ནང་ཆོས་ནི་ཐར་བ་དང་རང་དབང་ཐོབ་བྱེད་ཀྱི་ལམ་ཡིན།

ཡི་ཉེ་ནས་བསྒྱུར

དྲི་བ་བརྒྱད་ཁྲི་བཞི་སྟོང་།  ༼ལེའུ་དང་པོ་ནང་ཆོས་ངོ་སྤྲོད།༽

ནང་ཆོས་ནི་ཐར་བ་དང་རང་དབང་ཐོབ་བྱེད་ཀྱི་ལམ་ཡིན།

༼༡  ང་འདི་ལྟར་གནས་ཤིང་འདི་ལྟར་དུ་གྲུབ་པ་དང་། མི་དང་དངོས་པོ་འགའ་ཞིག་ལ་ཆགས་སྡང་དྲག་པོ་སྐྱེས་ཀྱང་གཞན་ལ་སྣང་དོགས་མེད་པ། ང་རྒྱ་མི་ཞིག་ལས་ཨ་རབ་ཀྱི་མི་མ་ཡིན་པ། པེ་ཅིང་ལ་སྐྱེས་པ་ལས་མོ་ལོ་ཀིར་མ་ཡིན་པ། ཐ་ན་ང་ལ་སེམས་ཞེས་བྱ་བ་ཞིག་ཀྱང་ཡོད་འདུག་པས། མདོར་ན་སངས་རྒྱས་པས་འདི་དག་ལ་འགྲེལ་བཤད་ཇི་ལྟར་བྱེད་བཞིན་ཡོད། སྐྱེ་དངོས་རྣམས་ཅིའི་ཕྱིར་ད་ལྟའི་རྣམ་པ་འདི་ལྟར་གནས་པ་ཡིན་ནམ།

སངས་རྒྱས་པས་ང་ཚོ་ནི་འདི་ལྟ་བུའི་ཚུལ་གྱིས་གནས་པ་དང་། དངོས་པོ་ནི་འདི་ལྟ་བུའི་རྣམ་པས་མངོན་ཡོང་བ་ནི་གྲངས་ཀྱིས་མི་ཐེབ་པའི་རྒྱུ་རྐྱེན་ཡོད་པས་ཡིན་ལ། རྒྱུ་རྐྱེན་དེ་དག་རེ་རེ་ལ་ཡང་གྲངས་ཀྱིས་མི་ཐེབ་པའི་རྒྱུ་དང་རྐྱེན་ཡོད་པ་ཡིན། དེའི་ཕྱིར་ང་ཚོ་ཁྱིམ་ཚང་དང་ཁོར་ཡུག་གཅིག་པའི་ནང་དུ་སྐྱེས་ཀྱང་། རྒྱུ་རྐྱེན་མི་འདྲ་བ་གྲངས་ཀྱིས་མི་ལོང་བ་ཡོད་པའི་དབང་གིས་ལ་ལ་དུག་སྡོམ་ལ་སྐྲག་ཀྱང་མཚོ་སྲན་ཁ་ནང་དུ་བཞག་པའི་ཚེ་མི་བདེ་བའི་ཚོར་སྣང་གང་ཡང་འབྱུང་གི་མེད། ལ་ལ་ཁྲག་དམར་མཐོང་བའི་ཚེ་མགོ་ཡོམས་འཁོར་ཡང་ཉ་ལྷེབ་གསོན་པོ་བཟའ་བར་དགའ་བཞིན་ཡོད།

འོན་ཀྱང་། ངེས་པར་དུ་ལོགས་སུ་གསལ་བཤད་བྱ་དགོས་རྒྱུ་གཅིག་ནི་ང་ཚོའི་ཡིད་ཀྱི་རྣམ་པར་ཤེས་པ་ཡིན། འདི་ནི་རྒྱུ་རྐྱེན་ཆེས་ཆེ་བ་རེད། གལ་ཏེ་ཡིད་ཀྱི་རྣམ་ཤེས་མེད་ན། རྒྱུ་རྐྱེན་གཞན་གྱི་དབང་གིས་བྱུང་བའི་དཀའ་ངལ་དང་དགའ་བདེ་ཉམས་སུ་མྱོང་མི་སྲིད།

༼༢ རིན་པོ་ཆེ་ལགས། འཇིག་རྟེན་བྱེད་པོ་འདོད་པའི་མི་འགའ་ཞིག་གིས་ནང་པའི་ལས་འབྲས་དང་རྟེན་འབྱུང་གི་ལྟ་བ་ལ་དོགས་པ་བྱས་ཡོད་པས། འདི་ལ་ཁྱེད་ཀྱིས་ལྟ་ཚུལ་གང་འདྲ་ཡོད།

འཇིག་རྟེན་བྱེད་པོའི་རིགས་ཁས་ལེན་མཁན་ལ་མཚོན་ན། འཇིག་རྟེན་བྱེད་པོ་རང་ལྡོག་ནས་རྒྱུ་རྐྱེན་གཅིག་ཡིན། དོན་དམ་གནས་ལུགས་ཀྱི་དབང་དུ་བྱས་ན་དེ་ནི་ཁོ་ཚོས་འདོད་པའི་ལས་འབྲས་ཉག་གཅིག་པུ་དེ་ཡིན་སྲིད་མོད། འོན་ཀྱང་ཐ་སྙད་སྒོ་བསྟུན་གྱི་ངོས་ནས། ངས་ཁོ་ཚོའི་གོ་དོན་ནི། སྒོ་ང་བཙོ་བའི་སྐབས་སུ་སྒོ་ང་བཙོ་བའི་དོན་དག་འདིའི་ཁྲོད་དུ་གནམ་བདག་གམ་འཇིག་རྟེན་བྱེད་པོ་ཞིག་ཡོད་པའི་དོན་ཡིན་པར་མི་སེམས། གལ་ཏེ་ཁོ་ཚོས་དངོས་གནས་དེ་ལྟར་ཁས་བླངས་ཡོད་ན། ཁོ་ཚོས་གནམ་བདག་ལ་སྒོ་ང་ཚོས་པའི་གསོལ་བ་བཏབ་པ་ཙམ་གྱིས་ཆོག་གི ཆུ་སྣོན་པ་དང་མེ་འབུད་པ། ཡང་ན་དེ་ལས་གཞན་པའི་སྒོ་ང་བཙོ་བའི་རྒྱུ་རྐྱེན་གང་ཡང་བྱ་དགོས་དོན་མེད།

གང་ལྟར། མི་སོ་སོ་ལ་དད་པ་གཞག་ས་སོ་སོར་ཡོད་ལ། ཁོ་ཚོ་རང་རང་ལ་རང་རང་གི་བདེན་པའི་རྒྱུ་མཚན་ཡོད། སོ་སོས་ཀྱང་གཞན་གྱི་དད་པ་ཁས་མི་ལེན། དེ་ལའང་བདེན་པའི་རྒྱུ་མཚན་ཡོད། སངས་རྒྱས་པས་འཇིག་རྟེན་བྱེད་པོས་མི་མཐོང་བའི་གནས་ཞིག་ནས་ཆོས་ཐམས་ཅད་ལ་བཀོད་སྒྲིག་བྱེད་པར་ཁས་ལེན་ན་མི་འདོད་པས། ནང་པར་མཚོན་ན་འཇིག་རྟེན་བྱེད་པོ་ཆོས་ཐམས་ཅད་ཀྱི་རྒྱུ་རྐྱེན་ཡིན་པར་འདོད་པའི་ལྟ་བ་འདི་ནི་ཆེས་དོགས་པ་ཟ་དགོས་པའི་གནས་ཡིན། སངས་རྒྱས་པས་བསམས་ན་འཇིག་རྟེན་བྱེད་པོར་ནུས་པ་དེ་འདྲ་ཡོད་ན་བྱམས་སེམས་ཀྱང་ལྡན་ངེས་པས། ཅིའི་ཕྱིར་ཁོས་ད་དུང་ང་ཚོར་སྡུག་བསྔལ་མྱོང་དུ་བཅུག ཁོ་ནི་བྱམས་སེམས་ཅན་མ་རེད་དམ། ཁོ་ལ་ནུས་པ་ཡོད་པས་ཁོས་དཀའ་ངལ་ཡོད་ཚད་སེལ་དགོས་པ་ལས་ང་ཚོའི་སྡུག་བསྔལ་སྣང་མེད་དུ་གཏང་དགོས་དོན་མེད། དེའི་ཕྱིར་སངས་རྒྱས་པ་རྣམས་ཀྱིས་དངོས་པོ་སྐྱེ་བ་དང་འགག་པ་ནི་གྲངས་མེད་པའི་རྒྱུ་དང་རྐྱེན་གྱིས་ཡིན་པ་ལས་འཇིག་རྟེན་བྱེད་པོས་འབྱུང་རྐྱེན་བྱས་པར་ཁས་ལེན་ན་མི་འདོད། སངས་རྒྱས་པར་མཚོན་ན་འཇིག་རྟེན་བྱེད་པོ་སྐྲུན་བྱེད་ནི་མི་རང་གི་ཡིད་ཀྱི་ཤེས་པ་སྟེ། ངས་གོང་དུ་བཤད་པའི་ཡིད་ཀྱི་རྣམ་ཤེས་དེ་རེད། ང་ཚོའི་ཡིད་ཀྱི་ཤེས་པས་འཇིག་རྟེན་བྱེད་པོ་ཞིག་གིས་ང་ཚོ་ཚུར་སྐྲུན་པར་ཡིད་ཆེས་པའི་དབང་གིས་ང་ཚོས་གནམ་བདག་ཡོད་པར་ཡིད་ཆེས་བྱས་ཅིང། དོན་དངོས་ལ་ང་ཚོས་དབང་ཕྱུག་ཕར་བསྐྲུན་པ་ཡིན། དེའི་རྗེས་ང་ཚོས་བསྐྲུན་པའི་དོན་འདི་ཁོའི་མཛད་འཕྲིན་དུ་རློམ་པ་རེད། །

