ལམ་འབྲས་བླ་མ་རྗེས་དཀར་རྡོ་རྗེ་འཆང་གི་རྣམ་ཐར་བསྡུས་པ།

དེ་ཡང་ཐོག་མར་ཨྱོན་པདྨའི་གཏེར་ལུང་ལས། མདོ་ཁམས་སྨད་དུ་དཔལ་དང་སྐྱིད་ཀྱི་སར༔རྡོ་རྗེ་གཡར་མོ་བསིལ་གྱི་དལ་འགྲོའི་འགྲམ༔ བདེ་བ་ཅན་མཚུངས་ནོར་བུ་ཆོས་འཕེལ་གླིང༔ བྱམས་པའི་མིང་ཅན་དགེ་སློང་སྙིང་སྟོབས་ཅན༔ དེ་དང་སུ་འཕྲད་བདེ་བ་ཅན་དུ་འགྲོ༔ ཞེས་ལུང་དུ་བསྟན་པར་མ་ཟད་དགོན་ས་འདི་མདོ་སྨད་ཀྱི་སའི་ལྟེ་བ་ལྟ་བུར་གཟིགས་ནས་ཕུར་བུ་ཁྲི་གང་བ་ཞིག་གཏེར་དུ་བཏབ་སྟེ་ས་འདུལ་མཛད་ཅིང་། མཚན་ལ་བཤད་སྒྲུབ་ནོར་བུ་ཆོས་འཕེལ་གླིང་ཞེས་གསོལ་ནས་ད་བར་ལོ་ཆིག་སྟོང་ཉིས་བརྒྱ་ལྷག་འདས། བར་དུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་གྲུབ་དབང་རྡོ་རྗེ་འོད་ཟེར་ལ་ལུང་བསྟན་གནང་ནས་ད་བར་ལོ་བདུན་བརྒྱ་ལྷག་སོང་། དེ་ནས་མཁས་གྲུབ་གཉིས་འཛོམས་ཀྱི་སྐྱེས་བུ་ཆེན་པོ་དགོན་བདག་གདན་རབས་དང་བོ་༸ཆོས་རྗེ་ཆོས་གྲགས་བཟང་བོས་དགོན་པ་འདི་ཕྱི་ལོ་༡༤༩༩ལོར་གསར་འདེབས་མཛད་ནས་ད་བར་ལོ་ལྔ་བརྒྱ་དང་བཅུ་བདུན་ལྷག་སོང་ཟིན་ཏོ།།
དེ་ལྟར་ལོ་རྒྱུས་ཀྱི་རྒྱུན་རིང་ཞིང་ཁུངས་བཙུན་པའི་དྷཱིཿཕུ་ཆོས་རྗེ་དགོན་པའི་གནས་ཀྱི་ཁྱད་ཆོས་སོགས་ནི། གདན་རབས་བརྒྱད་པ་ངག་དབང་བསྟན་པའི་རྒྱལ་མཚན་གྱི་ཞལ་ནས། ཤར་ཉེའི་ཕྱོགས་སུ་མ་ཧཱ་ཀ་ལ་དང་། །གཤིན་རྗེར་བདེ་གཤེགས་ཆོས་སྐུའི་རྟེན་མཆོག་བཀྲ། །སྲིན་པོར་འོད་སྣང་མཐའ་ཡས་རྒྱལ་བ་བཞུགས ། དབང་ལྡན་མཁྱེན་གཏེར་གཞོན་ནུའི་ཐུགས་སྲོག་གསལ། །མ་ངེས་ཕྱོགས་དང་ཕྱོགས་མཚམས་གཞན་དག་ནི། །བསྔགས་འོས་ཡོན་ཏན་མང་པོས་ཉེ་བར་སྤ། །རྒྱལ་བའི་ཡེ་ཤེས་རྣམ་པ་ཐམས་ཅད་པ། །རྒྱལ་ཆེན་རི་གླིང་བཀོད་པའི་རྣམ་རོལ་ཏུ། །རྒྱས་པར་སྣང་འདི་འཇམ་དཔལ་སྤྲུལ་བའི་ཞིང། །རྒྱ་ཡུལ་རི་དབང་རྩེ་ལྔ་གཉིས་པ་སྟེ། ། ཞེས་དང