མི་ཡུལ་ས་མཐའ་ནས་ས་སྐྱ་༸གོང་མ་བདག་ཁྲི་རིན་པོ་ཆེ་གསར་པ་མཇལ་བའི་ཚོར་སྣང་།

རྩོམ་པ་པོ། མཁན་པོ་ཚུལ་རྣམ། 

དཔལ་ས་སྐྱ་པའི་ཁྲི་རབས ༤༢ པ་༸སྐྱབས་མགོན་༸གོང་མ་རཏྣ་བཛྲ་རིན་པོ་ཆེ་མཆོག་ནུབ་གླིང་ལ་ཆོས་ཀྱི་མཛད་ཕྲིན་སྐྱོང་བཞིན་པ་ལས། དེང་སང་བྱང་ཨ་རིའི་ཕྱོགས་ཁེ་ན་ཏ་ལ་ཕེབས་ནས་ཊོ་རོན་ཊོ་གྲོང་ཁྱེར་ནང་འཁོད་པའི་བོད་ཀྱི་དགོན་སྡེ་དང་མི་མང་རྣམས་ལ་མཇལ་ཁ་དང་བཀའ་ཆོས་གནང་བཞིན་པ་རེད། སྤྱི་ཚེས་ཉེར་གཅིག་ཉིན་བོད་ཀྱི་རིག་གཞུང་ཁང་གངས་ལྗོངས་ཆོས་ལྡན་གླིང་དང་བོད་རིགས་སྤྱི་ནས་བརྟན་བཞུགས་ཤིག་གོ་སྒྲིག་གནང་བར་ངོས་རང་རྡོ་རྗེ་སློབ་དཔོན་དུ་ཡོང་དགོས་པའི་མགྲོན་འབོད་བྱུང་། དང་པོ་ཕྲན་ནི་ནམ་རྒྱུན་ཨར་ཅོ་དང་ཁེར་རྐྱང་ལ་གོམས་ཆེ་བས་མི་མང་འདུ་འཛོམས་དང་བླ་ཆེན་དང་མི་ཆེན་ཁག་མཇལ་བར་དཀའ་སྣང་ཞིག་ཡོད་པས་བསམ་གཞིགས་ཤིག་བྱ་དགོས་བྱུང་། མཐར་བོད་མི་ལུང་ཚན་དང་ཆོས་བརྒྱུད་ཁག་མཐུན་ལམ་བྱེད་རྒྱུ་ནི་རང་རེ་ལ་ཤ་ཚ་མཁན་དག་གིས་བཀའ་སློབ་ལམ་སྟོན་ཡང་ཡང་མཛད་བཞིན་པ་དང་། རང་ནས་ཀྱང་ཆོས་བརྒྱུད་དང་ལུང་ཚན་མཐུན་ལམ་གྱི་བྱ་བ་གནད་འགག་ཅན་ལ་བརྩི་བཞིན་ཡོད། མགྲོན་དུ་འབོད་མཁན་ཡང་བོད་རིགས་ཚོགས་པ་སྤྱི་ཡི་ཆོས་རིག་འགན་འཛིན་དགེ་བཤེས་སྦྱིན་པ་ཁོང་ཚོའི་སྤྱི་ལས་ལ་ཡང་གུས་བརྩིར་འགྲོ་སྲིད་པས་བཅར་རྒྱུའི་ཐག་བཅད་པ་ཡིན། དེ་ནི་ས་སྐྱ་༸ ཁྲི་འཛིན་གསར་པ་མཇལ་བ་ཐེངས་དང་པོ་ཡིན། དང་པོ་ངས་དྲན་ཚོད་ལ་ཁོང་ནི་རིགས་རུས་དང་ཐོབ་ཐང་མངའ་དབང་སོགས་མཐོ་བས་ཅུང་ཆེ་ཉམས་ཅན་ཞིག་ཡོད་ངེས་པས་མདུན་ལ་དེ་ཙམ་འགྲོ་མི་ཉན་བསམ་རུང་དངོས་སུ་མཇལ་སྐབས་དེ་ལས་ལྡོག་ནས། ཁོང་ནི་ཆེན་པོའི་འགྱིང་དང་འ་འུར་མེད་པར་ཐུགས་གཤིས་ཞི་བ་ལྷོད་ཤིག་གེར་དང་། གཞན་ལ་མཐོང་ཆུང་དང་འ་འུར་མི་མཛད་པར་ཆོས་པ་ངོ་མ་ཞིག་གི་གཤིས་ཀ་འདུག