༼༣ ཆོས་དད་མེད་པའམ་དངོས་གཙོར་ཤས་ཆེ་བའི་མི་དག་གིས་ནང་ཆོས་ཀྱི་ལས་འབྲས་ཁས་མི་ལེན་པས། འདི་ལ་ཁྱེད་ཀྱིས་ལྟ་ཚུལ་གང་འདྲ་ཡོད།

ཆོས་དད་མེད་པའམ་དངོས་གཙོ་ཅན་གྱི་མིས་ཤེས་པའི་ལས་འབྲས་ལ་ཚད་ཡོད་པ་ཙམ་ལས། མཐའ་ཅིག་ཏུ་ཁས་མི་ལེན་པར་མ་ཡིན། ཁོ་ཚོས་མཐོང་དུ་རུང་ལ་ཚོར་དུ་ཡོད་པའི་རྒྱུ་འབྲས་ཙམ་ལས་ཡོད་ཚད་ཁས་ལེན་མི་ཐུབ་ཏེ། དེ་ནི་ཉག་ཕྲ་ཞིང་བསམ་དཀའ་བ། བློས་དཔག་མི་ནུས་ཤིང་ཚོར་ཡང་མི་ཐུབ་པའི་རྒྱུ་མཚན་གྱིས་ཡིན། བཤད་སྟངས་གཞན་ཞིག་བྱས་ན། ཁོ་ཚོས་ཁྱིམ་ཚང་གི་སྐྱོ་གར་མྱངས་བའི་བྱིས་པ་ནར་སོན་རྗེས་ཅིའི་ཕྱིར་ཁོ་པ་སྐྱོ་སྣང་ཅན་དུ་འགྱུར་བར་ཤེས་སྲིད་མོད། འོན་ཀྱང་། ཁོ་ཚོས་དང་ཐོག་མི་དེ་ཁྱིམ་ཚང་དེ་འདྲ་ཞིག་ཏུ་སྐྱེ་བའི་རྒྱུ་རྐྱེན་གང་ཡིན་པར་བསམ་བློ་འཁོར་མི་སྲིད།

ཡང་དཔེར་ན། ཕ་མས་བུ་རྒྱུད་རྣམས་སློབ་འབྲིང་ངམ་སློབ་ཆེན་ཆེས་ལེགས་ཤོས་སུ་བཏང་ནས། མཐར་བུ་རྒྱུད་ཀྱིས་ལས་དོན་བཟང་པོ་ཞིག་རྙེད་ཐུབ་པའི་རེ་བ་བྱས་ཡོད། ཕ་མ་རྣམས་ཀྱིས་བསམ་ན་རང་ཉིད་ཀྱིས་གང་ཐུབ་ཐུབ་ཀྱིས་མཐུན་རྐྱེན་སྟེ་ལས་བཟང་པོ་སྐྲུན་ཡོད་བསམས་ཀྱང་། དོན་དངོས་ཐོག་ད་དུང་བུ་རྒྱུད་ཕལ་མོ་ཆེས་དོན་བཟང་པ་ོཞིག་རྙེད་མེད། ཡང་ན་ཉིན་དང་པོར་ལས་ཁུངས་ཕྱིན་ཙ་ན་ཤན་རྨེན་སྐྲན་ཕོག་ཡོད་པར་ཤེས་རྟོགས་བྱུང་འོང་། ཕ་མ་རྣམས་ཀྱིས་འདི་ལ་གནས་ལུགས་མི་འདུག་བསམ་སྲིད། སྡུག་བསྔལ་གྱིས་མནར་སྲིད། གཞན་ལ་ཁག་འགེལ་སྲིད། ཡང་ན་ཁོང་ཚོ་རང་ཉིད་ཀྱིས་ཀྱང་ཅིའི་དོན་ཏུ་ཁོང་ཁྲོ་ལངས་པ་མི་ཤེས་བཞིན་དུ་ཁོང་ཁྲོ་ལང་སྲིད། འདིས་ཅི་ཞིག་གསལ་བཤད་བྱས་ཡོད་ཟེར་ན། ཁོ་ཚོས་མཐོང་མི་ཐུབ་པའི་རྒྱུ་རྐྱེན་ཡོད་པར་བརྗེད་སོང་བར་གསལ་བཤད་བྱས་ཡོད། རྒྱུ་རྐྱེན་དེ་དག་ནི་སྐྱེ་བ་སྔ་མའི་ནང་དུ་བསགས་ཡོད་ན་ཐང་།

དེའི་ཕྱིར། ལས་འབྲས་ལ་གོ་བ་སྐྱ་རིས་ཙམ་ལས་ཆ་ཚང་བར་མ་བྱུངབའི་དབང་གིས་མི་རྣམས་རེ་བ་དང་འཇིགས་སྐྲག་སྣ་ཚོགས་ཀྱིས་བཅིངས་ཏེ། ཐ་མར་སྐྱོ་སྡུག་གི་ཕྱོགས་སུ་གོམ་པ་སྤོ་བཞིན་ཡོད།

ང་ལ་ཨོ་སི་ཁྲུ་ལི་ཡའི་གྲོགས་མོ་ཞིག་ཡོད། མོ་ནི་མཚན་མཐུན་བརྩེ་དུང་ལ་བློ་སེམས་བརྟན་པར་མ་ཟད། བུད་མེད་དབང་ཆ་རྩོད་མཁན་ཞིག་ཏེ་རང་གཤིས་འབུར་དུ་ཐོན་ཞིང་བསམ་བློ་གསར་པ་ཅན་ཡིན། ཐེངས་ཞིག་ཁོ་མོ་ང་གཏུག་ཏུ་འབྲུག་པར་ཕྱིན་འདུག གནས་དེར་ངའི་ཞབས་ཕྱི་གཅིག་ཡོད། ཞབས་ཕྱི་དེ་ནི་ངོ་ཚ་སླ་བའི་འབྲུག་པའི་ཕོ་སར་ཞིག་ཏེ། གཞན་དང་འབྲེལ་འདྲིས་བྱས་པ་ཤིན་ཏུ་ཉུང་བར་མ་ཟད་ནམ་ཡང་བློ་བག་ཕེབས་པོ་ཅན་ཞིག་ཡིན་པས། བུད་མེད་ཀྱི་དགའ་ཡུལ་དུ་གྱུར་བའི་དར་མ་ཞིག་མ་ཡིན། སྐབས་དེར་ང་རང་ཕྱི་ལ་ཡུལ་སྐོར་དུ་ཡོད། འབྲུག་པར་ཕྱིར་ལོག་དུས་ཞབས་ཕྱི་མཐོང་རྒྱུ་མི་འདུག དེ་ནི་ཁོ་དང་མཚན་མཐུན་བརྩེ་དུང་བ་འདི་གཉིས་དགའ་རོགས་སུ་གྱུར་སོང་བས་རེད། ཟླ་འགའི་རྗེས་སུ་ཐ་ན་མངལ་ཡང་ཆགས་ཟིན་འདུག རིམ་གྱིས་ཁོ་མོའི་སྐྲ་ཚུགས་དང་སྤོས་ཆུ། གྱོན་ཆས་རྒྱན་སྤྲས་སྟངས་སོགས་སྔོན་གྱི་ཕོ་གསར་ལྟ་བུ་སྟབས་བདེ་ཅན་ལས་ཚུར་བུད་མེད་ཀྱི་ཚུགས་ཀར་འགྱུར་སོང་།

