སྐལ་བཟང་ལྔ་རིག་གླིང་དུ་སློབ་གཉེར་ལ་ཕེབས་པའི་སློབ་འཇུག་སྔོན་བརྡ།

སྐལ་བཟང་དགོན་གྱི་བཤད་གྲྭ་ལ་སློབ་གཉེར་དུ་ཕེབས་པར་དགའ་བསུ་ཡོད།
སྒ་ཁྲི་འདུ་སྐལ་བཟང་དགོན་གྱི་བཤད་གྲྭ་ལྔ་རིག་བཀྲ་ཤིས་ཆོས་འཁོར་གླིང་དུ་ཟུར་གྲྭའམ་རང་དགོན་གྱི་གྲྭ་བ་མ་ཡིན་པ་སུ་ཡང་ཕེབས་ཆོག་པའི་བརྡ་འཕྲིན་ནི།
ལྔ་ཟུང་རིག་པའི་འབྱུང་གནས་ཁམས་རྫོང་སར་ལྔ་རིག་ནང་བསྟན་སློབ་གླིང་གི་མཁན་ཆེན་དམ་པ་གཞན་ཕན་སྙིང་པོའམ་བསམ་གྲུབ་མཆོག་གི་ཐུགས་ཁུར་ལ་བརྟེན་ནས་མདོ་སྔགས་རབ་འབྱམས་པ་མཁན་འགུ་ཟི་པད་བློ་འམ་་༼པདྨ་བློ་གྲོས༽མཆོག་དཔལ་ལྡན་ས་སྐྱའི་རིང་ལུགས་འཛིན་པའི་སྒ་ཨ་གཉན་དམ་པའི་གདན་ས་ཁྲི་འདུ་སྐལ་བཟང་དགོན་དུ་རྒྱུན་བཞུགས་མཁན་པོར་མངགས་གནང་མཛད་ཡོད་པས། མཁན་ཆེན་མཆོག་གི་ཞལ་གསུང་བདུད་རྩི་དམ་པ་བཞེས་འདོད་པའི་གྲྭ་བཙུན་སློབ་གཉེར་པ་སུ་ཡང་སྐལ་བཟང་ལྔ་རིག་གླིང་དུ་ཕེབས་ཆོག་ཆོག་ཡིན།
གཤམ་ནས་སློབ་གཉེར་པ་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་འགའ་ཞུས་ན།

༡ ཆ་རྐྱེན་དང་པོ།
ས་དགེ་བཀའ་རྙིང་ཇོ་ནང་དང་བཅས་གྲུབ་མཐའ་ལ་རིས་སུ་མེད་ཀྱང་། སློབ་གཉེར་པ་དེའི་སྡོམ་དམ་ཚིག་སོགས་ལ་ཉམས་ཆག་བྱུང་མེད་པ་དང་། ད་དུང་རང་རང་གི་དགོན་པའི་ནང་གི་ལས་སྣེ་པ་དང་མཆེད་གྲོགས་ཚོ་ལ་ནང་འགལ་བྱས་ནས་ཕྱི་ཕུད་བཏང་ཟིན་པ་སོགས་ཀྱི་ནག་ཉེས་མེད་པ་དང་། ཆབ་སྲིད་དང་འགལ་བའི་བྱ་བ་སྒྲུབ་མ་མྱོང་པའི་བདེན་དཔང་ཚད་ལྡན་དགོས། ད་སྔ་དགོན་པ་གང་ལ་ཚོགས་མ་མྱོང་པའམ་གནས་སྐབས་དགོན་པས་བདག་པོ་རྒྱབ་མེད་པའི་གྲྭ་པ་ཡིན་ན་གོང་གི་ཉེས་པ་དེ་དག་གིས་མ་གོས་པའི་བདེན་དཔང་སློབ་གཉེར་པ་ཁོ་རང་གི་རུ་ཆེན་གྱི་ཐམ་ཀ་སོགས་བདེན་དཔང་ཚད་ལྡན་དགོས།

༢ ཆ་རྐྱེན་གཉིས་པ།
ཕྱི་ནས་ཕེབས་པའི་སློབ་གཉེར་པ་སུ་ཡིན་ཡང་བཤད་གྲྭ་འདིའི་ནང་དུ་ཞུགས་ཚར་ནས་བཟུང་བཤད་གྲྭའི་སྒྲིག་ལམ་ཆེ་ཆུང་གང་ཡིན་ལེགས་པར་བསྲུང་དགོས། གལ་ཏེ་སྒྲིག་འགལ་གྱི་བྱ་བ་བྱས་ན་དམ་ཆོས་འདུལ་བའི་ཆོས་ཁྲིམས་ལྟར་གནས་དབྱུང་གཏོང་བ་སོགས་འོས་བབ་དང་བསྟུན་ཏེ་ཉེས་ཆད་གཅད་རྒྱུ་ཡིན།

༣ཆ་རྐྱེན་གསུམ་པ།
བཤད་གྲྭ་འདིའི་ནང་དུ་ཞུགས་ནས་བཟུང་མ་མཐའ་ཡང་ལོ་གཅིག་བཞུགས་ཐུབ་ན་ཧ་ཅང་བཟང་། འོན་ཀྱང་བཤད་གྲྭ་འདིའི་ནང་དུ་བཞུགས་ཚེ་སློབ་གཉེར་པ་ཁོ་རང་ལ་ཕན་ཐོགས་པའི་དཔེ་ཁྲིད་སོགས་ཡག་པོ་མི་འདུག་སྙམ་ན།ལོ་གཅིག་གི་ལོ་ཁ་མ་ལོན་ན་ཡང་ནམ་ཕྱི་བུད་བྱས་ནས་ཕེབས་པ་རང་དབང་ཡིན། ཡར་བཤད་གྲྭའི་ནང་དུ་ཞུགས་སྐབས་འཛིན་གྲྭ་གང་གི་ནང་དུ་ཞུགས་ཆོག་མིན་སློབ་གཉེར་པ་དེའི་རིག་གནས་ཆུ་ཚད་ལ་བལྟ་རྒྱུ་ཡིན་པས། ད་སྔ་དཔེ་ཆ་ལྟ་མ་མྱོང་མཁན་ཞིག་ཡིན་ན་སུམ་རྟགས་འཛིན་གྲྭ་ནང་དུ་ཞུགས་པ་དང་། དཔེ་ཆ་ཅུང་ཙམ་ལྟ་མྱོང་ཡོད་ན་གནས་སྐབས་དབུ་ཚད་གང་རུང་གི་འཛིན་གྲྭ་ལ་ཞུགས་དགོས། ཞུགས་ནས་ལོ་གཅིག་ཙམ་ལོན་རྗེས་སློབ་གཉེར་པས་ཁོ་རང་གི་རིགས་གནས་མཐོ་དམན་ལ་བལྟས་ཏེ་འཛིན་གྲྭ་གང་དགའ་འདེམས་ཆོག

ད་ནི་བཤད་གྲྭའི་སློབ་གཉེར་པ་རྣམ་པའི་འཚོ་བའི་མཐུན་རྐྱེན་དང་དཔེ་ཁྲིད་སྐོར་གྱི་ངོ་སྤྲོད་མདོར་ཙམ་ཞུས་ན།
༼གཅིག༽
སློབ་གཉེར་པ་རེ་ལ་བཞུགས་ཤག་ཁང་པ་སྤུས་གཙང་རེ་དང་།དེའི་ནང་དུ་གཟིམས་ཁྲི་དང་། གཟིམས་མལ། མདུན་ཅོག ཐབ་ཆས་སྐོར་གྱི་རླངས་ཐབ་ཆ་ཚང་བཅས་བཞག་ཡོད། མ་ཚད་སྐུ་ཁྲུས་ཁང་དང་།ཆབ་ཁང་། འཐུང་ཆུ་ལེན་ས་སོགས་ཁང་ཕྲེང་རེ་རེ་བཞིན་དུ་ཐག་ཉེ་ལ་སྟབས་བདེ་པོ་ཡོད།