་། རྫོགས་ཆེན་རས་པས།མ་ཎི་བཤད་སྒྲུབ་གླིང་གི་ཡང་དབེན་ནི།།ཡུལ་གྱི་ཆགས་ཚུལ་པདྨ་རྒྱས་པ་འདྲ།།དབུས་སུ་ཡང་དབེན་ཟེའུ་འབྲུ་ཆོས་འཁོར་གླིང་། །དྭངས་གསལ་ནམ་མཁའ་འཁོར་ལོ་རྩིབས་དགུའི་ཚུལ། །ཕྱོགས་མཚམས་དག་པའི་ཞིང་དང་ས་སྤྱོད་གནས།།བཀྲ་ཤིས་རྟགས་བརྒྱད་ནོར་བུ་ཆ་བདུན་སོགས།།ལྷ་མིའི་དཔལ་འབྱོར་དབྱིབས་བཀོད་བསམ་མི་ཁྱབ།།ངོ་མཚར་ས་སྤྱོད་གནས་འདི་ཨེ་མ་ཧོ།།ཞེས་སོགས་མང་དུ་གསུངས་པ་ལྟར་དགོན་པའི་གཡས་ཕྱོགས་ཀྱི་ལམ་ཁར་ཕ་བོང་ཞིག་གི་ངོར་སྔགས་ཀྱི་མགོ་འདྲེན་ནོར་བུ་དཀྲུ་བའི་སྔགས་ཡིག་དང་ཆོས་ཐམས་ཅད་ཀྱི་གནས་ལུགས་སྐྱེ་བ་མེད་པ་མཚོན་པའི་ཨ་ཡིག་དང་ཨོཾ་ཡིག་རང་བྱུང་བཞུགས་པས་མི་རྣམས་ཀྱིས་ཨ་ཟུང་ཕ་བོང་ཟེར་བ་ནས་དབུ་བཟུང་སྟེ། གཡོན་ཕྱོགས་སུ་མཁྱེན་གཏེར་འཇམ་དཔལ་གཞོན་ནུའི་ཐུགས་སྲོག་གི་ཡི་གེ་དྷཱིཿཡིག་རང་བྱུང་གིས་མཇུག་རྫོགས་ཏེ།གཡས་སྐོར་དུ་འཇམ་དབྱངས་བསྙེན་པ་ཨ་ར་པ་ཙས་ལྕགས་རི་མུ་ཁྱུད་ཀྱི་ཚུལ་དུ་བསྐོར་བས་དྷཱིཿཕུ་ཆོས་རྗེ་དགོན་ཟེར་བར་གསུངས་སོ།།
དེ་ལྟ་བུའི་གནས་མཆོག་ཁྱད་པར་ཅན་གྱི་དབུས་ན་ཆགས་པའི་ཨ་མདོ་དྷཱིཿཕུ་ཆོས་རྗེ་དགོན་དཔལ་ལྡན་བཤད་སྒྲུབ་ནོར་བུ་ཆོས་འཕེལ་གླིང་ནི་དགོན་མ་ལག་བརྒྱ་དང་བཅོ་བརྒྱད་ཀྱི་མ་དགོན་ཡིན་ཞེས་ལོ་རྒྱུས་ན་གསལ།གང་ལྟར་མཛོད་དགེ་དང་རྔ་བ།ཐེ་བོ་དང་ཟུང་ཆུ།ནན་ཕུས་དང་ཚ་ཁོ་སོགས་ན་དགོན་སྡེ་ཆེ་ཆུང་མང་དུ་བཞུགས་སོ།།དེ་ལ་དགོན་བདག་དང་བསྟན་བདག་གཉིས་ཡོད་པ་ལས་ཐོག་མར་དགོན་བདག་གི་སྐྱེ་ཕྲེང་དང་བོ་དབོན་རིན་ཆེན་ཀུན་དགའ་རྣམ་རྒྱལ་ནས་ད་ལྟ་ཞལ་བཞུགས་པའི་སྐྱེ་ཕྲེང་དགུ་བ་མཆོག་སྤྲུལ་ངག་དབང་མཁྱེན་རབ་ཕུན་ཚོགས་དཔལ་བཟང་བོའི་བར་དུ་བྱོན་པ་ དང་།གཉིས་པ་བསྟན་བདག་གདན་རབས་དང་བོ་བྱམས་པ་དཀོན་མཆོག་ བཟང་བོ་ནས་བཅུ་བ་ཆེན་པོ་ངག་དབང་ཀུན་དགའ་བཤད་སྒྲུབ་བསྟན་པའི་ཉི་མའི་བར་བྱོན་པར་གྱུར་ཏོ།།