དེའི་ཕྱིར། ང་ཚོར་ལས་འབྲས་གང་ཞིག་གིས་སྒུག་ཡོད་པ་ཤེས་ཐབས་མེད། བསམ་ཡུལ་ལས་འདས་པའི་དོན་དག་མང་པོ་ཞིག་ཚེ་སྲོག་གི་ས་ཚུགས་རྗེས་མར་གནས་ཡོད་པས། རྙིང་ཞེན་ཅན་གྱི་ཡིད་ཀྱི་ཤེས་པ་ལ་མཚོན་ན་ལས་འབྲས་ནི་དཔག་ཐབས་དང་བྲལ་བ་ཞིག་གོ །

༼༤ རིན་པོ་ཆེ་ལགས། ཁྱེད་ཀྱིས་ནང་པའི་རྟེན་འབྲེལ་དང་སྟོང་ཉིད་ཀྱི་གོ་དོན་གསུང་རོགས་གནང་།

ཁྱོད་ཀྱིས་ཡིད་ཆེས་མིན་གང་ལྟར་རུང་། ལས་འབྲས་དཔྱིས་ཕྱིན་པ་ཤེས་ན་སྟོང་ཉིད་ཀྱང་གོ་བ་ཡིན་ཏེ། ཁྱོད་ཀྱིས་ལས་འབྲས་དཔྱིས་ཕྱིན་པར་ཤེས་པའི་ཚེ། རང་ཚུགས་ཐུབ་པའི་རྒྱུ་རྐྱེན་དང་། དོན་ཀུན་བྱེད་ནུས་པའི་རྒྱུ་རྐྱེན། ཡང་ན་གདོད་མའི་རྒྱུ་རྐྱེན་ཞིག་མེད་པར་ཤེས་འོང་།

ཤིང་གི་དབྱུག་པ་གསུམ་བཞི་ཞིག་མཉམ་དུ་ལྷོང་ནས་དེའི་སྟེང་ན་ཤིང་ལེབ་གཅིག་བཞག་ན། དེའི་ཚེ་གལ་ཏེ་ཤིང་ལེབ་ཀྱི་ཐོག་ཏུ་ཡང་ཕོར་པ་ཞིག་བཞག་པའི་ཚེ་གློ་བུར་དུ་ཅོག་ཙེར་གྱུར་ཟིན། གལ་ཏེ་ཁྱོད་རང་དེའི་སྟེང་དུ་བཞུགས་ཚེ་རྐུབ་སྟེགས་སུ་གྱུར་ཟིན་ཡོད། སྐབས་དེར་ཅོག་ཙེ་ནི་གློ་བུར་དུ་བྱུང་བ་ནང་བཞིན་གློ་བུར་དུ་འགག་ཡང་ཟིན།

དེའི་ཕྱིར་ཅོག་ཙེའམ་རྐུབ་སྟེགས་ནི་སྐད་ཅིག་མའི་རང་བཞིན་གྱིས་ཚོགས་པ་ཙམ་ཡིན། སྐད་ཅིག་གིས་འགག་པའི་ཚོགས་སྤྱིའི་དངོས་པོ་ཙམ་ལས་གཞན་གདོད་མ་ནས་གྲུབ་པའི་ཅོག་ཙེའམ་རྐུབ་སྟེགས་གཅིག་ཀྱང་མེད་དོ། །

འཇིག་རྟེན་བྱེད་པོ་ཡོད་པ་ཡིད་ཆེས་པའི་མི་དེ་ཚོས་ཡོད་ཚད་མི་གཞན་གྱི་དབང་བསྒྱུར་ལ་བརྟེན་པ་ལས་རང་ཉིད་ཀྱི་ཚོད་འཛིན་མི་ཐུབ་པར་འདོད། དངོས་གཙོར་ཤས་ཆེ་བའི་མི་དེ་དག་གིས་ཡོད་ཚད་རང་ཉིད་ཀྱིས་ཁ་ལོ་སྒྱུར་བཞིན་ཡོད་པར་ཡིད་ཆེས་བཞིན་ཡོད། གོ་ནོར་ཐེབ་པའི་རིགས་འདི་གཉིས་ཀས་སྡུག་བསྔལ་སྐྱེ་བའི་རྒྱུར་བྱས་ཡོད།

འོན་ཀྱང་ལས་འབྲས་ནི་གོ་དཀའ་བ་ཅན་ཡིན་པས་ལས་འབྲས་ལ་གོ་བ་གཏིང་ཟབ་མོ་ལེན་འདོད་མཁན་ཆེས་ཉུང་ཉུང་ཡིན། རྒྱུ་མཚན་ལས་འབྲས་ལ་བརྟག་དཔྱད་ཇི་ཙམ་བྱས་ན་དེ་ཙམ་གྱིས་དངོས་པོར་རང་བཞིན་གྱིས་གྲུབ་པའི་ལས་འབྲས་གཏན་ནས་མེད་པར་རྟོགས་འོང་བས་སོ། ། འདི་ལྟ་བུའི་གོ་རྟོགས་ཀྱིས་སངས་རྒྱས་ཆོས་ལུགས་ཀྱི་ལྟ་བ་སྟོང་ཉིད་ལ་ཇེ་ཉེ་ཡིན།

ངས་རྣམ་པ་ཚོ་ལ་《ལོ་ཧྲིང་མིང罗生门》ཞེས་པའི་འཇར་པན་གྱི་གློག་བརྙན་གཅིག་འོས་སྦྱོར་བྱ་རྒྱུ་ཡིན། དེ་ནི་འཁྲབ་ཁྲིད་པ་ཧེ་ཙི་མན་གྱི་བརྩམས་ཆོས་ཅིག་རེད་ལ། གཏམ་རྒྱུད་གཅིག་ལ་མི་སྣ་མི་འདྲ་བའི་ངོས་ནས་གླེང་འདུག རྒྱུ་རྐྱེན་སྣ་ཚོགས་པའི་དབང་གིས་གཏན་རྒྱུད་ཡོད་ཚད་ལ་བདེན་པ་ཅན་གཅིག་ཀྱང་མེད། གཞི་རྩའི་ཐོག་ནས་བཤད་ན་འདི་ནི་ང་ཚོའི་གནས་སྟངས་རེད། འདིས་རྟེན་འབྲེལ་དང་སྟོང་ཉིད་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་གསལ་བཤད་བྱེད་ཆོག།

༼༥ ནང་དོན་རིག་པའི་ནང་དུ་འཇིག་རྟེན་ཁམས་གྲུབ་ཚུལ་ལ་འགྲེལ་བཤད་ཇི་ལྟར་བྱས་ཡོད་ལགས།

སྤྱི་བཏང་གི་ཁ་བརྡའི་ཁྲོད། རྒྱུན་པར་ང་ཚོས་ཐོག་མཐར་མཐར་གླེང་ཐུབ་མོད། འོན་ཀྱང་འཇིག་རྟེན་གྱི་ཁམས་དང་། ཡང་ན་ཆེས་ཐོག་མ་དང་དོན་དམ་པ་ཞེས་པ་སོགས་ཚིག་ཟུར་ལ་ཡོད་པའམ། ཡང་ན་བཤད་སྟངས་གཞན་ཞིག་བྱས་ན། ཁྱོད་ཀྱིས་དོན་དམ་པའི་འབྱུང་ཁུངས་དང་དོན་དམ་པའི་མཐར་མཇུག་ཤེས་པར་འདོད་པའི་དུས་དེར། དེ་ན་ནང་དོན་རིག་པའི་ནང་དུ། དུས་ཚོད་ནི་ལྟོས་གྲུབ་ཡིན་པའི་དབང་གིས་དོན་དམ་པར་འགོ་རྩོམ་པ་དང་དོན་དམ་པར་མཇུག་བསྡུར་བའི་གནས་ཚུལ་ཞིག་མེད།

