ས་སྐྱའི་ཆོས་གྲྭ་ཆེན་པོ་མདོ་ཁམས་རྒྱལ་བ་གླང་ཡག་དགོན་གྱི་ལོ་རྒྱུས།

དཔལ་ལྡན་ས་སྐྱའི་ཆོས་གྲྭ་མདོ་ཁམས་རྒྱལ་བ་གླང་ཡག་དགོན་གྱི་ལོ་རྒྱུས་མདོར་བསྡུས་སུ་བཀོད་པ་དྭངས་གསལ་དངུལ་གྱི་མེ་ལོང་།

ལེགས་བྱས་མཚན་བཟང་གི་བ་དན་དཀར་པོ་སྲིད་པ་གསུམ་གྱི་བླ་རུ་མངོན་པར་མཐོ་བའི་རྗེ་བཙུན་ས་སྐྱ་པ་ཆེན་པོ་ཨེ་ཝཾ་ངོར་ཞེས་ཡོངས་སུ་གྲགས་པའི་ཆོས་བརྒྱུད་ཀྱི་བཀའ་བབ་གླང་ཡག་བཀྲ་ཤིས་ཆོས་གླིང་དགོན་པ་ནི། དཔལ་ལྡན་ཛམྦུ་པྲྀཀྵའི་སྒྲ་ཡིས་ཉེ་བར་མཚན་པའི་གླིང་ཆེན་པོ་འདིའི་ཡུལ་དབུས། འཕགས་ཡུལ་མ་ག་དྷ་ནས་གནོད་སྦྱིན་རྩེན་པའི་ཕྱོགས་སུ་དཔག་ཚད་བརྒྱ་བགྲོད་པའི་མཚམས་སུ། ཡུལ་གངས་ཅན་གྱི་རྡོ་རྗེ་གདན་དུ་གྲགས་པ་རིགས་གསུམ་སྤྲུལ་བའི་རོལ་གར་ཟབ་མ་ཆད་དུ་བྱོན་པའི་གནས་

མཆོག བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་རྗེ་བཙུན་ས་དཀར་བའི་མ་དགོན་གདན་ས་ཆེན་པོ་ཡོད་པར་གསུངས་ཤིང་། དེ་ལས་མེ་ལྷའི་ཕྱོགས་སུ་ཞག་གི་ཕུང་པོ་བཞི་ཙམ་བགྲོད་པ་ན་ལུགས་བརྒྱའི་འབྱུང་གནས་སྡེ་དགེ་ས་སྐྱོང་རིམ་བྱོན་གྱི་བསྟི་གནས་དཔལ་ལྡན་ལྷུན་གྲུབ་སྟེང་གི་ཆོས་གྲྭ་དང་། འཛམ་གླིང་བསྟན་འགྲོའི་སྤྱི་ནོར་པར་ཁང་བཀྲ་ཤིས་སྒོ་མང་གཉིས་ལྷན་དུ་བཞུགས་པ་སྟེ། དེ་ལས་བྱང་གི་ཕྱོགས་ལ་ཚ་ལམ་གཅིག་ཙམ་ཕྱིན་པས། ཡན་ལག་བརྒྱད་ལྡན་རྫ་ཆུ་དལ་འབབ་རིང་མོའི་བཀྲ་ཤིས་པའི་མཆོད་ཁ་འཕེན་པའི་གནས། ཕུན་ཚོགས་སྡེ་བཞིའི་མངའ་ཐང་གིས་མངོན་པར་མཐོ་བའི་རིགས་ཀྱི་སྙིང་ནོར་ཉི་མ་རྫ་ཆུ་ཁ་ཡོད་ལ། དེ་ཡི་ཤར་རྒྱལ་སྟག་གི་སྒོ་ཆེན་དང་པོ་དང་། བསོད་ནམས་ལས་ཀྱི་ཐོད་པ། གོ་གསུམ་མཛོད་ཀྱི་ལྡེ་མིག་སོགས་སུ་གྲགས་པའི་ཆེ་ཡུལ་དཔོན་གྱི་ལྷ་སྡེ་བསོད་ནམས་གཡང་འཁྱིལ་དགེ་རྩེ་ཆེ་ཡུལ་གོང་མའི་ཕ་ས་དར་གྱི་སྨད་ཆ། དར་ཆུ་གཡུ་འབྲུག་སྔོན་པོའི་གཡས་ཟུར་ཏེ། དེང་གི་ས་ཁམས་ཀྱི་དབང་དུ་བྱས་ན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སེར་ཤུལ་རྫོང་གི་ཤར་ལྷོའི་ལེ་བར་གོ་གསུམ་གྱི་མཚམས་སུ་ཆགས་ཡོད།  དགོན་པ་འདི་དུས་ཚོད་གང་འདྲ་ཞིག་གི་ནང་ལ་ཆགས་མིན་གྱི་སྐོར་ལ་ཤོད་སྲོལ་མི་འདྲ་བ་ཅུང་རེ་ཡོད་ཀྱང་། མེས་པོ་དག་གི་ངག་རྒྱུན་དང་། ལོ་རྒྱུས་ཡིག་ཚང་རྙིང་བ། མཁས་གྲུབ་གོང་མའི་རྣམ་ཐར་བཅས་ལ་གཞི་བཅོལ་ནས་ཞིབ་འཇུག་གི་དཔྱད་འབྲས་ལྟར་ན། བོད་རབ་བྱུང༡༣པའི་མེ་མོ་ཕག་སྟེ། སྤྱི་ལོ་༡༧༦༧ལོར་ད་ལྟའི་དགོན་ས་འདི་རུ་གཏན་ཆགས་སུ་གྲུབ་པར་བཤད་པ་དེ་ཕལ་ཆེར་བདེན་པར་སྣང་། སྡེ་དགེ་རྒྱལ་པོའི་སྲིད་དོན་ལོ་རྒྱུས་སུ་རབ་བྱུང༡༢ བའི་མཇུག་ཏུ་བཏབ་པར་སྨྲས་ཀྱང་ཡིད་རྟོན་འཕེལ་བའི་གནས་སུ་མི་ཆེ་སྟེ། འདི་ལས་གླེང་བའི་ལོ་རྒྱུས་མང་དག་ཞིག་ལ་ནོར་འགལ་ཆེ་ཙམ་སྣང་བ། དཔེར་ན། ཆེ་ཡུལ་རིག་འཛིན་ཆེན་མོས་སྔ་འགྱུར་ནོར་གླིང་དགོན་པ་རབ་བྱུང་བརྒྱད་པའི་དཀྱིལ་དུ་བཏབ་པར་བཤད་པ་ནི། ཆགས་འདེབས་པ་པོ་སྐུ་མ་འཁྲུངས་གོང་གི་མི་ལོ་ཧྲིལ་བོ་བརྒྱ་ཕྲག་གཉིས་ལྷག་གི་སྔོན་དུ་དགོན་པ་ཆགས་བཏབ་པ་ཞིག་ཏུ་འགྱུར་ཏེ། ཆེ་ཡུལ་རིག་འཛིན་ཆེན་མོ་རབ་བྱུང༡༣པའི་ནང་དུ་མདོ་ཁམས་སྡེ་དགེའི་ཆབ་འབངས་ཉི་མ་རྫ་ཆུ་ཁའི་ཆེ་ཡུལ་དཔོན་གྱི་ལྷ་སྡེ་དགེ་རྩེ་ཆེ་ཡུལ་གོང་མའི་གཉེར་ཆེན་ཆ་དཔོན་ཚང་དུ་གླང་ཡག་མཆོག་སྤྲུལ་སྐུ་ཕྲེང་གཉིས་པ་བསོད་ནམས་དཔལ་མཆོག་གྲགས་པ་དང་། ཆ་དཔོན་མགོན་པོ་ལྷ་དར་བཅས་མ་གཅིག་གི་སྲས་སུ་བལྟམས་པར་མ་ཟད། སྤྱི་ལོ༡༧༥༩ལོར་སྐུ་འཁྲུང་བའི་རྫོགས་ཆེན་གསུམ་པ་ངེས་དོན་དོན་བསྟན་འཛིན་བཟང་པོ་དང་། སྤྱི་ལོ༡༧༡༢ལོར་འཁྲུང་བའི་ཉི་སྤྲུལ་གཉིས་པ་པདྨ་ཐེག་མཆོག་བསྟན་པའི་རྒྱལ་མཚན་གཉིས་ཀྱི་ཐུགས་སྲས་ཡིན་པར་ལོ་རྒྱུས་ཚད་ལྡན་ཀུན་ཏུ་ནམ་ལངས་ཉི་ཤར་ལྟར་གསལ་བས་སོ།།
ཆགས་ཇི་ལྟར་བཏབ་པའི་ཚུལ་ནི་འཕགས་ཡུལ་གྲུབ་ཆེན་ཤ་ཝ་རི་བའི་རྣམ་སྤྲུལ་དུ་གྲགས་པ་ཧོར་བླ་ཆེན་སངས་རྒྱས་རིན་ཆེན་གྱིས་བཤད་པ་ལོ་བཅུ་དང་སྒྲུབ་པ་ལོ་དགུ་ལ་མཛད་པས་བཤད་སྒྲུབ་མཐའ་རུ་ཕྱིན་ནས། བསྟན་དང་འགྲོ་བའི་དོན་དུ་བྱང་ཉི་མ་རྫ་ཆུ་ཁའི་ཕྱོགས་སུ་ཆིབས་ཀྱི་ཁ་ལོ་བསྒྱུར་སྐབས་དགེ་རྩེ་ཆེ་ཡུལ་དུད་བདུན་མ་ཆ་ལག་དང་བཅས་པ་ལ་མཆོད་ཡོན་གྱི་འབྲེལ་བ་དམ་ཟབ་ཆགས་པས་དམ་པ་གང་ལ་གནས་འདི་རུ་ཆོས་སྡེ་ཞིག་འགོ་འཛུགས་རྒྱུའི་ཐུགས་འདུན་བྱུང་། ཡིན་ནའང་གནས་ངེས་མེད་སྦྲ་ནག་ལ་བརྟེན་ནས་སྐབས་རེའི་ཆོས་ཚོགས་ཙམ་ལས་ཆོས་སྡེ་ཁྲ་གྱི་ལེ་བ་ཞིག་བཏབ་མ་ཐུབ་ཅིང་། ཕྱིར་ཕ་ཡུལ་ལ་བྱོན་སྐབས་སྡེ་འདིའི་མི་མང་ལ་ང་ལ་ཁྱེད་ཅག་གིས་དར་དཀར་གྱི་ལག་གཡོབ་བྱོས་དང་ཁོང་གི་སྐུ་སྐྱེས་ཕྱི་མ་གནས་འདིར་འཁྲུངས་པའི་རྟེན་འབྲེལ་ཡོད་གསུངས་ནས་རང་ཡུལ་དུ་བྱོན། སྐུ་སྐྱེས་གཉིས་པ་བསོད་ནམས་དཔལ་མཆོག་གྲགས་པ་རྟེན་འབྲེལ་དང་ལུང་བསྟན་དུས་སུ་སྨིན་ཏེ། རབ་བྱུང་བཅུ་གཉིས་པའི་མེ་མོ་ཕག་གི་ལོར་ཆེ་ཡུལ་རིག་འཛིན་ཆེན་མོ་དང་། ས་སྐྱོང་མགོན་པོ་ལྷ་དར་གཉིས་ཀྱི་སྐུ་མཆེད་དུ་ཆེ་ཡུལ་ཆ་དཔོན་ཚང་ལ་སྐུ་འཁྲུངས་ཤིང་། སྡོམ་གསུམ་སྲོག་ལས་གཅེས་པའི་དམ་པ་གང་ཉིད་དགུང་གྲངས་རེ་གཅིག་ལ་སོན་པ་རབ་བྱུང་བཅུ་གསུམ་པའི་མེ་མོ་ཕག་གི་ལོར། རྒྱལ་བའི་ལུང་བསྟན་པའི་སྐྱེས་བུ་ཆེན་པོ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་གདན་རབས་སོ་དྲུག་པ་ཤར་ཆེན་བྱང་ཆུབ་སེམས་དཔའ་རིན་ཆེན་མི་འགྱུར་རྒྱལ་མཚན་ནམ་ཀླུ་ལྡིང་མི་འགྱུར་རྒྱལ་མཚན་མཆོག་ཆེད་དུ་གདན་དྲངས་ནས་མཁན་སྤྲུལ་རྣམ་གཉིས་ཐུགས་བློ་གཅིག་མཐུན་གྱིས་ད་ལྟའི་དགོན་ས་འདིར་དངོས་སུ་ཆགས་བཏབ་ཅིང་། མཁན་ཆེན་མི་འགྱུར་རྒྱལ་མཚན་གྱིས་གླང་ཡག་བཀྲ་ཤིས་ཆོས་གླིང་དགོན་དང་། མཆོག་སྤྲུལ་བསོད་ནམས་དཔལ་མཆོག་གྲགས་པས་དབེན་གནས་བསམ་གཏན་འཕེལ་རྒྱས་གླིང་ཞེས་མཚན་གསོལ་བར་མ་ཟད། ཀླུ་ལྡིང་མི་འགྱུར་རྒྱལ་མཚན་གྱིས་སྨོན་ཚིག་དམ་ཕྲུག་ཐམ་ཀ་ཅེས་པའི་རིགས་ལྔའི་གྲངས་ལྡན་གྱི་ཕྱག་ཡིག་འདི་གནང་།
མཆོག་གསུམ་ཐུགས་རྗེས་ཀླུ་ལྡིང་དགོན་གསར་འདི། བསྐལ་བ་ནམ་གནས་བར་དུ་དར་བ་དང་། །ཐམས་ཅད་མི་གཞི་བཟང་ཞིང་སློར་གཉེར་མཁས། །
