒྱུ་སྐར་ཁྲོད་ནས་ཟླ་བའི་འཛུམ་དཀར་བཞིན།།
ཟླ་མེད་འཇམ་མགོན་ས་པཎ་སྐྱེས་བུ་དེར།།
ཁོ་བོས་སྒོ་གསུམ་དྭངས་བའི་རབ་ཏུ་འདུད།།
རྒྱལ་བསྟན་བཤད་སྒྲུབ་མེ་ལོང་སྟོང་གི་ངོར།།
དམིགས་མེད་འཛུམ་བརྒྱ་རི་མོ་སྙོམས་པོར་སྤྲོ།།
ཐེག་གསུམ་དམ་པའི་ཆོས་ཚུལ་བསླུ་མེད་དབྱངས།།
བཀའ་པོད་དྲུག་གི་གནས་ལུགས་མངོན་དུ་བྱས།།
སྲོལ་འབྱེད་བྱམས་ཀླུ་གཞུང་བཟང་ཐེམ་སྐས་ལས།།
ཡང་དག་ལྟ་གྲུབ་རྣམ་གཞག་རྒྱུ་སྐར་ཕྲེང་།།
གངས་ལྗོངས་ཞིང་སར་འཐོར་བའི་དུས་གཅིག་ཏུ།།
ཀུན་ཁྱབ་ས་འཛིན་དཀར་པོའི་འཛུམ་པའི་གཏམ།།
མདོ་སྔགས་ལྟ་གྲུབ་འཁོར་འདས་དབྱེ་མེད་ཟུང་།།
དྲི་ཞིམ་མ་ལ་ཡ་ཡིས་རིང་དུ་བསྲིངས།།
མདོ་རྒྱུད་བསྟན་བཅོས་དབུས་སུ་རྒྱལ་བ་ཡིས།།
ལུང་གིས་ཡང་ཡང་བསྔགས་པའི་ས་དཀར་ལུགས།།
མཉམ་མེད་ཐུབ་དབང་ཟས་གཙང་སྲས་པོ་དང་།།
འཛམ་གླིང་རྒྱན་དྲུག་མཆོག་གཉིས་གུར་ཁྱིམ་ལྟར།།
འཛམ་གླིང་རྒྱན་གཅིག་ས་པཎ་ཀུན་དགའ་རྒྱལ།།
གངས་ཅན་མཛེས་པ་བྱེད་པའི་རྒྱན་དགུ་ཞེས།།
བརྩེ་ཆེན་ཉི་ཟླའི་དཀྱིལ་འཁོར་དབུས་སུ་མཛེས།།
གོ་ཤཱག་སྟག་གིས་རྣམ་དཔྱོད་འཛུམ་གསལ་ཞིང།།
བརྩེ་ཆེན་མདོ་སྔགས་པདྨོའི་སྟོང་ཁ་ཕྱེ།།
མདོ་རྒྱུད་གཞུང་ལུགས་རྒྱ་མཚོའི་སྐྱེད་ཚལ་དུ།།
ལུང་རིགས་རྣམ་དཔྱོད་མཚར་སྡུག་ངོམས་པར་བརྗིད།།
ཐུབ་བསྟན་བཤད་སྒྲུབ་ཟུང་གིས་གོ་ལའི་ཏོག།
ཟླ་མེད་ཕྱོགས་ལས་རྣམ་པར་རྒྱལ་བའི་རྔ།།
གཟུར་གནས་མཁས་ཀུན་དགྱེས་པའི་ཕྱོཊ་ཀུན་བརྡུངས།།
སྲིན་བྱའི་ལྟ་ངན་དཀར་ནག་ཕམ་པར་འབྱིན།།
སྔོན་དེང་ས་འཛིན་དཀར་པོའི་མཁས་གྲུབ་དག།
མདོ་སྔགས་སྤྲོས་བྲལ་ལྟ་བའི་འཁོར་འདས་གནས།།
གསལ་སྟོང་ཟུང་འཇུག་བྱམས་ཀླུ་གཞུང་བཟང་ལྟར།།
དབྱེ་མེད་ལེགས་བཤད་འགྲོ་ཀུན་འཇིགས་མེད་དབྱངས།།