༼གཉིས༽
ཟླ་རེའི་མཚམས་ནས་བཤད་གྲྭ་ལ་ཡོང་བའི་འདོན་ཡོན་དམངས་སྒོར་ཅི་ཡོད་དེར་བཞུགས་ཀྱི་སློབ་གཉེར་པ་ཡོངས་ལ་བགོ་བ་དང་། ད་དུང་དགོན་པ་གཞུང་ནས་ཟླ་རེར་འཚོ་བའི་མཐུན་རྐྱེན་ཐད་ལ་དམངས་སྒོར་ཅུང་ཙམ་རེ་ཁ་གསབ་ཡོད་པ་མ་ཚད་ཤི་ཚོགས་སྐབས་སུ་སྦྱིན་བདག་པའི་འབྱོར་ཚོད་དང་བློར་བབས་ཡོད་མེད་ལ་བསྟུན་ཏེ་འབུལ་བ་གང་འཚམ་འབུལ་རྒྱུ་ཡོད་པས་སློབ་གཉེར་པ་ཞིག་ལ་མཚོན་ན་འཚོ་བ་ལེགས་ཤོས་སུ་འགྲོ་ཐུག དམིགས་གསལ་ཞིག་ལ་མཆོག་སྤྲུལ་རིན་པོ་ཆེ་དམ་ཆོས་བསྟན་པའམ་བླ་མ་ལྷག་པའི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་བརྟེན་ཏེ་འདིར་བཞུགས་པའི་གྲྭ་བཙུན་སློབ་གཉེར་པ་ཡོངས་ལ་དགོངས་གནང་སྐབས་མ་གཏོགས་རྒྱུན་དུ་ཉིན་གུང་དང་དགོོང་མོའི་གསོལ་ཚུགས་བཤད་གྲྭ་སྤྱི་ནས་དྲངས་པའི་གྲ་སྒྲིག་ཡོད།

༼གསུམ༽
དཔེ་ཁྲིད་སྐོར།
བཤད་གྲྭ་འདིའི་ནང་དུ་ལོ་ཁ་ཤས་སམ་དུས་ཡུན་ཅུང་ཙམ་བསྲིངས་ནས་བཞུགས་ཐུབ་ན། དཔེ་ཁྲིད་ཀྱི་སྐོར་ལ། ཐུན་མོང་རིག་གནས་ལ། ཡི་གེ་བྲིས་གཟུགས་ནས་དབུ་བརྩམས་ཏེ་སུམ་རྟགས་དག་གསུམ་དང་། སྙན་ངག ལོ་རྒྱུས་སོགས་དང་། ཐུན་མིན་རིག་གནས་ལ། གཞུང་ཆེན་བཀའ་པོད་ལྔ་དང་།སྔགས་རྒྱུད་སྡེ་བཞི། རིས་སུ་མ་ཆད་པའི་སྐྱེས་ཆེན་གང་མང་དག་གི་ལེགས་བཤད་ཕུན་སུམ་ཚོགས་པའི་རིག་གཞུང་རྣམས་འཆད་ཁྲིད་ཀྱི་སྒོ་ནས་གསན་ཐུབ་པ་མ་ཚད་གནའ་དང་དེང་གི་སློབ་གསོ་དང་རིག་གནས་ཀྱང་གང་མང་མང་ཞིག་སློབ་གཉེར་པ་རྣམ་ལ་བསྩལ་ཨེ་ཐུབ་སྙམ་པའི་འཆར་གཞི་དང་གྲྭ་སྒྲིག་ཡོད།
གཞན་ཡང་ཟུར་ཁྲིད་སྐོར་ལ། ནང་ཆོས་ཀྱི་ཐ་སྙད་དང་འབྲེལ་བའི་རྒྱ་ཡིག་དང་། དབྱིན་ཡིག་གི་དགེ་རྒན་ཚད་ལྡན་ཡོད་པ་མ་ཚད་ཡིག་གཟུགས་འདྲ་མིན། རི་མོའི་སློབ་ཁྲིད་སོགས་ཡོད་པས་མ་འོངས་པར་བསྟན་པ་སྤེལ་བ་དང་རིག་གཞུང་འཛིན་པ་སོགས་མཛད་པ་དོན་གཉེར་ཅན་གྱི་གྲྭ་བཙུན་རྣམས་ཕེབས་པར་དགའ་བསུ་ཡོད།

