༸ སྐྱབས་མགོན་ ༸ གོང་མ་ཁྲི་འཛིན་མཆོག་ཁེ་ན་ཌ་ཆིབས་བསྒྱུར་དང་༸ སྐྱབས་རྗེ་ཁང་གསར་ཞབས་དྲུང་རིན་པོ་ཆེ་ཧང་ཀོང་ཆིབས་བསྒྱུར་གནང་འདུག

༄༅། །གངས་ལྗོངས་བཤད་སྒྲུབ་བསྟན་པའི་གཙུག་རྒྱན་དཔལ་ས་སྐྱའི་༸སྐྱབས་མགོན༸གོང་མ་རཏྣ་བཛ་རིན་པོ་ཆེ་མཆོག་སྤྱི་ལོ་༢༠༡༨ ཟླ་བ་༤ ཚེས་ ༡༨་ཉིན་ཁེ་ན་ཌ་ལ་ཆིབས་བསྒྱུར་གནང་བ་དང་ས་གནས་ཁེ་ན་ཌའི་བོད་རིགས་ཚོགས་པ་དང་སྐྱིད་སྡུག་ཁག་གི་སྐུ་ཚབ། ཆོས་ཚོགས་ཁག་གི་སྐུ་ཚབ་དང་མི་མང་བཅས་ནས་ཕེབས་བསུ་དང་སྦྲགས་གངས་ལྗོངས་ཆོས་ལྡན་གླིང་གི་ཚོགས་ཁང་ཆེན་མོའི་ནང་དུ་ཞབས་སོར་བཀོད་པ་དང་། དེ་གར་གོ་སྒྲིག་ཚོགས་པས་ངོས་ནས་མཎྚལ་སྐུ་གསུང་ཐུགས་རྟེན་འདེགས་འབུལ་ཞུས་པ་དང་། ཁེ་ན་ཌའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཁག་གི་ཆོས་ཚོགས་སུ་ཡང་གདན་ཞུས་ལྟར་ཆིབས་བསྒྱུར་གནང་འདུག  དཔལ་ས་སྐྱའི་༸སྐྱབས་མགོན་༸གོང་མ་ཁྲི་འཛིན ༤༢ པ་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཕྱི་ཚེས་ ༢༡ དང་ ༢༢ བཅས་ཉིན་གྲངས་གཉིས་རིང་ཁེ་ན་ཌར་གནས་བཞུགས་བོད་མི་རྣམས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ་སོགས་ཆོས་འབྲེལ་ཁག་ཅིག་བསྐྱང་རྒྱུ་རེད་འདུག

དེའང་ཁེ་ན་ཌར་རྟེན་གཞི་བྱས་པའི་གངས་ལྗོངས་ཆོས་ལྡན་གླིང་དང་༸དཔལ་ས་སྐྱ་ཆོས་འཁོར་གླིང་གཉིས་ཟུང་འབྲེལ་ཐོག་རིན་པོ་ཆེ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུ་དོན་ལྟར། ཟླ་ ༤ ཚེས་ ༢༡ ཉིན་གངས་ལྗོངས་ཆོས་ལྡན་གླིང་དུ་དད་ལྡན་བོད་མི་སེར་སྐྱ་མང་ཚོགས་ལ་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ་དང་། ཕྱི་ཚེས་ ༢༢ ཉིན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་༸སྐུ་ཚེ་མི་འཇིགས་རྡོ་རྗེ་འཆང་གི་ངོ་བོར་བརྟན་ཕྱིར་མཎྡྲལ་འདེགས་འབུལ་གྱི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་དང་། དེ་བཞིན་༸གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་གིས་གྲུབ་ཐོབ་ཆེན་པོ་ལྕགས་ཟམ་པ་ཐང་སྟོང་རྒྱལ་པོ་ནས་རྒྱུད་པའི་བླ་མའི་རྣལ་འབྱོར་དང་འབྲེལ་བའི་ཚེ་དབང་ལོ་བརྒྱ་མའི་བཀའ་དབང་དང་བླང་དོར་བཀའ་སློབ་བཅས་བསྩལ་གཏན་ཁེལ་ཡོད་པ་རེད་འདུག

 

སྐྱབས་རྗེ་ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེ་མཆོག་འདི་ཟླའི་ཚེས ༡༨ ཉིན་ཐེངས་དང་པོ་ Hong Kong ལ་ཆིབས་བསྒྱུར་གནང་འདུག དེ་གར་རང་ལུགས་ཆོས་ཚོགས་ཁག་དང་ཆོས་བརྒྱུད་ཁག་གི་ཆོས་ཚོགས། དད་ལྡན་མི་མང་ཚོས་ཕེབས་བསུ་ཞུས་འདུག ༢༠༡༨/༤/༡༩

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*