ད་དུང་ཀུན་ལ་གུས་བརྩི་གནང་མཁན་ཞིག་རེད། བསྟན་པ་དང་མི་རིགས་ལ་ཐུགས་བློ་དཀར་བ་ནི་ཞུ་མི་དགོས་ཀྱང་སེམས་ཤུགས་ཅི་ཙམ་ཡོད་མེད་ཤེས་འདོད་བྱུང་ཡང་དེ་ཙམ་རྒྱུས་ལོན་མ་བྱུང་། གསུང་བཤད་ནི་སྲོལ་རྒྱུན་བླ་མ་བགྲེས་པ་རྣམ་པ་བཞིན་ཉམས་ལེན་རང་ལ་བཀོལ་བ་ཞིག་རེད། ཞི་དུལ་ལྷོད་གསུམ་གྱི་མཛད་སྤྱོད་དེས་བླ་མ་བགྲེས་པ་མཇལ་བ་བཞིན་ལས་དེང་དུས་གཞོན་སྐྱེས་ཀྱི་བླ་མ་ཞིག་གི་ཚོར་སྣང་མི་སྐྱེ་བ་དང་། གསུང་སྐད་ཞེ་ས་མ་ཞུས་ན་བྲེ་འགགས་ཅུང་འདུག བོད་བླ་མང་པོ་ཞིག་ནི་རྣ་བས་གོ་རྒྱུའི་ལྡིར་སྒྲ་དང་མིག་གིས་མཐོང་བའི་རྔ་ཆུང་གཉིས་ཆ་མི་སྙོམ་པ་ཡོད་ཀྱང་། ཁོང་ནི་ཐོས་པ་ལས་ཀྱང་མཇལ་དུས་སྤྲོ་བ་དང་དད་པ་སྟེར་བ་ཞིག་འདུག བོད་ཡུལ་ན་ལྷ་འདྲེ་མི་གསུམ་གྱི་མིང་དུ་ཆེ་བའི་གདུང་རྒྱུད་མང་དུ་གྲགས་ཀྱང་མང་པོ་ཞིག་ནི་ཁྱིམ་རྒྱུད་ཀྱི་འཚོ་ཚིས་དང་རིག་པ་གྲུང་བ་རྣམས་ཀྱིས་དགོན་སྡེ་དང་ཡུལ་ལུང་ལ་ཁྱིམ་རྒྱུད་ཀྱིས་སྲིད་དབང་བསྒྱུར་བའི་ཐབས་ཙམ་དུ་ཟད་པར་མཐོང་། ཡང་དེ་རྣམས་ཀྱི་ནང་ལ་མི་རིགས་དང་ཆོས་ལ་བྱ་བ་བཟང་པོ་སྒྲུབ་མཁན་ཡང་མང་པོ་བཞུགས། དེ་དག་དང་མི་འདྲ་བ་ནི་ལོ་རྒྱུས་རིང་ཞིང་བྱས་པ་ཆེ་བའི་བོད་བཙན་པོ་དང་འཁོན་ས་སྐྱ་པའི་གདུང་རྒྱུད་གཉིས་ནི་ཁྱད་དུ་འཕགས་པར་གྲུབ། ཡིན་ནའང་རྟོག་གེ་མགོ་འཁྲེགས་བདག་ལྟ་བུ་ལ་གདུང་རྒྱུད་ག་གེ་མོ་ཡིན་པ་ཙམ་གྱིས་དད་པ་ནི་སྐྱེ་དཀའ་བར་གདའ།

དེ་ལས་ཀྱང་སེམས་ཚོར་མ་འདྲ་བ་ནི་མཐའ་ཡི་རྒྱ་མཚོའི་ཕ་རོལ་ཉི་མ་ཤར་ནུབ་མི་གཅིག་པའི་གོ་ལའི་ངོས་གཞན་ལ་ཡོད་པའི་ལེ་བར་བརྒྱ་སྟོང་མང་པོའི་བར་ཐག་རིང་ཞིང་མི་རིགས་དང་སྐད་ཡིག