འདིར་ཐོག་མར་གདན་རབས་བཅུ་བའི་སྐུ་གོང་མ་༧ངག་དབང་ཀུན་དགའ་རིན་ཆེན་རྒྱལ་མཚན་དཔལ་བཟང་བོའི་རྣམ་ཐར་མདོར་བསྡུས་ཤིག་བརྗོད་ན།དེ་ཡང་བཀའ་དྲིན་གསུམ་ལྡན་གྱི་བླ་མ་རིན་པོ་ཆེ་ནི། རབ་ཚེས་ས་མོ་ལུག་སྟེ་སྤྱི་ལོ་༡༩༡༩ལོར་བོད་ཆོལ་ཁ་གསུམ་གྱི་ནང་ཚན་དུ་གཏོགས་པའི་མདོ་སྟོད་མིའི་ཆོལ་ཁ་ཞེས་པའི་སའི་ཆ་ཨ་སྐྱོང་མགོ་ལོག་གི་ཡུལ་དུ་གདུང་རུས་ཕུན་སུམ་ཚོགས་པ་གཡས་ཞེས་པའི་ཁྱིམ་རྒྱུད་གཙང་མ་ཞིག་ནས་ཡབ་ཆོས་སྐྱོང་མགོན་པོ་དང་ཡུམ་ཝ་ཤུལ་བཟའ་བཀྲ་ཤིས་སྒྲོལ་མ་ གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དང་བཅས་མཚན་དཔེའི་པདྨོ་རྣམ་པར་བཞད་དོ། །སྤྱིར་དམ་པ་འདི་ནི་སྐུ་གཟུགས་ཡག་ལ་གསུང་སྐད་དྭངས་པ།ཐུགས་སྒམ་ཞིང་དེས་པ་སོགས་སྐྱེས་བུ་དམ་པའི་མཚན་ཉིད་རང་ཆས་སུ་མངའ།ཁོང་ཅུང་སྐུ་ནར་སོན་པ་དང་དཔལ་ཡུལ་དར་ཐང་དགོན་གྱི་ཆོས་གྲྭར་བཞུགས་ཤིང་ཉིན་རེར་ཐོས་གྲོལ་སོགས་སྡེབ་གྲངས་ཉི་ཤུ་རྩ་གྲངས་རེ་ཐུགས་འཛིན་མཛད་པ་སོགས་མཁྱེན་རྩལ་ཧ་ཅང་རྣོ།དེ་མིན་དཔལ་ཡུལ་མཆོག་སྤྲུལ་རིན་པོ་ཆེ་སོགས་ཀྱི་མདུན་ནས་རྙིང་ཕྱོགས་ཀྱི་དབང་བཀའ་ཆོས་མང་དུ་གསན།དེ་ནས་དཔལ་༧ས་སྐྱ་གོང་མ་ཁྲི་རབས་སོ་དགུ་བ་སྒྲོལ་མ་ཕོ་བྲང་དྲག་ཤུལ་ཕྲིན་ལས་རིན་ཆེན་མཆོག་ལ།ངག་དབང་བསྟན་པའི་རྒྱལ་མཚན་གྱི་ཡང་སྤྲུལ་གང་དུ་འཁྲུངས་པར་ལུང་བསྟན་ཞུས་པས།གོང་མ་ཁྲི་ཆེན་གྱིས།༧དྷཱིཿཕུ་ཆོས་རྗེའི་ཡང་སྲིད་མགུ་ལོག་གི་སའི་ཆ།ཡུལ་སྡེ་འབྲིང་བོ།ཕ་མགོན་པོ།མ་སྒྲོལ་མ།བུ་ཚེ་རིང་ཟེར་བར་སྐྱེ་བར་ཤར་གསུངས་པ་དང་།སྔར་སྐུ་གོང་མས་ཀྱང་རྨི་ལམ་ལ་སྙད་བཏགས་ཏེ་ལྗོངས་འདིར་གཡུ་རྩེའི་གནས་བཀོད་ཡང་ཡང་གསལ་འདུག་པས་སླར་ཡང་སྐྱེ་ཕྲེང་རྣམས་ཨ་སྐྱོང་གི་རིགས་རྒྱུད་དེར་གཏོགས་པར་འགྱུར་རམ་ཞེས་འབྱུང་འགྱུར་ལུང་བསྟན་པ་གཉིས་མ་གྲོས་གཅིག་མཐུན་དུ་བབས་ཏེ།དགུང་ལོ་བཅོ་ལྔ་བ་ཆུ་བྱ་སྟེ་སྤྱི་ལོ་༡༩༣༣ལོར་དཔལ་ཨ་ལི་དྷཱིཿཕུ་ཆོས་རྗེ་སྐུ་ཞབས་རིན་པོ་ཆེ་མཁྱེན་རབ་ངག་གི་དབང་ཕྱུག་མཆོག་དང་ལས་སྣེ་རྣམས་དཔལ་ཡུལ་དུ་བྱོན་ནས་དར་ཁ་འཐེན། དགུང་ལོ་བཅུ་དྲུག་སྟེ་ཤིང་ཁྱི་༡༩༣༤ལོའི་ཁྲུམས་སྟོད་ཟླ་བའི་དཀར་ཕྱོགས་རྒྱལ་བ་གསུམ་པའི་ཉིན་དགོན་མ་ལག་དང་བཅས་པས་གདན་དྲངས་ཏེ་གསེར་ཁྲི་ལ་མངའ་གསོལ་མཛད།དེ་ནས་མཁྱེན་རབ་ངག་གི་དབང་ཕྱུག་སོགས་ཀྱིས་དབང་བཀའ་ཆོས་གནང་།
དགུང་ལོ་བཅོ་བརྒྱད་པ་མེ་བྱི་སྟེ་སྤྱི་ལོ་༡༩༣༦ལོར་རྔ་ཡུལ་དུ་ཕེབས་ནས་སྐྱབས་རྗེ་རྡོ་རྗེ་འཆང་སྐལ་བཟང་མཁྱེན་བརྩེ་དཔལ་ལྡན་གྱི་ཞལ་སྔ་ནས་དཔལ་ས་སྐྱ་བའི་ཟབ་ཆོས་བླ་ན་མེད་པ་གསུང་ངག་སློབ་བཤད་ཀྱི་དབང་ལུང་ཁྲིད་བཅས་ལམ་འབྲས་གཞུང་པོད་བཅུ་བདུན་གྱི་ཤོ་ལོ་ཀ་གཅིག་ཀྱང་ལྷག་ལུས་མེད་པར་ཆིག་བརྒྱུད་ཀྱི་ཚུལ་དུ་མནོས། ད་དུང་གསེར་ཆོས་བཅུ་གསུམ།གུར་བཀའ་བབས་ཀྱི་དབང་ཆེན་དང་མགོན་པོ་ཕྱི་ནང་གསང་གསུམ་གྱི་ཁྲིད་སོགས་ཟབ་ཆོས་མཐའ་ཡས་པ་གསན།
དགུང་ལོ་ཉེར་གཅིག་པ་ས་ཡོས་ཏེ་སྤྱི་ལོ་༡༩༣༩ལོར་དྷཱིཿཕུ་ཆོས་རྗེའི་སྒྲུབ་གྲྭ་གསུང་ངག་དར་རྒྱས་གླིང་དུ་ཟླ་བ་བཅོ་བརྒྱད་ལ་བཞུགས་ཏེ་སྣང་རྒྱུད་སོགས་ལ་ཉམས་ལེན་མཐར་ཆགས་མཛད། དགུང་ལོ་ཉེར་བཞི་ཆུ་རྟ་ལོ་སྟེ་སྤྱི་ལོ་༡༩༤༢ལོར་རང་དགོན་དུ་ལམ་འབྲས་ཐེངས་དང་བོ་གསུངས་པས་ཡེ་ཤེས་འབེབ་པའི་སྐབས་སུ་སློབ་མ་སྐལ་བཟང་དཔལ་འབྱོར་སོགས་མི་ཉུང་བ་ཞིག་ལ་དབང་ལྷ་བབས་ཏེ་ལུས་ངག་གི་རྣམ་འགྱུར་མང་བོས་བརྡ་རྟགས་ངོ་མཚར་བ་བྱུང་བ་དང་བཅས་སྨིན་གྲོལ་ལ་བཀོད།
དགུང་ལོ་ཉེར་བརྒྱད་པ་མེ་ཁྱི་སྟེ་སྤྱི་ལོ་༡༩༤༦ལོར་ལྷ་ལྡན་ཕྱོགས་སུ་ཕེབས་ནས་གྲུབ་མཐའ་རིས་མེད་ཀྱི་དགོན་སྡེ་ལ་མང་འགྱེད་དང་མཇལ་ཕྱག་གནང་བ་མ་ཟད་བདག་ཁྲི་རིན་པོ་ཆེ་༧ངག་དབང་མཐུ་སྟོབས་དབང་ཕྱུག་གི་དྲུང་ནས་དབང་ལུང་མང་དུ་མནོས།དགུང་ལོ་ཉེར་དགུ་བ་མེ་ཕག་སྟེ་སྤྱི་ལོ་༡༩༤༧ལོར་ཆོས་གྲགས་བཟང་བོ་སྐུ་མཆེད་ཀྱི་གདན་ས།སྐུ་ཕྲེང་གོང་མ་རྣམས་གྲྭ་སར་ཕེབས་པའི་གནས་མཆོག རོང་སྟོན་སྨྲ་བའི་སེངྒེས་ཕྱག་བཏབ་པའི་འཕན་པོའི་ན་ལེནྡྲར་ཕེབས་ཏེ་གཟིམ་འོག་རིན་པོ་ཆེ་བྱམས་པ་ངག་དབང་ཀུན་དགའ་བསྟན་འཛིན་གྱི་དྲུང་ནས་དབང་བཀའ་ཆོས་དང་དགེ་སློང་གི་སྡོམ་པ་ལེགས་པར་མནོས་ཏེ་མཚན་ལ་ངག་དབང་ཀུན་དགའ་རིན་ཆེན་རྒྱལ་མཚན་ཞེས་གསོལ།
དགུང་ལོ་སུམ་ཅུ་བ་ས་བྱི་སྟེ་སྤྱི་ལོ་༡༩༤༨ལོར་དྷཱིཿཕུ་ཆོས་རྗེའི་གདན་སར་ཕྱིར་ཕེབས་ཏེ་དགོན་གྲོང་ཀུན་ལེགས་ལམ་དུ་བསྐྱོད་དགོས་པའི་བཀའ་སློབ་མང་དུ་གནང་སྟེ་སྒྲིག་ལམ་བརྟན་པོ་མཛད། ལྷག་པར་དགོན་པའི་རྒྱུད་མཚན་ཉིད་གཉིས་ཀས་བཤད་སྒྲུབ་ཀྱི་གྲྭ་འདི་བླ་ནས་བླ་རུ་སྤེལ་དགོས་པའི་སྐོར་ནན་གྱིས་གསུངས་ཤིང་གཏན་འབེབས་མཛད་དོ།།
དགུང་ལོ་སོ་བཞི་བ་ཆུ་འབྲུག་སྟེ་སྤྱི་ལོ་༡༩༥༢ལོ་དང་།དགུང་ལོ་སོ་བདུན་པ་ཤིང་ལུག་སྟེ་སྤྱི་ལོ་༡༩༥༥ལོ་གཉིས་ལ་ཟུང་ཆུའི་རི་བ་དགོན་དང་རྔ་བའི་མཁར་མདའ་དགོན་གཉིས་ལ་གསུང་ངག་ལམ་འབྲས་ཆེན་མོ་ཐེངས་གཉིས་པ་དང་གསུམ་པ་གནང་སོང་།
དེ་ནས་བོད་རབ་རྒྱལ་ས་ཁྱི་སྟེ་སྤྱི་ལོ་༡༩༥༨ལོར་གསར་བརྗེའི་ལས་འགུལ་བྱུང་སྟེ་ཁོང་རིན་པོ་ཆེའང་དགུང་ལོ་བཞི་བཅུའི་སྟེང༌ཁྲིམས་སར་སོང་ནས་མི་ལོ་ཧྲིལ་བོ་ཉེར་གཅིག་བཞུགས་དགོས་བྱུང་སོང་། དེ་རུ་ཁྲིམས་གྲོགས་དག་ལ་བཀའ་ཆོས་གསུངས་པ་དང་འབྱུང་འགྱུར་ལུང་བསྟན་པ་སོགས་སྐྱེས་བུ་དམ་པའི་རང་གཤིས་མངོན་པར་གསལ་བའི་སྐོར་རྣམ་ཐར་གཞན་ལ་གཟིགས་པ་ལས་འདིར་བརྗོད་ཀྱིས་མི་ལང་ངོ་།།
