སྒ་སྟག་མགོའི་སངས་རྒྱས་རིང་བསྲེལ་གྱི་ལོ་རྒྱུས་མདོ་ཙམ་བཞུགས་སོ།

 བྲམ་ཟེའི་མཁས་པ་ཆེན་པོ་སློབ་དཔོན་རྟ་དབྱངས་ཀྱི་ཞལ་སྔ་ནས། ཨེ་མའོ་གནས་པ་ཨེ་མའོ་ཚུལ། །ཨེ་མའོ་ཡོན་ཏན་ཨེ་མའོ་སྐུ། །སངས་རྒྱས་ཀྱི་ནི་ཆོས་རྣམས་ལ། །ཡ་མཚན་མི་ཆེ་འགའ་མ་མཆིས། ། ཞེས་གསུངས་པ་བཞིན་དུ། སྒ་སྟག་མགོའི་སངས་རྒྱས་རིང་བསྲེལ་གྱི་ཆེ་བ་ཅུང་ཟད་བརྗོད་ན། དེའང་། གནས་སྔ་མོའི་དུས་ཀྱི་རྒན་པ་གཡང་གི་ཟོ་ཞབས་རྣམ་པའི་ཞལ་སྔ་ནས་འདི་ལྟར་བྱུང་སྟེ། དཔོན་ཉི་ཤུ་རྩ་ལྔའི་དབུ་བླ། རྟེན་སྣམ་སྦྱར་གཉིས་ཀྱི་བདག་པོ། ཞེས་སུ་བྱུང་ལ། སྒ་སྟག་མགོ་སངས་རྒྱས་རིང་བསྲེལ་ཞེས་སྙན་པའི་གྲགས་པ་དཀར་པོས་འཛིན་མའི་ཁྱོན་ཀུན་ཡུག་གཅིག་གིས་བཀབ་པ་དེའི་ལོ་རྒྱུས་མདོ་ཙམ་ཞུ་བ་ལ་བཅུ་སྟེ།
༡༽ ཐོག་མར་རྒྱ་གར་འཕགས་པའི་ཡུལ་ནས་ཇི་ལྟར་གདན་འདྲེན་ཞུས་པའི་ཚུལ་ནི། སྒ་སྟག་མགོའི་སངས་རྒྱས་ཀྱི་རིང་བསྲེལ་འདི་ནི། གནས་རྒྱ་གར་འཕགས་པའི་ཡུལ་ནས་བོད་ཁ་བ་གངས་རིས་ཡོངས་སུ་བསྐོར་བའི་ཞིང་ཁམས་འདི་ཉིད་ལ་ཆེད་དུ་བྱ་བའི་གདུལ་བྱའི་ངོར་གདན་འདྲེན་ཞུས་པ་ཡིན་ལ། ཚུལ་ནི་སངས་རྒྱས་མྱ་ངན་ལས་འདས་པའི་རྗེས་སུ་རྒྱལ་པོ་མ་སྐྱེས་དགྲའི་གདུང་སྐལ་དེ། རྒྱ་གར་རྡོ་རྗེ་གདན་གྱི་གནྡྷོ་ལའི་གཙུག་ལག་ཁང་གི་ཐོག་ཁང་ན་སངས་རྒྱས་མར་མེ་མཛད་ཀྱི་སྐུ་བཞུགས་པའི་མདུན་གྱི་ཀ་བ་ལ་སྦས་ནས་ཡོད་པ་ལ། ཕྱིས་སུ་རབ་བྱུང་ཚུགས་ཁའི་ཆུ་སྦྲུལ་ཏེ་རབ་ལོ་ ༤༩༨༨ ལོར་རྟེན་དེའི་དཀོན་གཉེར་གནས་ལྔ་རིག་པའི་པཎྜི་ཏ་ཤིནྟི་ནག་པོ་ཞེས་བྱ་བས་གདན་དྲངས་པ་ཡུལ་གྱི་ཁུངས་ཐུག་གི་ལོ་རྒྱུས་དྲི་མ་མེད་པ་ཡིན་ནོ། །
༢༽ སྒ་སྟག་མགོ་རྡོ་རྗེ་གདན་ལ་ཇི་ལྟར་གདན་འདྲེན་ཞུས་ཚུལ་ནི།