ནད་མེད་ཚེ་རིང་བསྙེན་སྒྲུབ་བརྩོན་པར་ཤོག །སྡུག་བསྔལ་ས་བོན་རྐུ་ཇག་ཧམ་བྱེད་དང་། །ཨ་རག་ཆང་སྐྱོན་དུ་བ་འཐེན་མཁན་སོགས། །ཆོས་དང་འགལ་བ་མཐའ་དག་མི་འབྱུང་ཞིང་། །བདེ་སྐྱིད་རྒྱུ་ལ་མཁས་པ་ཤ་སྟག་ཤོག །རང་སྐྱོན་ཅི་འདུག་ལྟ་ལ་མཁས་པ་དང་། །གཞན་སྐྱོན་ཆོས་བཞིན་བཅོས་འདོད་མ་གཏོགས་པ། །གཞན་སེམས་མི་དཀྲུག་ཀུན་གྱི་ངོས་འཛིན་མཁས། །རང་གཞན་དགེ་ལེགས་སྤེལ་ནུས་ཤ་སྟག་ཤོག །གྲྭ་བ་ཐམས་ཅད་ཆོས་ལ་བློ་འགྲོ་ཞིང་། །དགོན་པའི་ནང་དུ་སྡོད་སྙིང་འདོད་པ་དང་། །མདོ་རྒྱུད་མང་པོ་ལྟ་རྟོགས་བྱེད་པ་ལ། །གལ་ཆེན་བྱེད་མཁན་ཤ་སྟག་འབྱུང་བར་ཤོག །དགོན་པ་འདི་ཡི་མིང་ཙམ་ཐོས་པས་ཀྱང་། །ཕྱོགས་མཐར་སྡིག་པ་བྱེད་སྙིང་མི་འདོད་ཅིང་། །དགེ་བ་བྱེད་འདོད་ལམ་དུ་འགྲོ་བ་ཡི། །དགེ་རྟགས་ཉི་མ་ཤར་ལྟར་གསལ་བར་ཤོག །

དགོན་པ་འདི་ལ་གླང་ཡག་བཀྲ་ཤིས་ཆོས་གླིང་དགོན་ཞེས་འབོད་པའི་མཚན་དོན་དངོས་གང་ཡིན་ནི། གནའ་མི་རྒན་པོ་ཚོས། ཐུབ་བསྟན་ངུར་སྨྲིག་འདུས་པའི་གླིང་ག་འདི་ཡི་བྱེད་པོ་གང་ཉིད་ཆོས་སྡེ་ཞིག་གསར་དུ་འཛུགས་རྒྱུའི་ཐུགས་འདུན་གྱིས་རྒྱུད་བསྐུལ་ནས་ད་ལྟའི་དགོན་ས་འདི་རུ་ཐོག་མར་བྱོན་སྐབས། མཚེའུ་མི་ཆུང་བ་ཞིག་གི་ཉེ་འགྲམ་ནས་བྱད་གཟུགས་ཡིད་དུ་འོང་ཞིང་མདོག་གཡུ་ལྟར་སྔོ་བའི་རི་གླང་དར་མ་ཞིག་གིས་དགའ་བདེ་དཔྱིད་དཔལ་གྱི་འཚོ་བ་རོལ་བཞིན་ཡོད་པ་དང་འཕྲད་པས། ཐུགས་རབ་ཏུ་རྒྱས་ཚུལ་ཆེན་པོས་ངོ་མཚར་བའི་ལྟས་སུ་དགོངས་ནས། རི་ཕྲན་རྟགས་བརྒྱད་ཀྱི་མཚན་དཔེའི་རེ་ཁཱ་བཀྲ་བའི་རི་གསེར་ཉ་འདྲ་བའི་ར་བར་དུ་ཆོས་སྡེ་འདི་དངོས་སུ་ཕྱག་བཏབ་སྟེ་གླང་ཡག་བཀྲ་ཤིས་ཆོས་གླིང་དགོན་ཞེས་མཚན་གྱི་ཅོད་པན་རྗེས་གྲུབ་ཀྱི་ཚུལ་དུ་གསོལ་བ་རེད་ཅེས་ཤོད་སྲོལ་གཅིག་དང་། ཡང་ལ་ལས་ཆོས་སྡེ་འདིའི་བསྟན་སྲིད་ཡོངས་རྫོགས་ཀྱི་མངའ་བདག་གླང་ཡག་མཆོག་སྤྲུལ་བསོད་ནམས་དཔལ་མཆོག་གྲགས་པའི་སྐུ་སྐྱེ་གོང་མ་བླ་ཆེན་སངས་རྒྱས་རིན་ཆེན་ཧོར་དཀར་མཛེས་གླང་ནག་དགོན་པའི་བླ་མ་ཡིན་པས་དགོན་པ་འདི་ལ་གླང་ནག་དགོན་ཞེས་མཆོག་སྤྲུལ་གང་ཉིད་ཀྱི་སྐུ་སྐྱེས་གོང་མའི་རང་དགོན་གྱི་མཚན་སླར་ཡང་དགོན་འདི་ལ་གསོལ་པ་རེད་ཅེས་གསུང་པ་སོགས་ལོ་རྒྱུས་ངག་རྒྱུན་གྱི་ཤོད་སྲོལ་མང་པོ་ཞིག་འདུག་ཀྱང་རེ་ཞིག་ཡིག་ཚོགས་མང་བར་དོགས་ནས་འདིར་མ་སྤྲོས། རེ་འགས་སྔ་མོ་དགོན་པ་འདི་ལ་གླང་ནག་དགོན་ཞེས་འབོད་ཀྱང་ད་ལྟ་གླང་ཡག་ཅེས་བསྒྱུར་བ་རེད་ཟེར་བ་དང་། གངས་ལྗོངས་མཁས་པའི་ལྷན་ཚོགས་ཐེངས་དགུ་པའི་སྐབས་སུ་འཕགས་ཡུལ་སེ་ར་ཐེག་ཆེན་གླིང་གི་ལྷ་རམས་པ་ཞིག་དང་ང་ཚོ་གླེང་མོལ་བྱེད་སྐབས་ཁོང་གིས་ང་ལ། སྔ་མོ་ཁྱེད་ཀྱི་དགོན་པའི་དོར་རྒྱལ་བསྟེན་བཞིན་པའི་སྐབས་སུ་གླང་ནག་དགོན་ཞེས་འབོད་པ་དང་། དོར་རྒྱལ་མཚམས་འཇོག་གནང་བ་ནས་གླང་ཡག་དགོན་ཞེས་འབོད་ཀྱི་འདུག དོར་རྒྱལ་མཚམས་འཇོག་གནང་པ་ཡག་པོ་རེད་དེ་དགོན་པའི་མིང་ལ་འགྱུར་བ་གཏོང་དགོས་མི་འདུག་གསུངས་སོང་། དྲང་མོར་བཤད་ན་འདི་ནི་འདི་འདྲའི་འགྱུར་བ་བཏང་བ་ཞིག་རྩ་བ་ནས་མ་ཡིན་པར་དགོན་པ་འདི་ལ་གླང་ཡག་དགོན་ཞེས་སྔ་མོ་ནས་འབོད་པ་སྟེ། གླང་ཡག་སྐུ་ཕྲེང་གཉིས་པ་བསོད་ནམས་དཔལ་མཆོག་གྲགས་པ་གོང་མ་སྡེ་དགེ་ཚང་གི་དབུ་བླར་ཕེབས་ནས་བླ་དཔོན་མཆོད་ཡོན་ཟུང་འབྲེལ་གྱིས་དགོན་འདིར་སྤྲུལ་བའི་གཙུག་ལག་ཁང་གཉིས་པར་གྲགས་པའི་ཀ་བ་བརྒྱ་ཡོད་པའི་འདུ་ཁང་རྟེན་དང་བརྟེན་པ་བཅས་པར་གསར་བཞེངས་ལེགས་འགྲུབ་སྐབས། ངེས་པ་དོན་གྱི་མཁས་གྲུབ་བྱེ་བའི་གཙུག་ནོར་པདྨ་འོད་གསལ་མདོ་སྔགས་གླིང་པའམ་བཀའ་བབ་བདུན་ལྡན་འཇམ་དབྱངས་མཁྱེན་བརྩེ་དབང་པོ་ཀུན་དགའ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོས་བསྩལ་བའི་བཀའ་འཕྲིན་ལས་ཆེ་ཝོ་གླང་ཡག་དགོན་ཞེས་གསུང་འདུལ་ལ། དམ་པ་ཁོང་ནི་ཀུན་ལ་གསལ་བ་བཞིན་རབ་བྱུང་བཅུ་བཞི་བའི་ནང་དུ་བྱོན་པའི་འཇིག་རྟེན་གྱི་སྒྲོན་མེ་གཅིག་ཆོག་ཞིག་ཡིན་པའོ།།