གདོང་དང་ཤ་མདོག་མི་གཅིག་པའི་ས་མཐའ་ལ་སླེབས་པའི་གྲངས་ཉུང་བའི་མི་རིགས་རྣམས་མཉམ་དུ་འཛོམས་པ་དང་། ཆོས་དང་རིག་གཞུང་གི་བྱ་བ་འདི་འདྲ་བ་གནང་བ་ནི་གཅིག་སྒྲིལ་དང་མཐུན་ལམ། རིག་གཞུང་རྒྱུན་འཛིན་གྱི་གཟི་བརྗིད་དང་སྤོབས་པ་ཞིག་སྟེ་ཕོ་བྲང་པོ་ཏ་ལའི་རྡོ་རིང་བཞིན་ལྷང་ངེར་གསལ། ཁར་ཙང་བརྟན་བཞུགས་ནི་རིས་མེད་ཆོས་བརྒྱུད་ཀྱི་བརྟན་བཞུགས་ཤིག་རེད། འབུལ་ཡུལ་དཔལ་ལྡན་ས་སྐྱ་པའི་བླ་ཆེན། བརྟན་བཞུགས་ཀྱི་ཆོ་ག་རི་བོ་དགེ་ལུགས་པས་གཞུང་བཟུང་། རྡོ་རྗེ་སློབ་དཔོན་གྱི་ལས་འགྲོ་མགོན་བཀའ་བརྒྱུད་པས་བྱས། སྔ་འགྱུར་རྙིང་མ་བས་འདོན་པའི་ཟུར་བརྒྱན་ནས་དུས་གཅིག་ལ་ཆོས་བརྒྱུད་དག་དགའ་ཡ་ལེར་འཛུམ་མུ་ལེར་འཛོམས་པ་ནི་ཕྲན་ལ་མཚོན་ན་ཕྱི་གླིང་ས་མཐའ་འདིར་ཅི་འདྲའི་སྤྲོ་སྐྱིད་ཅིག་མིན་ནམ་སྙམ། ད་དུང་ཆོལ་གསུམ་བོད་རིགས་ཕོ་མོ་རྒས་གཞོན་རྣམས་ནས་དད་གུས་ཆེན་པོས་དགའ་བའི་གླུ་དབྱངས་དང་སྐྱིད་པའི་ཞབས་བྲོ་འཁྲབ། མི་གྲངས་ཀྱང་སྟོང་ཕྲག་གཅིག་དང་ལྔ་བརྒྱ་ཙམ་ལྷན་དུ་འཛོམས་ཏེ་ཟ་སྐྱིད་ཆོས་གསུམ་ཟེར་བའི་གཏམ་དཔེ་བཞིན་གྱུར་པ་འདིས་མི་རིགས་ཉུང་ཉུང་འདིའི་ལོ་རྒྱུས་དང་རིག་གཞུང་སྙིང་སྟོབས་སོགས་མཚོན་པར་ནུས་འདུག་སྙམ་ནས་ངས་ཀྱང་སྙིང་ནས་མགོན་པོ་མཆོག་སྐུ་ཚེ་བསྐལ་བརྒྱར་བཞུགས་ཤིང་བསྟན་འགྲོའི་དོན་ཆེན་འབད་མེད་ལྷུན་གྱིས་འགྲུབ་པའི་གསོལ་བ་དང་སྨོན་ལམ་བཏབ་སྟེ་སེམས་པ་དགའ་བས་ཁེངས་ནས་རང་གནས་སུ་སོང་། ད་ལོར་ཡུལ་འདིར་དགུན་དུས་རིང་ཞིང་ཁ་བ་དང་ལྷགས་རླུང་ཆེ་བ་ལོ་དྲུག་ཅུའི་རིང་ལ་འདི་འདྲའི་གྲང་མ་མྱོང་ཟེར་ནས་མགོ་སེར་ཚོས་མགོ་གཡུག་གཡུག་བྱེད་དགོས་ཐུག་པ་དེ་ཕལ་ཆེར་རྫོགས་ནས་དཔྱིད་ཀ་དང་པོ་ཤར་བས་ཁམས་དྭངས་རླུང་གཙང་ཉི་མ་ཡང་དྲོ་བས་མཚོ་འགྲམ་ལ་གོམ་བགྲོད་ཀྱིས་བསིལ་རླུང་རྔུབ་བཞིན་དལ་བུར་རྒྱུ་བར་བྱས།།

ཞེས་མཁན་མིང་ཚུལ་རྣམ་དུ་འབོད་པའི་སྙོམས་ལས་པ་དེས་ཁེ་ན་ཏ་ནས་མྱོང་ཚོར་ཇི་བཞིན་ཟིན་བྲིས་སུ་བཏབ་པའོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*