པཎྜི་ཏ་དེ་ཉིད་བལ་བོད་གཉིས་ཀྱི་ས་མཚམས་སུ་སླེབས་ཚེ། སྐུ་མེད་སྐུ་སྟེ་སྐུ་ཡི་མཆོག །རྒྱལ་བའི་རིང་བསྲེལ་རིན་ཐང་མེད། །ལྷ་མི་ཀུན་གྱི་བསོད་ནམས་ཞིང་། ། སངས་རྒྱས་རྗེས་ཀྱི་མིང་ལ་བྱིན། ། ཞེས་མཁའ་འགྲོ་མས་ལུང་བསྟན་བྱུང་བས་དབུས་གཙང་དང་། རྒྱ་ནག ཧོར། མདོ་སྨད་ཅེས་སུ་ཕེབས་ནས་ལོ་བཅུ་གཉིས་ཀྱི་བར་དུ་རྟེན་དེ་བཞུགས་སའི་གནས་བཙལ་བར་མཛད། ཟིལ་གནོན་ཞེས་པའི་མེ་རྟ་རབ་ལོ་༥༠༠༡ ལ་དཔལ་བཙུན་ཆེན་པོས་ཆོས་འཁོར་བསྐོར་བའི་འགྲམ་དུ་གཟིམས་པའི་མནལ་ལམ་དུ་མི་ནག་པོ་ཞིག་བྱུང་ནས། རྒྱལ་བའི་རིང་བསྲེལ་གཟི་བྱིན་གྱིས། །འགྲོ་བློའི་མུན་སེལ་དུས་ལ་བབ། །སངས་རྒྱས་ཞེས་བྱ་བྱམས་པའི་མིང་། །བཀྲ་ཤིས་ས་ནི་སྟག་མགོ་འོ། ། ཞེས་སྨྲས་ནས་མི་སྣང་བར་གྱུར། ཨ་ཙ་ར་དེ་ཉིད་གནས་སྟག་མགོར་བཞུགས་པའི་བླ་མ་བྱམས་པ་གཡུང་དྲུང་རྒྱལ་མཚན་དང་མཇལ་ནས། ཁྱེད་ཀྱི་མཚན་དང་སའི་མིང་ལ་ཇི་སྐད་ཟེར་ཞུས་པས། བླ་མས་ངའི་མིང་ལ་བྱམས་པ་གཡུང་དྲུང་རྒྱལ་མཚན་དང་གནས་ཀྱི་མིང་ནི་སྟག་མགོའོ་ཞེས་གསུངས་པས། འོ་ན་མིང་དང་ས་ཆའང་རྟེན་འབྲེལ་འགྲིགས། འདི་ནི་མཉམ་མེད་ཐུབ་པའི་དབང་པོའི་རིང་བསྲེལ་ཡིན། ཁྱེད་ནི་རྟེན་འདིའི་བདག་པོ་མཁའ་འགྲོ་མས་ལུང་བསྟན་པ་དེ་ཉིད་ཡིན་པར་འདུག་པས་ཕུལ་ལ་ལགས། གསུངས་ནས་སངས་རྒྱས་ཀྱི་རིང་བསྲེལ་དེ་བླངས་ཏེ་ཕྱག་ཏུ་ཕུལ། རྣལ་འབྱོར་པ་དེའང་གནས་དེར་བབས། འགྲོ་བ་དང་བ་འདྲེན་པའི་ཕྱིར་སྒྱུ་འཕྲུལ་དུ་མ་བསྟན་པ་སྟེ་འབྲི་ཆུ་ཕར་ཚུར་ལ་རྐང་བ་གཉིས་བཞག་སྟེ་ཆུ་ཟོམ་ཁ་བཅུས་བྱས་པ་དང་། སྐུ་ཁྲུས་གསོལ་དུས་སུ་བྲག་ལ་ཨོང་དོའི་རྗེས་དང་གསོལ་ཁེམ་གྱི་རྗེས་སོགས་གསལ་བར་བཞག་ཅིང་མཐར་གནས་དེ་ཉིད་དུ་ཐིམ་ནས་རྟེན་དེའི་སྲུང་མ་མཛད་དོ། 

༣༽ རྟེན་གཞན་ལ་ཟུར་ཙམ་ཡང་མ་གྲགས་ཤིང་ངོ་མཚར་བླ་ན་ཆེ་བའི་ཚུལ་ནི།