དགོན་འདི་ཆགས་བཏབ་ནས་མི་ལོ་བརྒྱ་ཕྲག་གཉིས་ལྷག་གི་ལོ་རྒྱས་ཀྱི་གསེབ་ནས་ཉམས་རྒུད་སོང་བའི་རིམ་པ་མདོར་བསྡུས་ཤིག་གླེང་བ་ནི། རབ་བྱུང་བཅུ་བཞི་པའི་ལྕགས་བྱ་1861ལོར་ཉག་སྐེད་མགོན་པོ་རྣམ་རྒྱལ་གྱི་དམག་དཔོན་ཨ་མཆོག་ལུ་གུ་མས་འགོ་བྱས་པའི་ཉག་དམག་གིས་གཏོར་བརླགས་ཚབས་ཆེན་བཏང་བ་དང་། ཡང་རབ་བྱུང་བཅོ་ལྔ་པའི་མེ་སྟག1926ལོར་ཆ་ཕྲན་དམག་གིས་གཏོར་བརླགས་བཏང་བས་ཉམས་ཉེས་རྒྱ་ཆེན་བྱུང་བར་བཤད། མ་ཚད་གངས་ལྗོངས་བསྟན་སྲིད་བརླགས་པའི་གཤེད་མ། མ་རུང་དམ་སྲིའི་ལོག་སྨོན་དུས་སུ་སྨིན་པའི་སྟོབས་ཀྱིས་རབ་བྱུང་བཅུ་དྲུག་པའི་ས་ཕག1959ལོའི་བཅོས་བསྒྱུར་སྐབས་དང1966མེ་རྟ་ལོའི་རིག་གནས་གསར་བརྗེ་ཆེན་པོ་ཡས་མས་སུ་གཙུག་ལག་ཁང་རྟེན་གསུམ་དང་བཅས་པ་ཡོངས་སུ་བརླགས་ཤིང་། བཤད་སྒྲུབ་དགེ་ལས་ཀྱི་སྒྲ་ཙམ་ཡང་མེད་པར་བྱས་ནས། བྱང་གི་འཚོ་སྡེ་ཉེར་ལྔའི་འདི་ཕྱིའི་སྐྱབས་གནས་གཅིག་ཆོག་གླང་ཡག་མཆོག་སྤྲུལ་སྐུ་ཕྲེང་བདུན་པ་ཨ་བུ་ཡིད་བཞིན་ནོར་བུ་འཇམ་དབྱངས་དགེ་ལེགས་ཆོས་འཕེལ་གྱིས་གཙོས་སྡེ་དགོན་གཉིས་ཀྱི་བླ་དཔོན་དབུ་ལས་ཆེ་ཁག་སུམ་བཅུ་ཙམ་ཞིག་ཉེས་མེད་བཙོན་དུ་བཅུགས་ནས་བརྡུངས་བརྡེགས་ཚད་ལས་བརྒལ་བ་བྱས་པས་སྤྲུལ་སྐུ་ཡིད་བཞིན་ནོ་བུ་སོགས་མང་དག་ཅིག་ཕྱིར་འོང་མེད་པར་གྱུར། དེ་ནས་མི་ལོ་བཅུ་ཕྲག་གཉིས་ལྷག་ལ་དགོན་ས་འདི་རུ་གྱང་རོ་ཁག་ཅིག་མ་གཏོགས་ཅི་ཡང་མཐོང་རྒྱུ་མེད་པས་ཆོས་ལྡན་སྐྱེ་འགྲོ་ཀུན་གྱི་སེམས་ལ་ཟད་མི་ཤེས་པའི་སྡུག་བསྔལ་གྱི་མཚོ་ཆེན་བརྡོལ། གཞན་ཡང་སྤྱི་ལོ1993ལོ་ནས་དགོན་འདིར་སྤྲུལ་སྐུའི་རྩོད་གླེང་ཚབས་ཆེན་བྱུང་བའི་རྐྱེན་གྱིས་སྤྱི་ལོ2000ལོར་དགོན་པར་དགྲ་རྒྱབ་ནས་རྟེན་གསུམ་ལ་ཉམས་རྒུད་ཅུང་ཟད་ཕོག ཉེ་ཆར་རང་དགོན་གྱི་མཁན་སྤྲུལ་ཆེ་ཁག་རེ་འགས་བྲིས་པའི་དགོན་འདིའི་ལོ་རྒྱུས་སུ་སོག་དམག་གིས་གཏོར་བརླགས་བྱས་པར་གསུངས་འདུག་ཀྱང་། རབ་བྱུང་བཅུ་གཅིག་པའི་ས་འབྲུག1638ལོར་རྒྱལ་དབང་ལྔ་པའི་དུས་སུ་སོག་པོ་གུ་ཤི་ཧན་གྱིས་བོད་ལ་དམག་དྲངས་པས་ཁམས་ཁུལ་གྱི་དགོན་སྡེ་མང་པོ་ཞིག་ལ་ཉམས་ཉེས་ཕོག་ཀྱང་དེའི་སྐབས་སུ་དགོན་པ་འདི་ལ་ནས་ཆགས་མེད། དེའི་ཕྱིས་སུ་སོག་དམག་གིས་འདིར་ཕྱོགས་སུ་གཏོར་བརླག་བྱས་ཚུལ་ཞིག་ཕལ་ཆེར་མེད་པ་འདྲའོ། ། ཉམས་པ་བསྐྱར་དུ་གསོས་པའི་ཚུལ་ནི་ཉག་དམག་དང་ཆ་ཕྲན་དམག་གིས་གཏོར་བརླགས་བྱས་རྗེས་སུ་ཉམས་གསོ་ཇི་ལྟར་བྱས་ཚུལ་དཔྱད་གཞིའི་ཡིག་ཆ་མེད་པས་དེའི་སྐོར་གྱི་ལོ་རྒྱུས་ཚད་ལྡན་ཞིག་འབྲི་ཐབས་མ་མཆིས་ཤིང་། གང་དྲན་གང་བབ་ཏུ་བརྗོད་ཀྱང་ཕན་པ་མི་འདུག