འདི་ལྟ་བུའི་ཁ་བརྡ་ནི་ཤིན་ཏུ་རྙོག་དྲ་ཅན་ཏེ། ཁྱེད་རང་བཤད་རྒྱུ་ཡོད་ལ། གཉན་རྒྱུ་ཡོད་ཅིང་། བསམ་རྒྱུ་བརྗོད་རྒྱུ་ཡོད་པའི་འཇིག་རྟེན་ལ་གནས་ཀྱང་། བཤད་རྒྱུ་མེད་པ་དེ་ཚོ་བཤད་པའི་ཚོད་ལྟ་བྱེད་པ་དང་། ཉན་རྒྱུ་མེད་པ་དེ་ཚོ་ཉན་པའི་ཚོད་ལྟ་བྱེད་པ་དང་། སེམས་རྒྱུ་མེད་པ་དེ་ཚོ་བསམ་པའི་ཚོད་ལྟ་བྱེད་པ་དང་། བརྗོད་རྒྱུ་མེད་པ་དེ་ཚོ་རྗོད་པའི་ཚོད་ལྟ་བྱེད་བཞིན་ཡོད་པས་སོ། ། དེའི་ཕྱིར་ཁྱོད་ཀྱིས་གླེང་རྒྱུའམ་བསམ་རྒྱུ་མེད་པའི་དོན་གླེང་བའམ་བསམ་པའི་ཚོད་ལྟ་བྱེད་པའི་སྐབས་སུ། ནམ་ཡིན་ནའང་གནད་དོན་འབྱུང་ངེས་ཅན་རེད།

དེ་ལས་གཞན། ང་ཚོས་བཤད་རྒྱུ་མེད་ལ་བརྗོད་རྒྱུ་མེད་པའི་དོན་གླེང་བའི་སྐབས། ངང་ངང་ཤུགས་ཤུགས་ཀྱིས་ལྐོག་གྱུར་གྱི་རྣམ་པ་ཞིག་བསྐྲུན་ཟིན་ཀྱང་། དོན་དངོས་དེ་ནི་བཟོ་བཅོས་མ་བྱས་པའི་གནས་ལུགས་སྤྱི་བཏང་བ་ཙམ་ལས་ལྐོག་གྱུར་གྱི་དོན་གང་ཡང་མེད། འོན་ཀྱང་ང་ཚོ་མིའི་རིགས་ཀྱིས་ཐད་ཀ་གནས་ལུགས་ཀྱི་རང་ལྡོག་མཐོང་མི་ཐུབ་པས། བཅོས་མིན་གྱི་གནས་ལུགས་དེ་ཐ་སྙད་ལ་བརྟེན་ནས་རྟོགས་ཐབས་བྱ་དགོས་ཀྱི་ཡོད། འདི་ལ་ཏའོ་ལུགས་ཀྱི་ཕུལ་བྱུང་བརྩམས་ཆོས་《གནས་ལུགས་ཀྱི་བསྟན་བཅོས》ཅེས་པའི་ནང་། “མིང་ལ་མིང་གིས་ཆོག མིང་ནི་ཤིན་ཏུའོ།། ”ཞེས་པས་ལེགས་པར་བརྗོད་ཡོད། འདིས་ང་ཚོ་མིའི་རིགས་ནི་ཐ་སྙད་གདགས་རྒྱུ་ཤིན་ཏུ་དགའ་བ་མཚོན་ཡོད།

སངས་རྒྱས་ཆོས་ལུགས་ཀྱི་ནང་འདི་ལྟ་བའི་བཟོ་བཅོས་མ་བྱས་པའི་གནས་ལུགས་ལ་ཐ་སྙད་ཞིག་བཏགས་ཡོད་པ་ནི་ཆོས་སྐུ་ཞེས་པ་དེ་ཡིན། ཁྱོད་ཀྱིས་ཆོས་སྐུ་ནི་ལྷ་སྒྲུང་ལྟ་བུ་དང་ཡ་མཚན་པ་ཅན་ཞིག་ཏུ་ངོས་འཛིན་བྱས་ན་ཆོག་ཀྱང་། འོན་ཀྱང་དོན་དངོས་དེ་ལས་ལྡོག་སྟེ་ཆོས་སྐུ་ནི་གནས་ལུགས་སྤྱི་བཏང་བ་ཞིག་ཏུ་གནས་ཡོད།

ཡ་མཚན་ཞེས་བརྗོད་པའི་ཚེ་རྟོགས་དཀའ་བའམ་འགྲེལ་བཤད་མི་ནུས་པའི་དོན་ཡོད་པས། མཐོང་སྣང་ལ་ཆོས་སྐུ་ནི་ལྷ་སྒྲུང་དང་འདྲ་བར་ཡོད། འོན་ཀྱང་དོན་དངོས་ཆོས་སྐུ་ནི་ཐ་ན་ཁྱོད་ཀྱི་སྣ་མདུན་ལས་ཀྱང་ཉེ་སར་ཡོད། ངས་བཤད་ཐུབ་པ་ནི་འདི་ཙམ་ཡིན། ཡོད་ཚད་ཀྱི་འབྱུང་ཁུངས་ཇི་ལྟར་ཡིན་ནམ་ཞེས་འདྲི་བའི་མི་དེ་ཚོས་ངེས་པར་དུ་ཤེས་དགོས་རྒྱུ་ནི། ཀུན་རྫོབ་བདེན་པའི་གོ་ས་གཅིག་དང་དོན་དམ་བདེན་པའི་གོ་ས་གཅིག་ཡོད་པ་ལས། ཀུན་རྫོབ་བདེན་པར་གནས་བཞིན་དོན་དམ་བདེན་པའི་དྲིས་ལན་གཅིག་སྒུག་མི་རུང་ལ། དེ་ལས་ལྡོག་ནའང་མི་རུང་ངོ།།

༼༦ དངོས་གཙོ་རིང་ལུགས་ཀྱི་བསམ་བློར་བརྟེན་ནས་ལས་འབྲས་ཤེས་ཐབས་བྱས་ན་ང་ཚོ་ལོག་པའི་ལམ་དུ་འགྲོ་སྲིད་དམ།

རྒྱ་མི་ཕལ་མོ་ཆེས་དངོས་མཐོང་ལག་ཟིན་གྱི་དངོས་པོའི་ལས་འབྲས་ཁས་ལེན་ཐུབ་པ་ཙམ་ལས། ཆོས་ཐམས་ཅད་ཀྱི་སྟེང་དུ་ལས་འབྲས་ཁས་ལེན་མི་ནུས།

དེའི་ཕྱིར་ཁོ་ཚོས་རྒྱུ་དང་ཁྱོ་ག་བཟང་པོ་ཡོད་པའམ། དཔོན་ཆེན་གྱི་གོ་གནས་འཕར་ན་བདེ་སྐྱིད་ཡིན་པར་ཡིད་ཆེས་བྱས་ཡོད། འོན་ཀྱང་དོན་དངོས་དེ་ལྟར་མ་ཡིན་པར་རྒྱུ་ཡོད་མཁན་མང་པོ་ལ་ལེ་བརྒན་དམན་པའི་མེ་ཏོག་གི་ཁ་དོག་སེར་པོ་ལ་རོལ་མྱོང་བྱེད་པའི་དུས་ཚོད་མེད་ལ། ཁྱོ་ག་བཟང་པོ་ལ་ཕོ་མཚན་འགྲེངས་བའི་འགལ་རྐྱེན་ཡོད་སྲིད་། སྟོབས་དང་དབང་ཤུགས་གཉིས་ཀ་ཡོད་པའི་དཔོན་ཆེན་ལ་ནི“ཇ་ཁང་ནང་གི་ཀེང་རུས”ཅིག་ཡོད་སྲིད། རྗེས་སུ་ཕྱིར་སླེབས་ཏེ་ཁོ་ལ་འཁོར་སྲིད། [མཆན། ཇ་ཁང་ནང་གི་ཀེང་རུས་ཅེས་པ་ནི་རང་གི་བཟའ་ཟླ་ལས་གཡོལ་ནས་ལྐོག་ཏུ་བུད་མེད་གཞན་ལ་འབྲེལ་རྗེས་ཁྱིམ་ཚང་ལ་འགལ་ཟླ་བྱུང་བའི་དོན་ཡིན་ལ། འདི་ལ་གཏམ་རྒྱུད་གཅིག་ཡོད་པ་ནི། བུད་མེད་གཅིག་རང་གི་བཟའ་ཟླ་ལས་གཞན་པའི་སྐྱེས་ཕོ་དང་ལུས་འབྲེལ་བྱས་ཏེ་ཁྱིམ་དུ་ཡོད་ཚེ། གློ་བུར་དུ་བཟའ་ཟླ་སླེབས་ནས་སྒོ་བརྡུངས་པ་ན། བུད་མེད་སྐྲག་ཏེ་སྐྱེས་པ་གཞན་ཏེ་ཇ་ཁང་ནང་དུ་སྦས། ཕྱིས་སུ་སྐྱེས་པ་དེའི་ཀེང་རུས་ཁོ་ན་ལུས་ཡོད་འདུག དེའི་དབང་གིས་རྗེས་སུ་འདི་ལྟ་བུའི་དོན་རྐྱེན་ལ་ཕྱི་རྒྱལ་ནས་ཇ་ཁང་ནང་གི་ཀེང་རུས་ཅེས་འབོད་སྲོལ་ཆགས]