སྐལ་བཟང་དགོན་གྱི་ལས་ཐོག་མཁན་པོ་དང་དོ་དམ་མི་སྣ་ཡོངས་ཀྱིས་གྲོས་བསྡུར་གྱི་སྒོ་ནས་གཏན་ལ་འབེབས་པའོ།།
འབྲེལ་གཏུག་ཁ་པར། 13299863877
18309478889
ས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ། ཁྲི་འདུ་རྫོང་ནས་སྤྱི་ལེ་༣ཙམ་སོང་ན་ཐོན་ཐུབ།
ད་ནི་པར་རིས་ཐོག་ནས་ངོ་སྤྲོད་མདོར་ཞུས་ན།

སྒ་ཁྲི་འདུ་སྐལ་བཟང་དགོན་ཆེན་ཆགས་བཏབ་པ་པོ་ཆོས་རྗེ་ཁུ་དབོན་གྱི་ཐུགས་སྲས་ལྷོ་དྲུང་སྐུ་ཕྲེང་དང་པོ་སྒ་ཨ་གཉན་དམ་པ་ཀུན་དགའ་གྲགས་འཇིགས་བྲལ་ཕྱོགས་ལས་རྣམ་རྒྱལ་རིན་པོ་ཆེ།

རང་དགོན་གྱི་མཆོག་གི་སྤྲུལ་སྐུ་རིན་པོ་ཆེ་དཔལ་ལྡན་བླ་མ་དམ་པ་ལྷོ་དྲུང་བཅུ་བཞི་པ་བྱམས་པ་སྨྲ་པའི་སེངྒེའམ་ལུང་རྟོགས་བསྟན་པའི་སྒྲོན་མེའི་སྐུ་བརྙན།

 

 

ལྷོ་དྲུང་བཅོ་ལྔ་པ་བྱམས་པ་ཕྲིན་ལས་ཉི་མ་མཆོག་སློབ་གཉེར་གྱིི་ལས་ལ་བརྩོན་བཞིན་པ།

བཀའ་དྲིན་བསམ་ཡུལ་ལས་འདས་པའི་མདོ་སྔགས་སྨྲ་བའི་དབང་ཕྱུག་མཁན་ཆེན་ཐམས་ཅད་མཁྱེན་པ་བོད་རྫོང་སར་བཤད་གྲྭའི་བསྟན་པའི་བདག་པོ་༧མཁན་ཆེན་གཞན་ཕན་སྙིང་པོའམ་བསམ་གྲུབ་མཆོག་སྐུ་དངོས་སྒ་ཁྲི་འདུ་སྐལ་བཟང་དགོན་དུ་ཕེབས་པའི་རྗེས་དྲན།