རིག་གསར་དུས་འགྱུར་ཆེན་མོའི་རྗེས་སུ་བོད་རང་སྐྱོང་ལྗོངས་ཀྱིས་དགོན་པ་བསྐྱར་གསོ་བྱེད་ཆོག་པའི་ཆོག་མཆན་ཐོབ་པས། སྤྱི་ལོ1985བོད་རབ་བྱུང་བཅུ་དྲུག་པའི་ཤིང་མོ་གླང་གི་ལོའི་དྲུག་པའི་ཚེས་བཞིའི་ཉིན་ཡང་དར་སྐལ་བཟང་དང་པོའི་ཆོས་མཛད་ཀྱི་སྒོ་མོ་སླར་ཡང་ཕྱེས། དེ་ནས་བཱ་ཐུར་མཁན་ཆེན་ཐུབ་དགའ་ཡིད་བཞིན་ནོར་བུའི་དངོས་སློབ་སྙིགས་དུས་ཀྱི་འདུལ་འཛིན་ཉེ་བ་གཉིས་པ་གླང་ཡག་མཁན་ཆེན་ཕུན་ཚོགས་ཚེ་རིང་མཆོག་དབུར་བཞུགས་ཐོག ཤི་འཕྲོ་ལྷག་དུམ་གྱི་རྒན་པ་རྣམས་ཀྱིས་གཙོ་འགན་བཞེས་ནས་གླང་ཡག་དགོན་གྲོང་གཉིས་ཀྱི་སྐྱ་སེར་ཡོད་དགུའི་དཀའ་སྡུག་གི་ཐིགས་པ་ཐོད་ལ་བསགས་ནས་ཚོགས་ཆེན་གཙུག་ལག་ཁང་དང་། ཡིག་བརྒྱའི་དུང་འཁོར་ཆེན་མོ། རུང་ཁང་། གཉེར་ཁང་། དགེ་འདུན་པའི་གྲྭ་ཤག་སོགས་སྔར་བཞིན་ལེགས་པར་གྲུབ་པར་མ་ཟད། ལོ་རེ་བཞིན་བོད་ཟླ་བཅུ་གཉིས་པའི་ཚེས་སུམ་བཅུ་ནས་དང་པོའི་ཚེས་དྲུག་བར་ཉིན་བདུན་ལ་བཟང་སྤྱོད་སྨོན་ལམ་ཆེན་མོ་ཚོགས་རྒྱུ་དང་། དེ་ནས་ཉིན་གཅིག་ལ་ཚེ་ལྷ་རྣམས་གསུམ། གཉིས་པའི་ཚེས་བརྒྱད་ནས་ཉིན་བདུན་ལ་ནཱ་རོ་མཁའ་སྤྱོད་ཀྱི་སྒྲུབ་མཆོད། དེ་ནས་ཉིན་གསུམ་གྱི་རིང་ལ་མི་འཁྲུགས་པའི་སྒྲུབ་མཆོད། དེ་ནས་ཉིན་གསུམ་ལ་གསོལ་ཁ། ལྔ་པའི་ཚེས་ཉེར་གཅིག་ནས་ཉིན་བཅུ་ཡི་རིང་ལ་དབྱར་ཁའི་སྤྱི་སྲུང་དང་། དེ་ནས་ཉིན་ལྔ་ཡི་རིང་ལ་ཆེ་ཡུལ་རིག་རྩལ་ཟློས་གར་ཚོགས་པས་གཙོ་འགན་ཁུར་ནས། ཡུལ་དགོན་གཉིས་ཀྱི་སྐྱ་སེར་རྒན་གཞོན་མེད་པ་གཞིས་བྱེས་གཉིས་ན་ཡོད་པ་ཐམས་ཅད་ལྷན་འཛོམས་ཐོག་དབྱར་གྱི་དུས་སྟོན་རོལ་བ། དྲུག་པའི་བཅོ་ལྔ་དབྱར་ཚུལ་ཞིང་འབྲིམ་པ་དང་བཅས་བདུན་པའི་ཚེས་སུམ་བཅུའི་བར་ཉིན་ཞེ་ལྔ་ལ་བསྟན་པའི་རྩ་བ་འདུལ་གཞུང་རིན་པོ་ཆེའི་དགོངས་པ་དང་མཐུན་པར་དབྱར་གནས། བརྒྱད་པའི་བཅོ་ལྔ་ནས་ཉིན་བདུན་ལ་ཀྱཻ་རྡོར་སྒྲུབ་མཆོད་དང་།ཀུན་རིག་སྒྲུབ་མཆོད། དེ་ནས་ཉིན་ལྔ་ལ་རྡོར་སེམས་སྒྲུབ་མཆོད། དེ་ནས་ཉིན་གཅིག་ལ་རྣམ་རྒྱལ་སྟོང་མཆོད། དགུ་པའི་ཚེས་གསུམ་ནས་གླིང་ཡོངས་རྫོགས་ལ་ས་རྩི་གསོལ་ཞིང་ཚེས་བཅུ་བཞི་ཉིན་གླང་ཡག་བཤད་གྲྭ་ཁང་དང་མཉམ་དུ་ས་མཆོད་སེར་ཕྲེང་རྒྱས་སྤྲོས། དགུ་པའི་བཅོ་ལྔ་ནས་ཉིན་བཅུ་ལ་སྤྱི་རིམ་སྒྲོལ་མའི་ཆོས་ཚོགས། བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་གླང་ཡག་བཤད་གྲྭ་ཁང་དང་མཉམ་དུ་ས་པཎ་ཆོས་འབྱེད་ཆེན་མོ། བཅུ་གཉིས་པའི་ཚེས་བཅོ་ལྔ་ནས་ཉིན་དགུ་ལ་འཆམ་བསྐྱར་སྦྱང་དང་། ཚེས་ཉེར་བཞི་ནས་དྲུག་བཅུའི་སྒྲུབ་མཆོད་ཆེན་མོ། ཚེས་བརྒྱད་དང་དགུ་གཉིས་ལ་གཏོར་འཆམ་བྱེད་པ་སོགས་སྔ་སྲོལ་དམ་པ་གོང་མའི་ཕྱག་བཞེས་རྣམས་ཉམས་པ་སླར་གསོ་དང་བཅས་རྒྱུན་སྐྱོང་བཞིན་ཡོད།  བཤད་གྲྭ་དང་སློབ་གྲྭ་གཉིས་ཀྱི་ལོ་རྒྱུས་ཟུར་ཙམ་གླེང་བ་ནི། བཱ་ཐུར་ཐུབ་དགའ་ཡིད་བཞིན་ནོར་བུའི་དངོས་སློབ། དགོན་འདིའི་ཡང་དར་བསྟན་པའི་སྒྲོན་མེ། ངེས་པ་དོན་གྱི་འདུལ་བ་འཛིན་པ་ཆེན་པོ་མཁན་རྒན་ཕུན་ཚོགས་ཚེ་རིང་མཆོག་གིས་སྤྱི་ལོ2003ལོར་བཤད་གྲྭ་གསར་བཙུགས་མཛད་ནས། མདོ་སྔགས་རིག་གནས་དང་བཅས་པའི་འཆད་ཁྲིད་ལོ་གསུམ་གྱི་རིང་ལ་གནང་། དེ་ནས་མཁན་རྒན་སྐུ་ན་ཧ་ཅང་བགྲེས་པས་རྐྱེན་གྱིས2005ལོར་རྫོང་སར་ཁམས་བྱེའི་སློབ་གླིང་གི་སློབ་ཐོན་རབས་འབྱམས་པ་ཐུབ་བསྟན་དབང་རྒྱལ་ལམ་མཁན་སྟག་རྒོད་མཆོག་ཆེད་དུ་བཤད་གྲྭའི་མཁན་པོར་གདན་དྲངས་ཏེ། གཞུང་ཚན་ཤེས་བྱའི་རིམ་པ་ཡོངས་སུ་དྲིལ་ན་རྒྱ་བོད་མཁས་པའི་ལེགས་བཤད་བཞི་བཅུ་རྩ་གཅིག་ཙམ་ཞིག་གི་དགོངས་དོན་དཔལ་ལྡན་ས་སྐྱ་པའི་རང་ལུགས་གཙོ་ཆེར་རྩལ་འདོན་གྱིས་ཁམས་བྱེ་རྫོང་སར་གྱི་བཤད་སྲོལ་བཞིན་གནང་རྒྱུ་དང་། ཉིན་རེའི་དུས་ཚོད་ཞོགས་པ་ཆུ་ཚོད་དྲུག་པའི་སྟེང་ནས་སྐུ་བཞེངས་ཏེ་དཔེ་ཆ་ཀློག་འདོན་དང་། བདུན་པའི་ཐོག་ཏུ་ཞོགས་ཇ་བཞེས་པ། ཆུ་ཚོད་བརྒྱད་ནས་བཅུ་གཅིག་གི་བར་འཛིན་གྲྭ་སོ་སོའི་ཆོས་ཐུན་གནང་རྒྱུ་དང་རྩ་བ་འདོན་པ་རྩོད་པ་བཅས་ཚོགས། དེ་ནས་གུང་ཟས་བཞེས་ཏེ། དུས་ཚོད་བཅུ་གཉིས་ནས་གསུམ་དང་ཕྱེད་བར་རང་རང་གི་ཤག་ཏུ་རང་སྦྱོང་མཛད་རྒྱུ། གསུམ་ཕྱེད་ནས་དྲུག་ཕྱེད་བར་དུ་དགོངས་གསོལ་དང་ཡོན་ཁ་བསྐྱར་སྦྱོང་འཛིན་གྲྭའི་དམ་བཅའ་བཅས་རིམ་བཞིན་ཚོགས་པ། དེ་ནས་དགུང་ཟས་གསོལ་རྗེས་མཚན་མོ་དུས་ཚོད་བཅུ་གཅིག་བར་རང་རང་གི་ཤག་ཏུ་རང་སྦྱོང་བྱེད་དགོས། ལོ་རེའི་དུས་ཚོད་བཀོད་སྒྲིག་དབྱར་ཟླ་བ་གཅིག་དང་། དགུན་ཟླ་བ་གཅིག དབྱར་སྐྱིད་ཉིན་བདུན། ཟླ་བ་བྱུང་ངོ་ཅོག་གི་ཚེས་གཅིག་དང་བཅུ་དྲུག་ལ་ངལ་གསོ་ཡིན་པ་ལས་དུས་བཞི་ཀུན་ཏུ་གཏན་ཚོགས་ཡིན། སློབ་ཚན་དང་དུས་ཚོད་ཀྱི་བཀོད་སྒྲིག་འདི་དག་བཤད་སྲོལ་ཙམ་མ་ཡིན་པར་ད་སྔོན་མི་ལོ་བཅུ་གསུམ་གྱི་རིང་ལ་ལག་བསྟར་བྱས་པར་མ་ཟད་ད་ལྟའང་ཇི་བཞིན་རྒྱུན་སྐྱོང་བྱེད་བཞིན་ཡོད་པས་ལོ་རྒྱུས་ཀྱི་རིན་ཐང་ཡོད་པར་བསམས་ནས་བཀོད་པ་ཡིན། སློབ་གླིང་འདིས་ལོ་རེའི་ནང་དུ་འཆད་རྒྱུག ཡིག་རྒྱུག རྩོད་རྒྱུག་ཐེངས་གཉིས་ལ་ཕུལ་ནས་ལོ་མཇུག་ཏུ་གཟེངས་རྟགས་འབུལ་བ་དང་། གཞུང་ཚན་ཤེས་བྱའི་རིམ་པ་བཞི་བཅུ་རྩ་གཅིག་ཡོངས་སུ་རྫོགས་ཤིང་། ལོ་རྒྱུས་གཙང་བའི་སློབ་མ་རྣམས་ལ་སྦྱང་འབྲས་ཚད་དང་ལྡན་པའི་དཔང་ཡིག་སྤྲོད་རྒྱུ་ཡོད་པར་མ་ཟད། ཚུལ་ཁྲིམས་གཙང་ཞིང་མང་ཐོས་ཀྱི་ཤེས་རབ་མཆོག་དང་ལྡན་པའི་སྐྱེས་བུ་རྣམས་ལ་རྒྱུགས་འབྲས་རབ་འབྲིང་མཐའ་གསུམ་གྱི་གོ་རིམ་བཞིན། མདོ་སྔགས་རབ་འབྱམས་དང་པོར་ལུང་རྟོགས་བསྟན་པའི་མཛོད་འཆང་ཞེས་པའི་མཚན་གནས་དང་སྦྲགས་པཎ་ཞྭ་དཀྲིས་གསུམ་པ་ཅན་དང་། མདོ་སྔགས་རབ་འབྱམས་པ་གཉིས་པར་མདོ་རྒྱུད་ལེགས་བཤད་འབྱུང་གནས་ཞེས་པའི་མཚན་གནས་དང་སྦྲགས་པཎ་ཞྭ་དཀྲིས་གཉིས་པ་ཅན། མདོ་སྔགས་རབ་འབྱམས་པ་གསུམ་པར་དམ་ཆོས་སྨྲ་བའི་དབང་ཕྱུག་ཅེས་པའི་མཚན་གནས་དང་སྦྲགས་པཎ་ཞྭ་དཀྲིས་གཅིག་པ་ཅན། སྤྱིར་བཏང་མཁན་ཆུང་པོད་ཆེན་དྲུག་ལ་འབྲུ་འགྲེལ་ཚད་ལྡན་ཙམ་ཤེས་མཁན་བསྐོ་བཞག་གནང་སྐབས་པཎ་ཞྭ་དཀྲིས་མེད་པ་རེ་གནང་རྒྱུ་ཡོད། ད་སྔོན་སློབ་གླིང་འདིས་ཡོན་ཚད་མི་དམན་པའི་སློབ་མ་གྱ་དྲུག་ཙམ་ཞིག་གསོ་སྐྱོང་བྱས་ཤིང་། སློབ་གླིང་འདི་ཡོད་པ་ནས་བཟུང་གླང་ཡག་བཀྲ་ཤིས་ཆོས་གླིང་དགོན་པ་རྒྱལ་བསྟན་སྤྱི་དང་ཁྱད་པར་རྗེ་བཙུན་ས་སྐྱ་པའི་བསྟན་པའི་མཛེས་རྒྱན་གཅིག་ཆོག་ཞིག་ཏུ་གྱུར་བས། རྫོང་སར་ཁམས་བྱེའི་སློབ་གླིང་བཤད་སྒྲུབ་དར་རྒྱས་གླིང་གི་མཁན་རབ་བཅུ་པ་སྐྱབས་རྗེ་བདེ་བར་གཤེགས་པ་དོན་གྱི་སླད་དུ་མཚན་ནས་སྨྲོས་ན་པད་མ་དམ་ཆོས་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོས་གླང་ཡག་བཤད་གྲྭ་མདོ་སྔགས་ཆོས་ཀྱི་འབྱུང་གནས་བཀྲ་ཤིས་དགེ་འཕེལ་གླིང་ཞེས་མཚན་གསོལ་བའོ།། མཁན་ཆེན་ཡེ་ཤེས་བཟང་པོའི་ཐུགས་ཁུར་གྱི་འོག་ནས2004ལོར་གླང་ཡག་གྲྭ་ཆུང་སློབ་གྲྭ་གསར་དུ་བཙུགས་ནས་ད་བར་མི་ལོ་བཅུ་བཞི་འདས་ཟིན། དབྱར་གྱི་ངལ་བརྩོན་དུས་སྐབས་དང་། དགུན་གྱི་སློབ་གྲོལ་ཟླ་གཅིག ཟླ་རེར་ངལ་གསོ་ཉིན་གཉིས་མ་གཏོགས་ཉིན་བཞིན་ཞོགས་པ་དུས་ཚོད་དགུ་ནས་ཕྱི་དྲོ་དུས་ཚོད་ལྔ་དང་ཕྱེད་བར་དུས་བཞི་ཀུན་ཏུ་གཏན་ཚོགས་ཡིན། འདས་ད་མ་གསུམ་གྱི་དགེ་རྒན་སྤྱི་དང་ཁྱད་པར་འདས་པོ་དགེན་ཨ་བ་ཡིས་མི་ལོ་ཧྲིལ་བོ་བཅུ་ཡི་རིང་ལ་སློབ་ཆུང་འདི་ཡི་ཆེད་དུ་ངལ་བ་ཐོད་ལ་བསགས་པས་སྒྲིག་སྲོལ་དང་། སློབ་མ་གསོ་སྐྱོང་། སློབ་གྲྭའི་ཤེས་ཚད་བཅས་ལ་བརྗོད་མི་ཐབས་པའི་མཛད་རྗེས་ཆེན་པོ་བཞག་ཡོད། སློབ་ཆུང་གི་སློབ་ཚན་རིམ་པ་ནི་འགོ་ཀ་ཁའི་ཀློག་འདོན་ནས་བཟུང་། མཇུག་ཀུན་རིག་བསྙེན་ཆོག་ཕྱག་རྒྱ་དང་སྦྲགས་མ། གཏོར་བསྔོས་དུས་བཞི་རྟ་དབྱངས་དང་སྦྲགས་མ་སྟེ་དགོན་འདིའི་སྔ་སྲོལ་དམ་པ་གོང་མའི་ཕྱག་བཞེས་ཆོ་ག་ཆོས་སྤྱོད་ཀྱི་རིམ་པ་གང་ཡོད་མི་ལོ་དྲུག་གི་རིང་ལ་མཐར་ཕྱིན་པ་བྱེད་དགོས་ཤིང་། འདིའང་བཤད་པ་ཙམ་དུ་མ་སོར་བར་ད་སྔོན་མཚན་ཉིད་འདི་དང་ལྡན་པའི་སློབ་མ་བརྒྱ་ཕྲག་ལྷག་ཅིག་གསོ་སྐྱོང་བྱས་ཡོད་པ་ཡིན། མཁན་ཆེན་ཐུབ་བསྟན་དབང་རྒྱལ་ལམ་མཁན་པོ་སྟག་རྒོད་མཆོག་གིས་བསྩལ་བའི་སློབ་ཆུང་བཅའ་ཡིག་ལས། ཐོས་པ་སློབ་གཉེར་གྱི་ཕྱོགས་ལ་བློ་ཁ་མ་ཞུགས་ན། ཁྱིམ་གཞིས་མགོ་འཛིན་གྱི་གྲྭ་བ། དགྲ་འདུལ་གཉེན་སྐྱོང་གི་གྲྭ་བ། རྒྱ་འགྲོ་དབུས་སྐོར་གྱི་གྲྭ་བ།ཚོང་ཁེ་སོ་ནམ་གྱི་གྲྭ་བ། ཁྱིམ་པ་སུན་འབྱིན་གྱི་གྲྭ་བ།བསྟན་པར་ཞབས་འདྲེན་གྱི་གྲྭ་བ། དགོན་པར་མིག་ལྟོས་ངན་འཇོག་གི་གྲྭ་བ་ཞིག་ལས་མི་འོང་སྟབས། དེ་འདྲ་མ་ཡིན་པར་བསླབ་པ་གསུམ་ལྡན་གྱི་གྲྭ་བ། མཁས་གྲུབ་གཉིས་ལྡན་གྱི་གྲྭ་བ། དམ་པའི་ཕྱག་སྲོལ་འཛིན་པའི་གྲྭ་བ། ཡུལ་སྡེའི་དད་པ་འཁོར་སའི་གྲྭ་བ། ཕ་མའི་རེ་འབྲས་སྨིན་པའི་གྲྭ་བ། བསྟན་འགྲོ་སྤྱི་ལ་སྨན་པའི་གྲྭ་བ་ཞིག་བསྐྱེད་སྲིང་བྱེད་རྒྱུ་དགོན་པའི་བྱ་བ་ཀུན་གྱི་གཞི་རྩར་འཛིན་དགོས་པས། སློབ་ཆུང་མཐར་ཕྱིན་པ་ནས་བྱ་བ་འདྲ་མིན་ལ་ཁ་གཡར་དུ་མི་བཅུག་པར་མ་མཐའ་བཤད་གྲྭར་ལོ་དྲུག་ཏུ་བཞུགས་དགོས་གསུང་པ་དེ། དགོན་པའི་འགན་འཛིན་རྣམས་དང་སློབ་གྲྭའི་དགེ་རྒན་དག་གིས་ལག་ལེན་དོན་འཁྱོངས་མཛད་བཞིན་པ་འདི་ནི་ཆེས་གཟི་བརྗིད་དང་ལྡན་པ་ཞིག་གོ། དགོན་འདིའི་ལོ་རྒྱུས་ཀྱི་འགྱུར་བ་ཆེན་པོ་གཅིག་ཟུར་དུ་གླེང་བ་བཅས་ཀྱིས་ལོ་རྒྱུས་མཇུག་བསྡུ་བ་ནི། གླང་ཡག་མཆོག་སྤྲུལ་སྐུ་ཕྲེང་དྲུག་པ་བྱམས་པ་སྙན་གྲགས་ཤེས་བྱ་མཐར་ཕྱིན་གཙང་ནཱ་ལེནྡྲའི་ཆོས་གྲྭ་ལ་ཕེབས་སྐབས་གདན་ས་གང་གིས་རྒྱལ་པོ་དོར་རྒྱལ་བསྟན་བཞིན་ཡོད་པ་འདྲ། དྲང་མོར་བཤད་ན་གཙང་ནཱ་ལེནྡྲའི་ཆོས་གྲྭ་ཙམ་མ་ཡིན་པར། སྐབས་དེ་དུས་སུ་རྒྱལ་པོ་དོར་རྒྱལ་ནི་ས་དགེ་གཉིས་ཀྱི་གདན་ས་ཆེ་ཁག་ཕལ་མོ་ཆེས་མཚོན་པའི་བོད་ཀྱི་བླ་མ་མི་དཔོན་དགོན་སྡེ་གྲྭ་ཚང་གྲངས་མང་བ་ཞིག་གིས་གསོལ་མཆོད་བྱེད་སའི་བསྟན་སྲུང་གཅིག་ཆོག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་ནི་ལོ་རྒྱུས་ཀྱིས་ང་ཚོ་ལ་ངོས་སྤྲོད་གསལ་བོ་བྱེད་ཀྱི་ཡོད་པ་དེ་འདྲ་ཞིག་རེད། མཆོག་སྤྲུལ་ཤེས་བྱ་མཐར་ཕྱིན་གྱིས་ལོ་ངོ་ལྔ་ལ་ཉེ་བའི་རིང་རྗེ་བཙུན་ས་སྐྱ་པའི་ཡབ་ཆོས་དྲི་མ་མེད་པ་དག་གིས་གཙོའི་མདོ་སྔགས་རིག་གཞུང་གི་གདམས་པ་མང་དུ་བཞེས་ནས་སླར་ཡང་གདན་ས་རང་དུ་ཞབས་པད་བཀོད་ཚེ། རྒྱུད་ཀྱི་དབང་པོའི་གདན་རབས་གསོལ་འདེབས་སོགས་ཆོས་སྤྱོད་ཁག་ཅིག་དང་། ཚར་བའི་ཕྱག་སྲོལ་ལ་སླད་མ་གོས་པའི་གསོལ་གཞུང་རྒྱས་པ་དགོན་འདིར་གསུང་རྒྱུའི་སྲོལ་མཛད་ཅིང་། དུས་དེ་ནས་བཟུང་མི་ལོ་བརྒྱ་ཕྲག་ལྷག་ཅིག་གི་རིང་ལ་རྒྱལ་བོ་དོར་རྒྱལ་གྱི་གསོལ་མཆོད་བསྡུས་བསྡུས་ཤིག་དགོན་འདིར་གསུང་སྲོལ་ཡོད། ཡིན་ན་ཡང་། གོང་ས་རྒྱལ་བའི་དབང་པོ་ཐམས་ཅད་མཁྱེན་ཞིང་གཟིགས་པ་ཆེན་པོ་མཆོག་དང་། དཔལ་ས་སྐྱའི་ཁྲི་ཆེན་རྡོ་རྗེ་འཆང་ཡིད་བཞིན་དབང་གི་རྒྱལ་པོ་སོགས་རིས་སུ་མ་ཆད་པའི་བསྟན་པ་འཛིན་པའི་སྐྱེས་བུ་རྣམས་ཀྱི་བཀའ་བཞིན། ཕྱི་ལོ2008ནས་མཚམས་འཇོགས་བྱས་པ་ཡིན། དེ་ལ་སོགས་པ་སྤྱིར་དགོན་པ་འདིའི་ལོ་རྒྱུས་མཐུས་ཚང་ཞིག་འབྲི་བ་ལ། ངེས་པར་དུ་འཕགས་ཡུལ་གྲུབ་ཆེན་ཤ་ཝ་རིའི་རྣམ་སྤྲུལ་དུ་གྲགས་པའི་གླང་ཡག་མཆོག་སྤྲུལ་སྐུ་ཕྲེང་དང་པོ་བླ་ཆེན་སངས་རྒྱས་རིན་ཆེན་དང་། གཉིས་པ་བསོད་ནམས་དཔལ་མཆོག་གྲགས་པ། གསུམ་པ་བྱམས་པ་བསོད་ནམས་རྒྱ་མཚོ། བཞི་པ་ཀུན་དགའ་འགྲོ་མགོན་བསྟན་འཛིན། ལྔ་པ་མཁྱེན་རབ་དགེ་བའི་དབང་བོ། དྲུག་པ་སྙན་གྲགས་ཤེས་བྱ་མཐར་ཕྱིན། བདུན་པ་འཇམ་དབྱངས་དགེ་ལེགས་ཆོས་འཕེལ། བརྒྱད་པ་འཇམ་དབྱངས་ཀུན་དགའ་འཕྲིན་ལས་བཅས་བསྟན་བདག་རིམ་བྱོན་དང་། གནས་བརྟན་འདུལ་བ་འཛིན་པ་མཁན་ཆེན་ཕུན་ཚོགས་ཚེ་རིང་སོགས་མཁན་ཁྲི་རིམ་བྱོན། རྟེན་གྱི་གཙོ་བོ་སྐུ་གདུང་སྒྲོལ་མ་དང་། སྐུ་ཚབ་ཉེར་ལྔའི་ནང་ཚན་གྱི་གུ་རུ། གླང་ཡག་བཤད་གྲྭའི་རྟེན་གྱི་གཙོ་བོ་ས་པཎ་ང་འདྲ་མ་བཅས་ནང་རྟེན་གྱི་སྐོར་དང་། གླང་ཡག་ཡིག་བརྒྱའི་དུང་འཁོར་ཆེན་མོ་སོགས་ཀྱི་ལོ་རྒྱུས་སྨྲོས་དགོས་ཀྱང་འདིར་མང་བས་མཐའ་ལ་དོགས་ནས་མ་གླེང་མོད། ཇི་བཞིན་མཇལ་བར་འདོད་པ་དག་གིས་ཁོ་བོའི་ལོ་རྒྱུས་དྲ་ཁྱིམ་ལ་གཟིགས་དང་དེ་ན་གསལ་བའོ།།དེང་གི་འཆར་དགོན་པ་འདི་ལ་བླ་གྲྭ་གཉིས་བརྒྱ་ལ་ཉེ་བ་ཞིག་དང་། ཐོས་བསམ་བྱེད་བཞིན་པའི་སློབ་གཉེར་པ་དགུ་བཅུ་གོ་གྲངས། རང་དགོན་གྱི་བཤད་གྲྭ་ལ་མཁན་སློབ་བཞི་བཅུ་ལྷག སློབ་ཆུང་སློབ་མ་བརྒྱད་བཅུ་ཡས་མས་ཤིག་ཡོད། སྒྲུབ་གྲྭ་གསར་བཞེང་གི་འཆར་གཞི་ཡོད་ཀྱང་ད་ལྟ་དངོས་སུ་འཛུགས་ཐུབ་མེད། མཁན་པོ་འཇམ་དབྱངས་རྡོ་རྗེས་གཙོ་འགན་བཞེས་ནས་སྡེ་དགོན་གཉིས་ཀྱིས་ཚོགས་ཆེན་གཙུག་ལག་ཁང་ཀ་བ་བརྒྱ་ཅན་ཞིག་ལེགས་པར་གྲུབ་ལ་ཉེ་ཞིང་། དུས་བཞི་ཀུན་ཏུ་བཤད་གྲྭ་དང་སློབ་ཆུང་མཚམས་པ་སོགས་འདུས་པ་བརྒྱ་ཕྲག་ལྷག་ཅིག་དགོན་དུ་རྒྱུན་བཞུགས་ཡིན་པ་བཅས་ལགས་སོ།།
ཞེས་རབ་བྱུང་བཅུ་བདུན་པའི་གསེར་འཕྱང་མེ་བྱ་ཕྱི་ལོ་2017ལོར་ཡི་གེ་འདི་དག་གླང་ཡག་གུ་རུ་ཚེ་རིང་གིས་བྲིས་སོ།། །།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*