རྟེན་དེ་ལ་མངའ་རིས་གུ་ཤྲི་ཇོ་འབུམ་གྱིས་གསེར་ལས་གྲུབ་པའི་པར་བུ་ཕུལ། རྗེ་བཙུན་གྲགས་པ་རྒྱལ་མཚན་བ་སོའི་པར་བུ་ཕུལ། འཇམ་དགོན་ས་སྐྱ་པཎྜི་ཏས་གདུགས་ཕུལ། འགྲོ་བའི་མགོན་པོ་ཆོས་རྒྱལ་འཕགས་པས་རིན་པོ་ཆེའི་སྣམ་སྦྱར་དང་དངུལ་གྱི་པར་བུ་དང་གདུགས། བླ་བྲེ་བུམ་གདན་མ་བཅས་ཕུལ། འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོ་དང་དཔལ་ལྡན་བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཞྭ་ནག་སྐུ་ཕྲེང་ལྔ་བ་ཀརྨ་པ་དེ་བཞིན་གཤེགས་པ། ཀརྨ་པ་ཞྭ་དམར་རིན་པོ་ཆེ། དྲུང་ཆོས་རྗེ་ཀུན་དགའ་རིན་ཆེན། འཇམ་དབྱངས་བསོད་ནམས་རྒྱ་མཚོ། ངོར་མཁན་ཆེན་དཔལ་ལྡན་ཆོས་སྐྱོང་། ཤར་ཆེན་ཀླུ་ལྡིང་བ་འཇམ་དབྱངས་ཐུབ་བསྟན་ལུང་རྟོགས་རྒྱལ་མཚན། ངོར་ཐར་རྩེ་མཁན་རྒན་རིན་པོ་ཆེ། ༧ ཤར་ཆེན་ཀླུ་ལྡིང་མཁན་པོ་འཇམ་དབྱངས་བསྟན་པའི་ཉི་མ་རིན་པོ་ཆེ། ༧ ཤར་ཆེན་ཀླུ་ལྡིང་མཁན་པོ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་རིན་པོ་ཆེ། ༧ ཐར་རྩེ་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་མཆོག་ལྡན་སོགས་སྐྱེས་ཆེན་དམ་པ་དེ་རྣམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་རིང་བསྲེལ་གྱི་ཡོན་ཏན་ཤེས་ཤིང་དང་བས་བླངས་ཏེ་བཀུར་སྟི་ཕུལ་དུད་དང་གོང་མ་དག་གིས་སྣམ་སྦྱར་དུ་མ་དང་པར་བུ་སོགས་ཕུལ་བའི་ལོ་རྒྱུས་མཁན་ཆེན་དམ་པ་དཔལ་ལྡན་ཆོས་སྐྱོང་གི་རྟོགས་བརྗོད་སོགས་ལས་གསལ་ལ་འདི་འདྲ་བ་ནི་རྟེན་གཞན་ལ་ཟུར་ཙམ་ཡང་བཤད་རྒྱུ་མེད་པའི་ཁྱད་ཆོས་ཡིན།
༤༽ གནའ་སྔ་མོའི་དུས་ནས་ཡོངས་སུ་གྲགས་པའི་ངག་རྒྱུན་དག་ནི།
གནའ་མིའི་མཁས་པ་དང་རྒན་རབས་རྣམས་ལ་ཡོངས་སུ་གྲགས་པའི་ངག་རྒྱུན་དག་ནི། དེའང་། ཡུལ་སྒ་པ་ལ་གྲགས་ཆེ་བ་གསུམ་ཞེས་ཡོད་ལ།