དེའི་ཕྱིར། ངེས་པར་དུ་དངོས་གཙོ་རིང་ལུགས་ཀྱི་རྩེད་མོས་དུས་ནམ་ཡང་བདེ་སྐྱིད་མེད་པའི་འདུ་ཤེས་ཀྱི་རྩ་བ་གཅོད་མི་ནུས་པར་ཤེས་དགོས། འདི་གོ་བ་ལེན་དཀའ་སྟེ། དུས་ནམ་ཞིག་ལ་བྱུང་བར་མི་ཤེས་པར་ང་ཚོའི་རྒྱུད་ལ་རྒྱུ་ཡོད་ན་ཅི་སྒྲུབ་བསམ་ན་སྒྲུབ་ཆོག་པ་དང་། ཅི་ཐོབ་འདོད་ན་དེ་ཐོབ་པའི་རྨོངས་པའི་འདུ་ཤེས་ཞིག་ཡོད་པས་རེད། རག་བལྟས་བྱས་ན་གནས་སྐབས་བདེན་པར་ལྟར་དུ་སྣང་ཡང་གལ་ཏེ་ཁྱོད་རང་ཕྱིའི་དངོས་པོའི་བསླུ་བྲིད་ཀྱི་དབང་དུ་ཤོར་ན། ཁྱོད་ཀྱི་བློ་སྤོབས་ནི་མི་རྟག་འགྱུར་བའི་ཆོས་ཅན་གྱི་དངོས་པོ་དེ་དག་ལ་རྟེན་ཡོད་པར་མཚོན་ཡོད།

ང་ལ་སློབ་མ་ཞིག་ཡོད། ཁོ་མོ་ཕུལ་དུ་བྱུང་བའི་དབྱིན་ཇིའི་སློབ་གྲྭར་འདོན་མྱོང་ལ། ཡིད་དུ་འོང་བས་ཁོ་མོའི་བློར་བབ་ཐབས་ལ་བརྩོན་པའི་ཕོ་གསར་ཧ་ཅང་མང་། ཐེངས་གཅིག་ཁོ་མོ་ང་ལ་བལྟ་རུ་ཕྱིན་སྐབས། ཁོ་མོའི་མཛེས་སྡུག་གིས་རྒྱུ་ཡོད་པའི་རིན་པོ་ཆེའི་སྲས་ཞིག་གི་ཡིད་དབང་འཕྲོག་སོང་། ཁོས་མོའི་བློ་བབ་ཐབས་ལ་གོང་ཆེན་གྱི་རླངས་འཁོར་བསྐོར་ཞིང་། ལུའུ་དབྱི་ཝེ་ཏུན་རྟགས་ཅན་གྱི་ཁུག་མ་འཁྱེར། ལའོ་ལི་ཧྲི་རྟགས་ཅན་གྱི་ཆུ་ཚོད་དེ་པད་ཏ་ཧྥེ་ལིན་ལིའི་རྟགས་ཅན་བརྗེས་པ་སོགས་ཀྱི་དགོས་མེད་མཛེས་མཚོན་བྱས་མོད། འོན་ཀྱང་འདི་དག་ཏག་ཏག་ཁོ་མོའི་དགའ་ཕྱོགས་ལས་ལྡོག་ཡོད་པས་མོའི་བློ་ལ་མ་བབས། དེ་ལས་ཀྱང་མོ་རང་ཧྲ་ཧྲི་པི་ཡའི་དཔེ་ཆ་འདོན་ཤེས་པའམ། ཝ་ཀེ་ནའི་གླུ་གཞུང་ཉན་ཤེས་པར་མ་ཟད། འཚོ་བའི་ཁྲོད་ཀྱི་ཉོག་འཛིང་འགལ་འདུ་ཅན་གྱི་དོན་བཤད་ཤེས་པའི་མི་དང་དགའ་རོགས་སྒྲིག་ན་འདོད་ཡོད། གནས་ཚུལ་འདིས་གལ་ཏེ་ཁྱེད་རང་དངོས་གཙོ་ཤས་ཆེ་བ་ཡིན་ན། རྟག་པར་ཁྱོད་ལ་རང་དམན་གྱི་འདུ་ཤེས་ཅིག་ཡོད་པར་གསལ་བོར་མཚོན་ཡོད།

ང་རྒྱ་ནག་ལ་འགྲོ་ཐེངས་དུ་མ་བྱས་མྱོང་། རྒྱ་ནག་གི་མཚན་ཉིད་རིག་པ་དང་གསོ་བ་རིག་པ། དྲག་རྩལ་ལ་སོགས་པའི་སྲོལ་རྒྱུན་རིག་གནས་དེ་དག་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཅན་རེད། དེ་དག་གིས་ངའི་ཡིད་དབང་འཕྲོག་པར་མ་ཟད་གུས་སེམས་ཞིག་ཀྱང་དབང་མེད་དུ་སྐྱེ་རུ་བཅུག་སོང་། དེ་དང་དུས་མཉམ་དུ་ངས་ཀྱང་རང་དབང་མེད་པར་དྲན་རྒྱུ་ཞིག་ལ། དེང་གི་རྒྱ་མིས་རང་གི་གཟི་བརྗིད་ནི་ད་དུང་འདས་ཟིན་པའི་གྲུབ་འབྲས་གི་ཐོག་ཏུ་བཞག་ཡོད་ཚེ། དེ་ན་ཁོ་ཚོ་ལ་རང་དམན་གྱི་འདུ་ཤེས་ཚབ་ཆེན་ཡོད་པར་མཚོན་ཡོད། དོན་ལའང་རྒྱ་མིས་གྱོན་པའི་རྫི་དོར། འཆས་པའི་ཁ་གཙང་ཐང་ཆུ། བཟས་པའི་བར་སྙིང་སོབ་གོར། ད་དུང་ད་ལྟར་ཉན་པའི་འདར་འགྲིལ་རོལ་དབྱངས་དང་དུས་དར་རོལ་དབྱངས་སོགས་གཅིག་ཀྱང་རྒྱ་ནག་ནས་བྱུང་བ་མ་རེད།

དེ་དང་འདྲ་བར་འོད་མདངས་བཀྲ་བའི་ཅ་དངོས་ཉོ་གནས་དང་དེའི་ནང་གི་འཚོང་རྫས། ཐ་ན་རྒྱའི་བུ་དང་བུ་མོ་རྣམས་ལ་རང་ཉིད་ཀྱི་ཁྱད་ཆོས་ཀྱིས་གྱོན་གོས་ཀྱི་གཟུགས་དཔེ་བྱེད་པའི་ནུས་པ་མེད་པར་ལྟར་གཟུགས་དཔེ་ཡོད་ཚད་ནུབ་ཕྱོགས་ཀྱི་ཉམས་འགྱུར་རེད། དོན་ལའང་རྒྱའི་བུ་དང་བུ་མོ་ཚོས་འབད་པ་ཆེན་པོས་རང་ཉིད་ནུབ་ཕྱོགས་ཀྱི་བུ་དང་བུ་མོར་འདྲ་ཐབས་བྱེད་ཀྱིན་འདུག། ཐ་ན་ཟས་བཅད་དང་གཟུགས་སྒྱུར་གཤའ་བཅོས་ཀྱི་ཚད་ལ་སླེབས་ཟིན། འདི་ལྟ་བུའི་ལད་ཟློས་ཀྱིས་མ་འོངས་པའི་རྒྱ་མི་རྣམས་བློ་སྤོབས་སྐྱེ་དཀའ་བར་བཟོས་ཡོད།

ངས་བཤད་རྒྱུ་བདེན་པར་ཡིན་པའི་ངེས་པར་མེད་ཀྱང་། རྒྱ་ནག་གི་དུས་དར་རོལ་དབྱངས་གཅིག་ཀྱང་རྒྱ་ནག་ལས་གཞན་ལ་ཤུགས་རྐྱེན་མེད། ངས་ཟེར་རྒྱུ་ནི། ནེའུ་ཡོག་ནས་རྒྱ་ནག་གི་དུས་དར་རོལ་དབྱངས་གཅིག་ཀྱང་ཡངས་ཁྱབ་ཀྱིས་བཏང་བ་ཐོས་མི་སྲིད། དེ་ལས་ལྡོག་སྟེ་རྒྱ་མི་ཕལ་ཆེ་བས་ཨ་རིའི་དངོས་གཙོ་རིང་ལུགས་ལ་འདྲ་བཤུ་བྱས་ཏེ་རྫི་དོར་གྱོན་པ་དང་ཁེན་ཐུ་ཁེ་བཟའ་བཞིན་ཡོད། ཐ་ན་ངས་རྒྱ་མི་ཉུང་བ་ཞིག་གིས་Lady Gagaལ་ཧ་ཅང་དགའ་བ་གཏན་ཁེལ་བྱེད་ཐུབ། ཡིད་ཕམ་དགོས་རྒྱུ་ནི་ཨ་རིའི་ཚབ་མཚོན་ནུས་པའི་ལྟ་བ་དེ་དག་ལ་སྤྲོ་བ་ཡོད་མཁན་ཆེས་དཀོན་པ་འདྲ། དཔེ་ན་གསར་གཏོད་ཀྱི་ནུས་པ་དང་གསར་གཏོད་ཀྱི་རང་བཞིན། དམངས་གཙོ་དང་གུ་ཡངས་ལྟ་བུ་དེ་དག་རེད།

རྒྱ་མིས་ལྭ་རིང་གྱོན་པའི་བསམ་བློ་འདི་ནུབ་ཕྱོགས་པར་བཙོང་མ་ནུས་པར། རང་ཕྱོགས་ཀྱི་མི་ཕལ་ཆེ་བས་རྫི་དོར་གྱོན་པ་ཡིན་ན། རྩེད་མོ་འདི་ལས་རྒྱ་ནག་ཕམ་ཟིན་པར་མ་ཟད། ནམ་ཡིན་ཡང་གཞན་གྱིས་གསར་གཏོད་བྱས་པའི་ཐོན་དངོས་ཉོ་དགོས་ཀྱི་ཡོད། དངོས་གཙོ་ཤས་ཆེ་བའི་མིས་འདི་ད་ལྟ་སྣང་མེད་དུ་བཞག་སྲིད་ཀྱང་མ་འོངས་པར་ཁོ་ཚོ་དང་ཁོ་ཚོའི་བུ་རྒྱུད་ལ་ཤུགས་རྐྱེན་ངན་པ་ཐེབ་སྲིད། དེའི་ཕྱིར། འདི་ལྟ་བུ་ཉག་ཕྲ་བའི་དངོས་གཙོ་རིང་ལུགས་ཀྱི་བསམ་བློ་འཁྱེར་ཏེ་ལས་འབྲས་ལ་འཇུག་ན་སྐྱ་རིས་ཙམ་དང་ནོར་འཁྲུལ་ཡིན་པར་མ་ཟད། སྡུག་བསྔལ་ངེས་ཅན་འབྱུང་བའི་རྒྱུ་བྱས་ཡོད། ད་དུང་རང་གིས་རང་ལ་དམའ་གཅོག་གི་རང་དམན་འདུ་ཤེས་དང་དཀོན་པའི་ཚོར་སྣང་སྐྱེ་རུ་བཅུག་པ་རེད། [མཆན། རང་དམན་འདུ་ཤེས་ནི་རང་ཉིད་ཀྱིས་རང་ཉིད་ཀྱི་ནུས་པ་དང་ཁོར་ཡུག བློ་རིགས་སོགས་གཞན་ལས་དམན་པར་འཛིན་པའི་བློ་ལ་གོ དཀོན་པའི་ཚོར་སྣང་ནི་རང་ཉིད་ལ་རྒྱུ་དཀོན་པ། ལས་དོན་དཀོན་པ། གཞན་གྱི་བརྩེ་བ་སོགས་དཀོན་པར་འཛིན་པའི་བློ་ལ་གོ།

༼༧ རིན་པོ་ཆེ་ལགས། རྒྱ་ནག་ནས་ད་ལྟར་ནང་ཆོས་འཕེལ་རྒྱས་འགྲོ་བཞིན་པའི་སྒང་ཡིན་ནའང་རྒྱ་ཕལ་མོ་ཆེས་ལས་འབྲས་ཁས་མི་ལེན། ང་ཚོས་ཕལ་ཆེར་རང་ཉིད་ཀྱི་རིན་ཐང་མ་ལག་བོར་ཟིན་པ་འདྲ། དོན་ལའང་དད་པ་མེད་པ་ནི་དེང་གི་རྒྱ་ནག་སྤྱི་ཚོགས་ཀྱི་གནད་དོན་ཚབ་ཆེན་གྱུར་ཡོད། [མཆན། རིན་ཐང་མ་ལག་ནི་མི་རིགས་ཤིག་དུས་རབས་ངེས་ཅན་དང་སྤྱི་ཚོགས་ངེས་ཅན་གྱི་ཁྲོད་དུ་བྱུང་བ་དང་འཕེལ་རྒྱས་ཕྱིན་ལ། སྤྱི་ཚོགས་དང་མི་རིགས་ངེས་ཅན་ཞིག་དུས་རབས་ངེས་ཅན་གྱི་སྤྱི་ཚོགས་འདུ་ཤེས་གཅིག་སྡུད་ཀྱི་མཚོན་ཚུལ་ཡིན།]

དོན་དངོས་ལ། གལ་ཏེ་རྒྱ་མིས་སེམས་གཏད་ནས་སྲོལ་རྒྱུན་རིག་གནས་རྒྱུན་བསྐྱངས་བྱས་པ་ཡིན་ན། རྒྱལ་ཁབ་གཞན་དང་མི་འདྲ། རྒྱ་ནག་ལ་རིན་ཐང་གི་གཞི་རྩ་ངོ་མ་ཡོད་པས་བསོད་ནམས་ཅན་ཡིན། སྔོན་ཆད་ངས་རུའུ་ལུགས་ཀྱི་བསམ་བློ་ལ་དོགས་ཟོན་བྱས་ཡོད་མོད། འོན་ཀྱང་ད་ལྟ་ངས་རུའུ་ལུགས་ཀྱི་བསམ་བློ་ནི་ཕུལ་བྱུང་ཡིན་ཆོག་པར་བསམ་ཡོད། [མཆན། 儒家རུའུ་ལུགས་ནི་རྒྱའི་ཆིན་རྒྱལ་རབས་སྔ་མའི་དུས་སྐབས་སུ་དར་བའི་བསམ་བློའི་གྲུབ་མཐའ་ཞིག་སྟེ། ཁུང་ཙི་གཙོས་གུས་ལུགས་ཀྱི་སྒོ་ནས་འཇིག་རྟེན་སྐྱོང་བའི་འདོད་ཚུལ་འཛིན་པ་དང་། སྔ་རབས་ནས་བརྒྱུད་པའི་མི་ཆོས་ཀྱི་སྲོལ་རྒྱུན་འབྲེལ་བ་སོགས་རྩལ་འདོན་བྱེད་དོ། །]