དགུང་ལོ་རེ་གཅིག་པ་རབ་རྒྱལ་ས་ལུག་སྟེ་སྤྱི་ལོ་༡༩༧༩ལོར་སྲིད་ཇུས་ལ་འགྱུར་བ་བྱུང་སྟེ་གློ་བུར་དུ་བཙོན་ལས་གྲོལ། དེ་ནས་བསམ་ཡུལ་ལས་འདས་པའི་བསྟན་འགྲོའི་དོན་ཆེན་མཛད་དོ།།དགུང་ལོ་རེ་བདུན་པ་ཤིང་གླང་སྟེ་སྤྱི་ལོ་༡༩༨༥ལོར་ལྷ་ས་དང་ས་སྐྱ།འཕན་པོའི་ནཱ་ལེནྡྲར་སོགས་སུ་ཕེབས། ལོ་དེར་རྒྱལ་ཁབ་ཀྱི་ཕྱིར་འགྲིམ་ཆོག་མཆན་དཔང་ཡིག་ཐོབ་སྟེ་བལ་བོ་དང་རྒྱ་གར་རྣམས་སུ་ཕེབས་ནས་གོང་ས་ཡིད་བཞིན་ནོར་བུ་དང་ས་སྐྱ་ཁྲི་འཛིན།བཅོ་བརྒྱད་རིན་པོ་ཆེ་སོགས་ཀྱི་ཞབས་ལ་གཏུགས་ཏེ་དབང་བཀའ་ཆོས་མཐའ་ཡས་པ་གསན་ཅིང་།གནས་མཆོག་མཐའ་དག་ལ་མཇལ་ཕྱག་ཡོངས་སུ་ཚར་རྗེས་ཕྱིར་ལྷ་སར་འབྱོར། དགུང་ལོ་རེ་བརྒྱད་པ་མེ་སྟག་སྟེ་སྤྱི་ལོ་༡༩༨༦ལོར་ཕྱིར་ཕེབས་ ནས་ཆོས་རྗེའི་ནང་བར་བཞུགས།ལོ་དེར་ནང་བ་ནས་སེར་སྐྱ་རིས་མེད་དང་ཕྱོགས་ཁ་རིས་མེད་ཀྱི་དད་ལྡན་ཁྲི་ཕྲག་མང་བོ་ལ་རྡོ་རྗེ་ཕྲེང་བ་དབང་དང་ཕུར་བ་སོགས་རྒྱུད་སྡེའི་སྐོར་གྱི་དབང་གནང༌། དེ་ནས་ལོ་དེའི་ཧོར་ཟླ་བདུན་པ་སྔོན་མའི་ཚེས་ལྔའི་ཉིན་དཔལ་ཨ་ལི་དྷཱིཿཕུ་ཆོས་རྗེའི་གདན་སར་ཕེབས་ནས་དགོན་པའི་ཁོར་ཡུག་སོགས་ལ་གཟིགས་རྟོག་རག་ཙམ་གནང་ནས་དབེན་གནས་ཐེག་མཆོག་གྲུབ་པའི་ཡང་རྩེར་བཞུགས། དེ་ནས་ཁོང་གིས་སངས་རྒྱས་སྟོང་སྐུའི་ལྷ་ཁང་དང་འདུ་ཁང་ཀྭ་བརྒྱ་མ་སོགས་ལེགས་པར་གྲུབ་སྟེ་མཚན་ཉིད་དང་རྒྱུད་གྲྭ་ཁག་རྣམས་སླར་གསོ་ལེགས་པོ་བྱས་ནས།དགུང་ལོ་རེ་དགུ་མེ་ཡོས་ཏེ་སྤྱི་ལོ་༡༩༨༧ལོ་ནས་བཅད་རྒྱ་དམ་པོས་སྐུ་མཚམས་ལ་ལོ་བདུན་བཞུགས་སོ།།
དགུང་ལོ་དོན་དྲུག་པ་ཤིང་ཁྱི་སྟེ་སྤྱི་ལོ་༡༩༩༤ལོར་མཛོད་དགེ་དང་རྔ་བ།ཐེ་བོ་དང་ནན་ཕུས།ཟུང་ཆུ་དང་ཁྱུང་མཆུ་སོགས་ཀྱི་གྲྭ་ཇོ་རབ་ཏུ་མང་བོ་ལ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་དབང་ལུང་ཁྲིད་གསུམ་སོགས་ཐེངས་བཞི་བ་ལེགས་པར་བསྩལ་ཞིང་།ད་དུང་དུས་འཁོར་གྱི་དབང་སོགས་ཁྱོན་ཟླ་བ་དྲུག་ལྷག་ལ་གནང་སོང་།དེ་ནས་སྒྲུབ་གྲྭ་སླར་གསོ་མཛད་ཅིང་ཁ་ཙམ་མ་ཡིན་པའི་བཤད་སྒྲུབ་ཀྱི་གྲྭ་གཉིས་ལེགས་པོར་བསྐྱངས་སོ།།ད་དུང་སྐལ་ལྡན་གྱི་སློབ་མ་ལ་ཞལ་གཟིགས་པ་སོགས་གདུལ་བྱ་རྣམས་རྗེས་སུ་འཛིན་བཞིན་བསྟན་པ་དང་འགྲོ་བའི་དོན་རླབས་པོ་ཆེ་མཛད་པ་ནི་བརྗོད་ཀྱིས་མི་ལང་།དགུང་ལོ་གྱ་གཉིས་པ་ལྕགས་འབྲུག་༢༠༠༠ལོ་ནས་སྐུ་གཟུགས་ཅུང་མི་བདེ་བའི་ཚུལ་བསྟན་ཏེ་ཟླ་དགུ་བའི་ཚེས་ཉེར་དགུའི་ཉིན་ངོ་མཚར་བའི་རྟགས་དང་བཅས་སྐུ་མྱ་ངན་ལས་འདའ་བའི་ཚུལ་བསྟན་ཏོ།།
གདུང་བཞུ་སྐབས་རིང་བསྲེལ་བྱུང་བ་དང་སྐུ་གཟུགས་དོད་པ་སོགས་རྟགས་ཡ་མཚན་པ་བྱུང་སོང་།
མདོར་ན་དམ་པ་ཁོང་གིས་སྐུ་ཚེ་གང་བོར་འཆད་པ་དང་སྒྲུབ་པ་ལ་གཙོ་བོ་ཐུགས་གཞོལ་བས་དད་ལྡན་དག་གིས་ནན་ཞུས་ཀྱི་ངོར་ཞལ་གདམས་དང་གསོལ་འདེབས།བླ་རྣམ།བསང་ཡིགགསོལ་གབསྐང་བཤགས།མངོན་རྟོགས་སོགས་ཉུང་ཤས་ཙམ་གནང་བ་ལས་མང་བོ་མེད་དོ།།
ཁོང་གི་སློབ་མ་ལ།༧གོང་ས་བཅུ་བཞི་བ་ཆེན་མོའི་རིགས་བདག་༧བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་མཁྱེན་རབ་ལེགས་བཤད་རྒྱ་མཚོ་སོགས་རྒྱ་གར་དང་དབུས་གཙང་གི་ས་སྐྱའི་བླ་ཆེན་མང་བོ་དང༌།ཨ་མདོ་ཕྱོགས་ཀྱི་ས་དགོན་ཡོངས་ཀྱི་བླ་མ་དང་མཁན་པོ་ཁྲི་བ་སོགས་དེར་འདུས་ཀྱི་བླ་གྲྭ་ཡོངས།རྫོགས་ཆེན་རས་པ་སོགས་རྙིང་ཕྱོགས་ཀྱི་བླ་ཆེན་མང་བོ།རྣལ་འབྱོར་བ་བློ་བཟང་སངས་རྒྱས་རྡོ་རྗེ་དང་སེམས་དཔའ་ཆེན་པོ་བསྐལ་བ་བཟང་བོ་སོགས་དགེ་ལུགས་པའི་བླ་མ་མང་བོ་སྟེ་གྲུབ་མཐའ་རིས་སུ་མ་ཆད་པའི་སློབ་མ་མཐའ་ཡས་སོ།།

དྥཱིཿཕུ་རིག་སྨོན་གྱིས་བསྒྲིགས་སོ། །

ཡོང་ཁུངས།  དྷཱིཿཕུ་རིག་སྨོན་སྐད་འཕྲིན་ལས། 

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*