རི་ལ་སྐད་གྲགས་ཆེ་བ་ནི། སྒ་ཇོ་བོ་དབང་ཆེན་ཀུན་གྲགས། ཆུ་ལ་སྐད་གྲགས་ཆེ་བ་ནི། འབྲི་ཆུ་གསེར་ལྡན་འབབ་པ། རྟེན་ལ་སྐད་གྲགས་ཆེ་བ་ནི། སྒ་སྟག་མགོའི་སངས་རྒྱས་རིང་བསྲེལ་ཡིན་ནོ་ཞེས་སུ་ཐོས་པ་དང་། ཡང་། སྒ་པ་ལ་དྲིན་ཆེ་བ་གསུམ་ཞེས་བྱ་བ་ཡོད་དེ།རི་ལ་དྲིན་ཆེ་བ་ནི་སྒ་ཇོ་བོ་སྒྱོགས་ཆེན་གདོང་ར། རོ་ལ་དྲིན་ཆེ་བ་ནི་སྒ་སྟག་མགོ་ཐུབ་པའི་རིང་བསྲེལ། རུས་ལ་དྲིན་ཆེ་བ་སྒ་ཨ་གཉན་དྲུང་ཚང་གི་མི་བརྒྱུད་ཡིན་ནོ་ཞེས་དང་།
ཡང་། སྒ་པའི་མཐོང་གྲོལ་རྣམ་གསུམ་ནི།སྒ་སྟག་མགོ་ཡི་མཐོང་གྲོལ་རིང་བསྲེལ། སྒ་ཨ་ཤག་གི་མཐོང་གྲོལ་ལྷ་ཁང་། སྒ་ཨ་ཏོག་གི་མཐོང་གྲོལ་གདུང་རྟེན། ཡིན་ནོ་ཞེས་སུ་གྲགས་པ་དང་། ཡང་། ཡུལ་སྒ་པའི་སྐུ་གསུང་ཐུགས་གསུམ་ནི། སྐུ་ཡི་རྟེན་སྒ་སྟག་མགོའི་སྐུ་གདུང་རིང་བསྲེལ། གསུང་གི་རྟེན་སྒ་རྒྱ་ནག་མ་ཎི་ཆོས་རྩིག ། ཐུགས་ཀྱི་རྟེན་ནི་སྒ་ཡི་མཆོད་རྟེན་དཀར་པོ་གསུམ་ཡིན་ནོ་ཞེས་སུ་གྲགས་སོ། ། ཡང་སྒ་པ་ཆགས་པའི་རྟེན་དྲུག་གནས་དྲུག་ཞེས་སུ་ཡོད་དེ།
དེ་ནི། ༡ གསེར་སྟག་མགོ་ཉི་མ་རང་ཤར་ལ། བཅོམ་ལྡན་ཤཱཀ་ཐུབ་ཀྱི་རིང་བསྲེལ་བཞུགས། དེ་སྒ་པ་མི་འགྱུར་བའི་རྟགས་ཡིན། དེ་དམ་པ་མི་འགྱུར་བའི་གནས་ཡིན། ༢ སྒ་ཁྲི་འདུ་རྒྱ་གར་ལུང་པ་ལ། གསེར་གྱི་ཤཱཀྱ་མུ་ནེ་བཞུགས། དེ་སྒ་པ་མི་འགྱུར་བའི་རྟགས་ཡིན། དེ་དམ་པ་མི་འགྱུར་བའི་གནས་ཡིན། ༣ སྒ་ཞེའུ་ཐང་དཀར་སྒྲོ་མདངས་ལ། ཤིང་ཙནྡན་གྱི་སྒྲོལ་མ་རང་བྱོན་བཞུགས། དེ་སྒ་པ་མི་འགྱུར་བའི་རྟགས་ཡིན། དེ་དམ་པ་མི་འགྱུར་བའི་གནས་ཡིན། ༤ ལབ་ཀྱི་འབའ་ཆ་འབོ་སྤོམ་ལ། དུང་དཀར་མོའི་སྒྲ་དབྱངས་་རང་གྲགས་ཡོད། དེ་སྒ་པ་མི་འགྱུར་བའི་རྟགས་ཡིན། དེ་དམ་པ་མི་འགྱུར་བའི་གནས་ཡིན། ༥ སེབ་ཀྱི་ཆུ་མིག་དཀར་མོ་ལ། བསྐལ་པ་བཟང་པོའི་འབྲུ་བདུན་ཡོད། དེ་སྒ་པ་མི་འགྱུར་བའི་རྟགས་ཡིན། དེ་དམ་པ་མི་འགྱུར་བའི་གནས་ཡིན། ༦ རྩེ་པའི་ནགས་རྒྱལ་ཕྱུག་མོ་ལ། ཤིང་ཙནྡན་སྦྲུལ་གྱི་བླ་བྲེ་ཡོད། དེ་སྒ་པ་མི་འགྱུར་བའི་རྟགས་ཡིན། དེ་དམ་པ་མི་འགྱུར་བའི་གནས་ཡིན། ཞེས་ཡོངས་སུ་གྲགས་ཤིང་དོན་ལའང་དེ་ལྟར་གྲུབ་པ་ཡིན་ནོ། །
༥༽ སྒ་ཁོག་གི་རྟེན་གཙོ་ཡོངས་གྲགས་ཕྱོགས་སུ་བསྡོམས་པའི་ཚུལ་ནི།
དེའང་དུས་ཀྱི་འགྱུར་བ་མ་བྱུང་བའི་གོང་རོལ་ན། སྲིད་པ་སྒ་སྐྱུར་ལྡན་གསུམ་གྱི་ཕྱོགས་ཁ་ན། རྟེན་བྱིན་རླབས་ཆེ་བ་ཡོངས་སུ་གྲགས་ཤིང་གྲུབ་པ་ནི་འདི་ལྟར་མཆིས་ཏེ། སྒ་སྟག་མགོ་ཐུབ་པའི་རིང་བསྲེལ། སྒ་ཁྲི་འདུའི་ཇོ་བོ་གཟི་འོད་འབར་བ། མཛོ་ཉག་མཆོད་རྟེན་དཔལ་གྱི་ལྷུན་པོ། གདུང་རྟེན་བཀྲ་ཤིས་འོད་འབར། སྒའི་མཆོད་རྟེན་དཀར་པོ། དྲན་ཐང་སྨྲྀ་ཏིའི་སྐུ་འབུམ། རྒྱ་ནག་མ་ཎི་པདྨེ། འབིས་རྣམ་སྣང་ཆེན་པོ། ལྡན་ཀློང་ཐང་སྒྲོལ་མའི་ལྷ་ཁང་བཅས་དགུ་པོ་ནི་དུས་ངན་རིག་གསར་མ་ཚེས་པའི་གོང་རོལ་ལ་ཡོངས་གྲགས་སུ་བཞུགས་པའི་རྟེན་སྐད་གྲགས་ཅན་དག་ཡིན་ནོ་ཞེས། སྡེ་གཞུང་ལུང་རིགས་སྤྲུལ་སྐུས་བྲིས་པའི་སྲིད་པ་སྒ་སྐྱུར་ལྡན་གསུམ་གྱི་ལོ་རྒྱུས་ལས་བྱུང་བ་ཇི་བཞིན་བྲིས་པའོ། །
༦༽ དེ་དག་ལས་ཀྱང་ཁྱད་པར་འཕགས་པའི་ཚུལ་ནི།
ནང་པ་སངས་རྒྱས་པའི་ལུགས་ཀྱི་སྐུ་གསུང་ཐུགས་ཀྱི་རྟེན་ཇི་སྙེད་བཞུགས་པ་ལས་སངས་རྒྱས་ཀྱི་སྐུ་གདུང་གང་ཞིག་རྒྱུ་སངས་རྒྱས་རང་ཉིད་ཀྱི་བདག་རྐྱེན་ལས་བྱུང་བའི་རིང་བསྲེལ་རིན་པོ་ཆེ་འདི་པ་ལས་ལྷག་ཙམ་ཞིག་ཡོད་མི་སྲིད་དེ། དཔེར་མཚོན་ན། ཡེ་ཤུ་པའི་ཆོས་པ་རྣམས་ལ་མཚོན་ན་སྟོན་པ་ཡེ་ཤུ་མ་ཤི་ཀའི་སྐུ་གདུང་ཞིག་ཡོད་ན་དེ་བས་ལྷག་ཙམ་ཞིག་ནི་འཁྱེར་རྒྱུ་མེད། དབྱི་སི་ལན་ལ་མཚོན་ན་དབྱི་སི་ལན་གྱི་སྟོན་པ་མ་ཧཱ་མོ་དྷིའི་སྐུ་གདུང་ཞིག་ཡོད་ན་དེ་བས་ལྷག་ཙམ་ཞིག་སྟོན་རྒྱུ་མེད་པ་དཔེ་དེ་བཞིན་དུ། ངེད་ནང་པ་སངས་རྒྱས་པའི་ལུགས་ལའང་སྐུ་གསུང་ཐུགས་རྟེན་ཇི་སྙེད་བཞུགས་པ་ལས་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་གདུང་གི་རིང་བསྲེལ་ལས་ལྷག་ཙམ་ཞིག་ནི་མེད་པར་ཤེས་པར་བྱའོ། །དེང་སང་ཐུགས་ལྗགས་སྤྱན་གསུམ་སོགས་མང་དུ་སྣང་བ་དེ་དག་ཀྱང་ཁོང་གི་རྗེས་འཇུག་རྣམས་ལ་ཐུན་མིན་གྱི་ཡོན་ཏན་མངའ་བའི་རྐྱེན་ལས་བྱུང་མོད་ཀྱི། འོན་ཀྱང་། སྤངས་རྟོགས་ཡོངས་སུ་རྫོགས་པའི་སྟོན་པ་སངས་རྒྱས་ཀྱི་སྐུ་གདུང་ལས་ལྷག་ཙམ་ཞིག་ནི་གཞན་ཁོང་གི་རྗེས་འཇུག་རྣམས་ལ་མེད་པའི་ཚུལ་དེ་དཔེ་དེ་ཉིད་ཀྱིས་ངེས་པར་བྱས་ནས་ཟག་པ་བསག་པར་མི་བྱའོ། །
༧༽ ཐུན་མིན་རྟགས་ཀྱིས་ཡ་མཚན་ཆེ་བའི་ཚུལ་ནི།
དུས་རབས་ཉི་ཤུ་པའི་མཇུག་དང་ཉེར་གཅིག་པའི་དབུ་རུ་བྱོན་པའི་སྐྱབས་རྗེ་ ༧ ངོར་ཨེ་ཝྃ་ཤར་ཆེན་ཀླུ་ལྡིང་པ་འཇམ་དབྱངས་བསྟན་པའི་ཉི་མ་རིན་པོ་ཆེ་ཁོང་ཉིད་བོད་དང་རྒྱ་ནག་གི་ཕྱོགས་སུ་བཞུགས་པའི་ས་དགེ་ཀར་རྙིང་གི་དགོན་ལགས་ ༡༨༠ ཡས་མས་ཙམ་ལ་ཕེབས་སྐབས། པེ་ཅིང་དུ་བཞུགས་པའི་སངས་རྒྱས་ཀྱི་ཚེམས་དང་སྒ་སྤང་ཤར་དགོན་དུ་བཞུགས་པའི་སངས་རྒྱས་རིང་བསྲེལ་འདི་གཉིས་ཁོ་ན་ལ་བྱིན་རླབས་ཆེ་བ་དང་དད་པ་དབང་མེད་དུ་སྐྱེ་བར་འདུག་པས་སོགས་ཀྱིས་བསྟོད་བསྔགས་མཛད་པས་རྟེན་འདི་གཉིས་ལས་ནི་ལྷག་ཙམ་ཞིག་ཉི་མ་རྒྱ་བོད་གཉིས་ན་མེད་པའི་ཚུལ་མཁྱེན་པར་བྱའོ། །

༨༽ རྟེན་རྩ་ཆེན་འདི་ཉིད་དཀོན་གཉེར་རྣམ་པས་རང་གི་སྲོག་ལས་ཀྱང་གཅེས་པར་བསྐྱངས་པའི་ཚུལ་ནི།
ང་བརྒྱད་ལོ་ནས་དང་རིག་གསར་གྱི་ཡོ་ལང་དགུང་ལ་འཕྱུར་བའི་དུས་སུ། མདོ་དབུས་ཁམས་གསུམ་གྱི་དགོན་གནས་ཐམས་ཅད་ལ་གོད་ཆག་ཚད་མེད་བྱུང་ལ། དེའི་སྐབས་སུ་རྟེན་འདི་པ་སོགས་བསྲུང་ཉར་མཛད་མཁན་དགེ་སློང་གཉིས་ཀྱི་སྔ་ཕྱི་རིམ་བཞིན་དུ་གཅེས་སྲོག་ཤོར་བ་ཡིན་ཏེ། འཐབ་རྩོད་དྲག་པོའི་རྡུང་བརྡེག་གི་ཁྲོད་ནས་དགེ་སློང་དེ་གཉིས་ལ་སྲོག་ལ་ཐུག་པའི་མནར་གཅོད་བྱུང་ནས་ཐབས་ཀྱིས་དགེ་སློང་གཞན་ཞིག་ལ་ལྐོག་ནས་རྟེན་མཆོག་སོགས་སྤྲད་དེ་གསེར་ལྡན་འབྲི་ཀླུང་སྔོན་མོའི་ནང་དུ་ལྕེབས་དགོས་ཐུབ་པའི་གཏམ་རྒྱུད་མངའ་བ་ཡིན་ནོ། །