དཔེར་ན། ཐའེ་ཝེན་ན་མཐོང་རྒྱུ་ཡོད་པའི་མི་ཆོས་དང་གཞན་ཕན། བསམ་པ་བཟང་པོ། འགན་འཁྲིའི་འདུ་ཤེས་རྣམས་ངས་བསམས་ན་རུའུ་ལུགས་ལ་རག་ལས་ཡོད། ཁྱེད་རང་ཞི་ཡ་ཐུའུ་ལྟ་བུའི་ཨ་རིའི་གྲོང་ཁྱེར་ལ་སླེབས་ཚེ། དུས་ཚོད་གཅིག་མ་འགོར་བར་ཉེས་ཅན་འཛིན་བཟུང་བྱེད་པའི་ཉེན་རྟོགས་རླངས་འཁོར་གྱི་སྒྲ་ཐོས་ངེས། འོན་ཀྱང་ཐའེ་ཝེན་ན་གད་སྙིགས་བསྡུ་རུག་རླངས་འཁོར་གྱི་སྙན་འཇེབས་ལྡན་པའི་སྒྲ་མ་གཏོགས་ཉེན་རྟོགས་རླངས་འཁོར་གྱི་སྒྲ་དེ་ཙམ་ཐོས་རྒྱུ་མེད། ནག་ཉེས་བྱེད་པའི་གྲངས་ཀ་འདི་ལྟར་ཉུང་བ་ནི་རུའུ་ལུགས་དང་འབྲེལ་བ་ཡོད་ངེས་རེད་ལ། སངས་རྒྱས་ཆོས་ལུགས་ལའང་འབྲེལ་བ་ཡོད་ངེས།

དེའི་ཕྱིར་རྒྱ་མིས་རུའུ་ལུགས་ཀྱི་རིན་ཐང་བཀུར་འོས་ལ། ནང་ཆོས་དང་ཏའོ་ལུགས་ལའང་དེ་བཞིན་ཡིན། སྲིད་གཞུང་དང་། ཤེས་རིག་ཅན། ཆབ་སྲིད་བ། ཚོང་ལས་མགོ་དཔོན། དེ་བཞིན་ཕ་མ་རྣམས་ཀྱིས་སྐབས་འགའ་ཞིག་ལ་རུའུ་ལུགས་བེད་སྤྱད་ནས་རང་ཉིད་ཀྱི་དགོས་འདོད་གང་ཞིག་བསྐང་སྲིད་ཀྱང་། བལྟས་ཚོད་ལ་ཁོ་ཚོས་ཏའོ་ལུགས་དང་ནང་ཆོས་བརྗེད་ཟིན་འདུག།

དེང་སང་གཏམ་དང་བདེན་དཔང་སྣ་ཚོགས་ཀྱིས་རྒྱ་མི་རྣམས་དངོས་གཙོ་རིང་ལུགས་ཤས་ཆེ་བ་བཤད་བཞིན་ཡོད་མོད། འོན་ཀྱང་དུས་མཚུངས་སུ་སེམས་འགུལ་གྱི་གནས་ཚུལ་དང་གཏམ་རྒྱུད་ཀྱང་མང་པོ་བྱུང་གི་ཡོད། ལྷག་པར་དུ་ས་འགུལ་དང་ཆུ་ལོག་སོགས་རང་བྱུང་གི་གནོད་འཚེ་བྱུང་སྐབས། མི་རྣམས་ཀྱིས་གཞན་ལ་རོགས་རམ་བྱ་ཆེད་འབད་བརྩོན་བྱེད་པ་ནི་ཧང་སངས་དགོས་པའི་གནས་ཚུལ་རེད། འདིས་རྒྱ་ནག་སྤྱི་ཚོགས་ལ་ཐོག་མཐར་བར་གསུམ་དུ་མི་ཆོས་ཀྱི་སྙིང་སྟོབས་ཤིག་གི་ཤུགས་རྐྱེན་ཡོད་པར་མཚོན་ཡོད། ང་ཚོས་བསྒྲུབ་དགོས་རྒྱུ་ནི་དེ་གསོ་སྐྱོང་བླ་ལྷག་བྱེད་པ་སྟེ། དཔེར་ན་འདི་དག་སློབ་གྲྭའི་དངོས་གཞི་བསླབ་དེབ་ནང་དུ་འགོད་པ་ལྟ་བུ་ཡིན།

རྒྱ་ནག་ལ་གྲོང་རྡལ་ཧྲིལ་པོ་ཉོས་རྗེས་གྲང་རྡལ་དེ་རིག་གནས་ཤུལ་བཞག་སྲུང་སྐྱོབ་ཁུལ་ལ་བསྒྱུར་མཁན་ཡོད། ཁོ་ཚོས་སྒོར་མོ་ལས་རིན་ཐང་ཆེ་བའི་དོན་ཡོད་པར་རྟོགས་ཡོད། དེ་བཞིན་རི་བོ་ཀྲང་ནན་ནམ་རི་བོ་གཞན་ལ་བསྐྱོད་དེ་དབེན་པའི་འཚོ་བ་སྤྱོད་མཁན་མི་ཉུང་བའང་ཡོད་པར་ཐོས་བྱུང་། ད་ལྟར་ཁྱོད་ཀྱིས་ཡིད་ཆེས་དཀའ་ནའང་མ་འོངས་པའི་ལོ་ཉིས་བརྒྱའི་ནང་དུ་རྒྱ་ནག་གི་ཐུན་མིན་རིག་གནས་ཀྱི་ཁྱད་ཆོས་རྒྱུན་སྐྱོང་བྱེད་མཁན་མི་འདི་དག་ཡིན་རྒྱུ་རེད།

ངས་ལའོ་ལི་ཧྲིའི་ཆུ་ཚོད་འདོགས་པ་དང་། ཡང་ན་གོང་ཆེན་གྱི་ལྷམ་དང་ཀོ་ཁུག་ཉོ་མཁན་ལ་ངོ་རྒོལ་བྱེད་ཀྱི་མེད། ངས་རྒྱ་མིས་སྒོར་མོས་གོང་ཚད་ཐུབ་པའི་ཤེས་མེད་ཀྱི་མིར་འགྱུར་ནས་བསམ་བློའི་རིན་ཐང་བོར་བ་ཡིན་ན་མཐར་མར་སྣང་མེད་ཚོར་མེད་ཀྱི་ངང་རུལ་སུལ་གྱི་སྤྱི་ཚོགས་ཞིག་དར་འགྲོ་བས་ད་ལྟ་ནས་བསམ་བློའི་རིན་ཐང་གི་ས་བོན་གསོ་སྐྱོང་བྱ་དགོས་ས་རེད་ཟེར་བ་ཡིན།

བསམ་བློའི་ས་བོན་ནི་གནས་ཚུལ་ཆུང་ཆུང་མང་པོས་གསོ་སྐྱོང་བྱ་ཆོག་སྟེ། ཀྲུང་གོའི་ཇ་ལ་དཔྱད་བརྗོད་བྱས་པ་ནས་གནའ་བོའི་དབེན་པའི་རིན་གནས་བསྐྱར་དར་བྱེད་པའི་བར་སོགས་ཧ་ཅང་མང་ངོ་། །

༼༨ རིན་པོ་ཆེ་ལགས། གྲོགས་པོ་འགའ་ཞིག་མི་ཤིན་ཏུ་བཟང་པོ་ཅན་ཡིན་ཞིང་། གཞན་ལའང་རོགས་རམ་ཅི་ཐུབ་བྱེད་བཞིན་ཡོད། འོན་ཀྱང་ཁོ་ཚོས་རང་ཉིད་ཀྱི་བྱ་སྤྱོད་ནང་པའི་ཆོས་རང་ཡིན་པར་བསམས་ནས་ནང་ཆོས་ཐོས་བསམ་བྱེད་ཀྱི་མེད། དེ་ན་ནང་ཆོས་ཐོས་བསམ་མི་བྱེད་པར་བསམ་པ་བཟང་པོ་ཁོ་ནས་ཐར་པ་ཐོབ་སྲིད་དམ།

བསམ་པ་བཟང་ལ་བརྩེ་སེམས་ཡོད་པའི་བྱམས་སེམས་ཅན་གྱི་མི་བྱས་ཏེ་གཞན་ལ་རོགས་རམ་བྱེད་པ་ནི་དངོས་གནས་ཧ་ཅང་ཡག་པོ་རེད། འོན་ཀྱང་འདི་ཁོ་ནས་མི་ཆོག། དོན་ངོ་མར་བཤད་ན་བསམ་བཟང་བྱ་རྒྱུ་དེ་ནང་ཆོས་ཀྱི་དམིགས་ཡུལ་མཐར་ཐུག་མ་ཡིན། ང་ཚོས་ནང་ཆོས་ཉམས་སུ་ལེན་པ་ནི་མི་བཟང་པོར་བྱ་རྒྱུ་ཙམ་མ་ཡིན་པར། རང་ཉིད་ཐར་པ་ཐོབ་པ་དང་གནས་ལུགས་རྟོགས་པར་བྱས་རྗེས་གཞན་ལ་གནས་ལུགས་རྟོགས་སུ་འཇུག་པའི་ཆེད་དུ་ཡིན། དོན་ལའང་བྱམས་སེམས་ཅན་དང་བསམ་པ་བཟང་པོ་ཅན་རྣམས་ནང་པར་ཡིན་པའི་ངེས་པ་མེད།