གད་རྒྱངས་བསྒྲགས་ཚེ་ཁམས་གསུམ་ཆེ་དགུ་རྣམས།།
དབང་མེད་ས་འཛིན་དཀར་པོའི་ཆོས་སྡེ་ཕྱོགས།།
རང་བཞིན་སྤྱི་བོར་བསྟེན་པ་གངས་ཅན་པའི།།
མཁས་ཚོམས་དད་པའི་སྨིན་པ་སྐལ་བར་ཤར།།
བསིལ་ལྗོངས་ས་འཛིན་དཀར་པོའི་རྒྱལ་བསྟན་འཁྱིལ།།
མདོ་སྔགས་རིག་གནས་བཅས་པའི་སྨན་ཁུག་ལས།།
བོད་བརྒྱུད་ནང་བསྟན་གྲུབ་མཐའ་གང་བྱུང་ཡང།།
ཐེངས་རེར་སྨན་ཐུན་མ་འཐུང་གཅིག་ཀྱང་མེད།།
དེའི་ཕྱིར་ས་སྐྱའི་བསྟན་འཛིན་ཞབས་དྲུང་དུ།།
སྐྱེས་རབས་མུ་ཏིག་ཕྲེང་བ་སྤེལ་ན་ཡང།།
ཕ་ཆོས་ཟབ་དོན་མཐའ་ལས་འདའ་ཐབས་མེད།།
ས་སྐྱའི་རི་མོ་མཁྱེན་བརྩེའི་འོད་ཞགས་ཀྱིས།།
མཁའ་ཁྱབ་འགྲོ་ཀུན་དལ་ལྷོད་ཡེ་ནས་མེད།།
ཆེར་དགུ་སྙིགས་མའི་ལྔ་བདོའི་མུན་པའི་དུས།།
ང་མཁས་རང་བཟོ་ཕ་ཆོས་རྒོལ་ལ་འདར།།
ཕྱོགས་ཞེན་རང་སྲེག་མ་ལ་གཡེམ་བྱས་བྲེལ།།
ཆོ་ལོ་དགེ་བཤེས་མིང་ཅན་རང་གཤིས་ཉིད།།
ལུང་རིགས་ཕུལ་བྱུང་མཆེ་སྡེར་ལེགས་དྲངས་ནས།།
མཛའ་གཅུགས་རྣམ་དཔྱོད་རིག་པའི་འགྲོས་དང་ལྷན།།
ཐུབ་བསྟན་གངས་རིའི་གནས་ལ་འཛེག་འདོད་ན།།
མ་བཅོས་སེམས་ཀྱིས་ཀློང་ནས་ཡིད་བསུན་ཏེ།།
མ་བསྐུལ་དྭངས་བའི་དད་པའི་དགེ་བའི་སྒུག།
དེང་འདིར་ཤར་ནུབ་མཁས་པའི་ལེགས་བཤད་དང་།།
མཛེས་པའི་དུང་ཟླ་མཐོང་གྲོལ་མ་ཐོབ་ཀྱང་།།
ཡབ་མེས་གོང་མའི་ལྟ་གྲུབ་ཤུལ་འཛིན་ཏེ།།
རྗེས་འཇུག་སློབ་བུ་དག་གིས་གནས་རེར་ལྕི།།
དེའི་ཕྱིར་དེང་འདིར་ཁུ་བྱུག་མགྲིན་དབྱངས་འདིས།།
བརྩེ་ཆེན་ཡལ་འདབ་རྒྱས་པའི་གྲོགས་དང་ལྷན།།
རྫོང་གསར་ཆོས་སྡེའི་མཁན་མིང་གྲལ་མཐའ་ནས།།
ཀ་ཿབྲག་དངོས་གྲུབ་བསོད་ནམས་མགྲིན་ནས་གྱེར།།

ས་དཀར་མདའ་སྨྱུག་གམ་གདོང་མཁན་པས།
༢༠༡༥/༥/༡༤ ཕྱི་དྲོར།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*