༩༽ འཛམ་བུ་གླིང་ན་ཆེས་དཀོན་པའི་ཚུལ་བཤད་པ་ནི།
དེང་ཆར་འཛམ་བུ་གླིང་ན་དངོས་ཐོག་བདེན་འཚོལ་གྱིས་གྲུབ་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ་ནི་རྒྱལ་ས་པེ་ཅིང་དུ་བཞུགས་པའི་སངས་རྒྱས་ཀྱི་ཚེམས་མཆེ་བ་དང་། འབར་མའི་རྒྱལ་སར་བཞུགས་པའི་མཆོད་རྟེན་ཆེན་མོ་ག་གོན་གྱི་ནང་དུ་བཞུགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་དབུ་སྐྲ་ཉག་མ་བདུན་པོ་དང་། དཔལ་ལྡན་སྤང་ཤར་དགོན་གྱི་ཆོས་སྡེར་བཞུགས་པའི་སྒ་སྟག་མགོའི་སངས་རྒྱས་ཀྱི་སྐུ་གདུང་གི་རིང་བསྲེལ་ཙམ་ལས་གཞན་དུ་ཡོད་པའི་ལོ་རྒྱུས་ཚད་མས་མ་དམིགས་པས་ན། འཇིིག་རྟེན་ན་ཆེས་དཀོན་པ་དང་རྩ་ཆེ་བ། སངས་རྒྱས་དངོས་ཀྱི་འདུ་ཤེས་པར་བྱས་ན། སངས་རྒྱས་ཀྱི་བྱིན་རླབས་རྒྱུད་ལ་ཞུགས་པར་འགྱུར་ཏེ། གང་གིས་སངས་རྒྱས་ཡིད་བྱེད་པ། །དེ་ཡི་མདུན་ལ་ཐུབ་པ་བཞུགས། ། ཞེས་པ་ལྟར་རོ། །
༡༠༽ སྲུང་སྐྱོང་དམ་དྲག་དགོས་ཚུལ་བཤད་པ་ནི།
ལོ་རྒྱུས་ཀྱི་ཆུ་བོ་དེ་ལྟར་རྒྱུན་རིང་ཞིང་ཚད་ལྡན་ཁུངས་ཐུབ་ཀྱི་གནས་ལུགས་མང་དག་མཆིས་པའི་སྒ་སྟག་མགོའི་སངས་རྒྱས་རིང་བསྲེལ་འདི་པ་ནི། ཡུལ་ཤུལ་ཁུལ་འོག་ན་སྒ་སྟག་མགོའི་སངས་རྒྱས་རིང་བསྲེལ་འདི་པ་ལས་ལྷག་ཙམ་གྱི་རྟེན་ཞིག་ནི་མི་འདུག་པས་། ཅི་ནས་ཀྱང་སྲུང་སྐྱོང་བདག་དམ་གང་ལེགས་མཛད་དགོས་ཞེས་ལན་གྲངས་མང་དུ་ཁུལ་དཔོན་རིམ་པ་ཁག་དང་རྫོང་དཔོན་རིམ་པ་ཁག་ནས་རབ་རིམ་གྱིས་བཀའ་ནན་ཞིབ་ཏུ་བསྩལ་བ་དང་མ་ཟད་ཐུགས་ཁུར་རྒྱབ་སྐྱོར་ཚད་མེད་གནང་བ་ལྟར་ལགས་པས། དཀོན་གཉེར་རྣམ་པ་ནས་ཉིན་གྱི་བྱ་ར་དང་མཚན་གྱི་མེལ་ཚེ་ཡིས་ནམ་ཡང་ཐུགས་ལྷོད་གནང་མི་ཉན་ལ། སངས་རྒྱས་ཀྱི་སྐུ་གདུང་རིང་བསྲེལ་ཉིད་དམན་སར་བཞག་ན་བཙོག་ཉམས་དང་སྡིག་སྒྲིབ་ཆེ་བས། སྐུ་གསུང་ཐུགས་རྟེན་ཐམས་ཅད་ལས། འདི་པ་ལས་ལྷག་ཙམ་ཞིག་ནི་མེད་པས་རྟེན་ཐམས་ཅད་ཀྱི་གཙོ་བོར་བཞུགས་སུ་གསོལ་ནས་དཀར་མེ་ཡོན་ཆབ་སོགས་རྣམ་པར་དག་པའི་མཆོད་པ་གཙང་མ་དང་ཞབས་ཞུ་གང་ལེགས་ལ་ཅི་ནས་ཀྱང་འབད་པར་བྱ་དགོས་སོ། །