མདོ་སྔགས་རབ་འབྱམས་པ་མཁན་ཆེན་པདྨ་བློ་གྲོས། ཡོོངས་གྲགས་སུ་པད་བློ་ཞེས་པའི་མཚན་གྱི་དབྱར་རྔ་ཕྱོགས་ཀུན་ཁྱབ་བཞིན་པའི་མཁས་དབང་མཆོག་ནི་མི་ལོ་བཅོོ་ལྔ་ཙམ་ལ་བོད་རྫོང་སར་ཁམས་བྱེའི་ལྔ་རིག་སློབ་གླིང་དུ་སློབ་སྦྱོང་གི་འབད་པ་བར་མེད་དུ་བརྩོན་པའི་དཀའ་ཆེན་ཁུར་དུ་བཞེས་ཏེ་སློབ་མཐར་ཕྱིན་ནས་མདོ་སྔགས་ཀུན་ཀྱི་རབ་འབྱམས་པའི་ཐོབ་ཐང་རྩོད་མེད་དུ་བླངས།ཁྱད་པར་དུ་དཔལ་ལྡན་ས་སྐྱའི་གོང་མ་རྣམ་ལྔའི་དགོངས་པ་འགྲེལ་བ་ལ་བློ་གྲོས་རབ་ཏུ་རྣོ་བ་མ་ཟད།ལྷག་ཏུ་འཇམ་མགོན་ས་པཎ་གྱི་དགོངས་པ་རྩལ་དུ་འདོན་པ་པོ་ཡི་ཁྱད་ཆོས་བླ་ན་མེད་པ་མངའ་ཡོད་པས་རྫོང་སར་སློབ་གླིང་གི་མཁན་སློབ་ཀུན་གྱིས་ལུས་ཀྱི་སྲོག་ལྟ་བུ་ཆེས་རྩིས་ཆེན་དུ་བཀུར་བཞིན་ཡོད།དགེ་བའི་གཤེས་གཉེན་ཆེན་པོ་ཁོང་ནི་མཁས་པའི་གྲགས་པ་རྒྱས་པ་ཙམ་མ་ཡིན་པ་མི་གཤིས་བཟང་ཞིང་ཉམས་ལེན་མཐོ་བས་ཐུན་མོང་གི་མིག་འབྲས་ལྟ་བུར་གྱུར་ཡོད་པས་རྫོང་སར་བཤད་གྲྭའི་འཛིན་གྲྭ་དུ་མའི་སློབ་དཔོན་དང་མཁན་པོའི་ཐོབ་ཐང་བཟུང་ནས་ལོ་བཅུ་གཅིག་ཙམ་ལ་དཔེ་ཁྲིད་བྱས་མྱོང་ཡོད་པས་སློབ་མ་སྐྱོང་བའི་ཉམས་མྱོང་ཕུན་སུམ་ཚོགས་ཡོད།ཁོང་གི་བླ་མ་དང་སློབ་དཔོན་གཙོ་བོ་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་མཚན་བརྗོད་པ་དཀའ་ཡང་དོན་གྱི་སླད་དུ་མཚན་ནས་སྨོས་ན་མཁན་ཆེན་དམ་པ་པདྨ་དམ་ཆོས་མཆོག་དང་།མདོ་སྔགས་ཀྱི་རིག་གཞུང་སྨྲ་བའི་དབང་ཕྱུག་མཁན་ཕུན་ཚོགས་རྣམ་རྒྱལ།སྐད་གཉིས་སྨྲ་བའི་ལོ་ཙྭ་པ་མཁན་འཇམ་དབྱངས་བློ་གྲོས།རྗོང་སར་མཁན་རབས་བཅུ་གསུམ་པ་མཁན་ཆེན་གཞན་ཕན་སྙིང་པོ་སོགས་མདོ་སྔགས་གཉིས་ལ་བྱང་ཆུབ་པའི་བཤེས་གཉེན་དུ་མ་གཙུག་གི་རྒྱན་དུ་བཀུར་ནས་གསུང་གི་བདུད་རྩི་ངོམ་མེད་བཞེས་སོ།།
ད་ནི་སྤྱི་ལོ་༢༠༡༨ལོ་ནས་བཟུང་མདོ་ཁམས་སྟོད་ཀྱི་ས་ཆ་སྒ་བའི་ཡུལ་ཕྱོགས་ཆེན་པོ་རུ་སངས་རྒྱས་བསྟན་པའི་སྣ་འདྲེན་པ་པོའམ།རིག་གཞུང་སྒོ་འཕར་ཕྱེ་བའི་ཕྱག་ལས་མཛད་པོ་ཉིད་དུ་མངགས་ཕེེབས་མཆིས་སོ།།

སློབ་གླིང་གི་དགེ་རྒན་རྣམ་གཉིས་དང་།
རིག་གཞུང་གི་ཐང་ཆེན་བགྲོད་པའི་གྲྭ་གཞོན་ཁྱུ་ཅིག

སྐལ་བཟང་ལྔ་རིག་བཀྲ་ཤིས་ཆོས་འཁོར་གླིང་གི་ཁོར་ཡུག་ཕྱི་ནང་བར་གསུམ་གྱི་བཀོད་པ་རྣམ་པར་མཛེས་པ་ལྷ་ཡི་དགའ་ཚལ།

སྐྱོོར་སྦྱོང་ཁང་དང་སྐུ་ཁྲུས་ཁང་། ཆབ་ཁང་སོགས།

སྐལ་བཟང་རྣམ་འདྲེན་བཞི་བའི་བསྟན་པ་མཆོག།
སྡེ་བཞི་དགེ་བཅུའི་དཔལ་འབྱོར་ཕུན་ཚོགས་ཤིང་།།
ལུང་རྟོགས་བཤད་སྒྲུབ་རིང་ལུགས་དར་ཞིང་རྒྱས།།
འགྲོ་ཀུན་དགའ་བའི་གྲགས་སྙན་འབར་གྱུར་ཅིག། དགེའོ།།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*