༡༡༽ བྱིན་རླབས་དང་ནུས་པ་རྟེན་གཞན་ལས་ཆེ་བའི་ཚུལ་ནི།
མདོ་ལས། ད་ལྟ་ང་ལ་མཆོད་པ་དང་། །མ་འོངས་རིང་བསྲེལ་མཆོད་པ་གཉིས། །བསོད་ནམས་མཉམ་ཞིང་རྣམ་སྨིན་མཉམ། །དེ་གཉིས་ཐ་དད་ཡོད་མ་ཡིན། ། ཞེས་དང་། མཆོད་རྟེན་བསྐོར་བའི་ཕན་ཡོན་བསྟན་པའི་མདོ་ལས། གང་ཞིག་བཞུགས་ལ་མཆོད་པ་དང་། །མྱ་ངན་འདས་པའི་སྐུ་གདུང་ལ། །སེམས་ནི་མཉམ་པར་དད་པ་ཡིས། །བསོད་ནམས་ལ་ནི་ཁྱད་པར་མེད། ། ཅེས་སོགས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ལུང་ཤིན་ཏུ་མང་པོ་དང་། ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི་ཚུལ་ཁྲིམས་དཔག་ཏུ་མེད་པ་ནས་རྣམ་པར་གྲོལ་བའི་ཡེ་ཤེས་གཟིགས་པ་དཔག་ཏུ་མེད་པ་དང་ལྡན་པའི་ཕྱིར་ན། མཚམས་མེད་ཀྱི་ལས་བསགས་ནའང་བདེ་བར་གཤེགས་པའི་སྐུ་དང་རིང་བསྲེལ་གྱི་ཕུང་པོ་ལ་མཆོད་བསྟོད་བྱས་པས། མ་གྷ་དྷའི་རྒྱལ་པོ་ཆེན་པོ་མ་སྐྱེས་དགྲས་དགྲ་བཅོམ་པ་ཐོབ་པའི་སྔོན་གྱི་བྱུང་བ་བཞིན་ལགས་ན་གཞན་ལྟ་ཅི་སྨོས། མདོར་ན་ནད་ཅན་གྱི་ནད་ཞི། གདོན་ཅན་གྱི་གདོན་ཞི། བསམ་པའི་བར་ཆད་ཞི་བ་སྟེ་ཕྱི་ནང་གསང་བའི་རྐྱེན་གེགས་མ་ལུས་ཞི་ནས་བསམ་པའི་དོན་རྣམས་ཆོས་དང་མཐུན་པར་ཡིད་བཞིན་དུ་འགྲུབ་པ་དང་། སྐྱེ་བ་ཕྱི་མ་ལའང་སངས་རྒྱས་ཡེ་ཤེས་ཀྱི་སྐུ་ཡིས་རྗེས་སུ་བཟུང་སྟེ་ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་ནས་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་འཐོབ་པར་འགྱུར་རོ། །
ཞེས་ཉུང་ངུའི་ལམ་ནས་མཚམས་སྦྱོར་བ་ནི་སྤང་ཤར་གྲྭ་ངག་དབང་རྡོ་རྗེ་ལགས་སོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*