ཐ་ན་དུད་འགྲོའི་གྲལ་དུའང་བསམ་བཟང་དང་བྱམས་སེམས་བརྩེ་སེམས་ཅན་གྱི་བྱ་བ་མང་པོ་མཐོང་རྒྱུ་ཡོད། འོན་ཀྱང་སངས་རྒྱས་པར་རློམ་པའི་མི་འགའ་ཞིག་ལོ་མང་འདས་ཀྱང་བསམ་བཟང་དང་བྱམས་སེམས་གང་ཡང་མེད་ཅིང་། སངས་རྒྱས་པའི་མིང་འཁུར་ནས་རང་དོན་དོན་གཉེར་གྱི་བྱ་སྤྱོད་སྦས་སྐུང་བྱེད་བཞིན་ཡོད།

སྐབས་འགའ་རེར་བསམ་པ་བཟང་པོ་བྱེད་པའི་མི་ཡིན་ནའང་རྟག་པར་བསམ་བཟང་བྱེད་ཐུབ་པར་དཀའ་བ་ཤེས་འོང་ཏེ། དཔེར་ན། ངས་རང་ཉིད་ངང་རྒྱུད་རིང་མཁན་ཞིག་ཡིན་པར་བསམས་ཀྱང། ཁ་ལོ་བར་ཁོང་ཁྲོ་ནས་གླ་འཁོར་ནང་དུ་གཅིན་གཏོང་མྱངས་ཡོད། དེའང་ཧྥ་རི་སིའི་གླ་འཁོར་ཁ་ལོ་བའི་མིང་ངན་འཛམ་གླིང་ཡོངས་ལ་གྲགས་པར་ནང་བཞིན། ཁོ་ཚོས་རིན་མི་དགོས་པར་འགྲུལ་པ་འདྲུད་བཞིན་ཡོད་པ་ལྟར་འགྲུལ་པ་ལ་སྤྱོད་པ་རྩུབ་པོ་སྟོན་གྱིན་ཡོད། ཉིན་ཞིག་གི་མཚན་མོར་ང་རང་ཕ་རི་སི་ནས་གླ་འཁོར་ཞིག་ཏུ་བསྡད་ཡོད། རླངས་འཁོར་སྐོར་མཁན་ནི་སྤྱོད་པ་རྩུབ་ལ་གུས་ཞབས་མེད་པའི་ཁ་ལོ་བ་ཞིག་རེད། ཁོས་རླངས་འཁོར་མགྱོགས་པོར་མངགས་རྗེས་གློ་བུར་དུ་འཁོར་འགག་བརྫིས་ཏེ་ང་ལ་རྨས་སྐྱོན་བཟོས་བྱུང། བཟོད་བསྲན་མ་ནུས་པར་ཁོང་ཁྲོ་ཆེན་པོ་ལངས་ཀྱང་ངས་ཅི་བྱ་དགོས་མིན་མ་ཤེས། དུས་དེ་ཏག་ཏག་ས་གནས་ལ་སླེབས་རན་ཡོད་པས་ངས་ཁོའི་གླ་འཁོར་ནང་དུ་གཅིན་པ་བཏང་བ་ཡིན།

དེའི་ཕྱིར། ང་དང་འདྲ་བར་སྐྱེས་ཙམ་ཉིད་ནས་ནང་པར་གྱུར་པའི་མི་ཡིན་ནའང་། དུས་རྟག་པར་ངང་རྒྱུད་རིང་པོར་བྱེད་ཐུབ་པའི་ངེས་པར་མེད་དོ།།

༼༩ ལོ་ན་གཞོན་ཞིང་བདེ་ཐང་ཡིན་པ། ད་དུང་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་བཅས་ཡོད་པའི་གྲོགས་པོ་འགའ་ཞིག་ལ་མཚོན་ན་འཁོར་བ་ནི་བདེ་སྐྱིད་རང་ཡིན་པས། ཁོ་ཚོས་ངེས་འབྱུང་དྲན་རྒྱུ་ཙམ་ཡང་དཀའ་མོ་རེད། འདི་ལ་རིན་པོ་ཆེས་དགོངས་ཚུལ་ག་འདྲ་ཡོད།

འཁོར་བ་ལས་ཐར་འདོད་མེད་པའི་མི་དེ་ཚོ་ལ་ཡིད་འཇོག་བྱ་དགོས་དོན་མེད། ཐ་ན་ང་ལྟ་བུ་ངེས་འབྱུང་ཅན་ལ་སློབ་སྟོན་བྱེད་མཁན་ཞིག་ཡིན་ནའང་། སྐད་ཅིག་རེར་རྒ་བཞིན་པ་དང་། སྐད་ཅིག་རེར་འཆི་བའི་དུས་ལ་ཇེ་ཉེ་ཡིན་པར་བརྗེད་འགྲོ་ཡི་འདུག ང་རང་བདེ་ཐང་དུ་གནས་མིན་ནི་རྩྭ་རྩེའི་ཟིལ་ཆུ་ནང་བཞིན་རྐྱེན་མང་པོ་ལ་རག་ལས་ཡོད་ཅིང་། རྐྱེན་དེ་དག་ལས་ཕལ་ཆེ་བ་ངས་ཚོད་འཛིན་ཐུབ་ཀྱི་མེད།

ང་ཚོས་འཚོ་བ་ལ་རེ་ལྟོས་མང་པོ་བྱས་པའི་དབང་གིས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཡིན་པར་ཤེས་མཁན་དཀོན་པོ་རེད། དཔེ་ཞིག་བཞག་ན། ད་ལྟ་དངོས་སུ་སྡུག་བསྔལ་གྱིས་ང་ཚོ་གནར་བཞིན་ཡོད་ནའང་། ང་ཚོས་སྔར་བཞིན་དོན་དག་ཡག་ཏུ་འགྲོ་བའི་རེ་ལྟོས་བྱེད་བཞིན་ཡོད། འོན་ཀྱང་གནད་དོན་རྙིང་པ་སེལ་ཟིན་རྗེས་སླར་ཡང་གནད་དོན་གསར་པ་འབྱུང་ཐེངས་ཅི་ཙམ་བྱས་ཡོད་དམ། འོན་ཀྱང་ང་ཚོ་ནི་སྔར་བཞིན་བློ་དྲག་པོ་ཞིག་གིས་ནམ་ཞིག་གནད་དོན་མེད་པའི་གནས་ཞིག་ཏུ་འཚོ་གནས་ཐུབ་པར་བསམ་ཡོད།

དེའི་ཕྱིར་ངེས་འབྱུང་ནི་མི་སུ་ལ་ལྟོས་ཀྱང་དཀའ་ལས་ཁག་པོ་ཡིན་མོད། འོན་ཀྱང་གལ་ཏེ་ང་ཚོའི་རྒྱུད་ལ་ངེས་འབྱུང་ཡོད་པ་ཡིན་ན། དེས་ང་ཚོའི་འཚོ་བ་ཕུན་སུམ་ཚོགས་པ་བྱེད་ཐུབ་པ་དང། ང་ཚོ་ལ་དབང་བའི་ཁྱིམ་ཚང་དང་། གྲོགས་པོ། རྒྱུ་ནོར། ཐ་ན་ཇ་ཕོར་ཆུང་ཆུང་ཚུན་ཆད་ཀྱི་ཡོད་ཚད་ལ་གཅེས་འཛིན་སྔར་ལས་ཆེ་འོང་ཏེ། མི་རྟག་པའི་ལྟ་བ་རྒྱུད་ལ་ལྡན་པའི་མིས་ཇའི་བྲོ་བ་མྱོང་ཐེངས་རེར། མི་ཚེའི་ཆེས་མཐའ་འཇུག་གི་ཇ་ཕོར་པ་གང་དུ་འདུ་ཤེས་བཞག་པ་ལྟར་ནམ་ཡང་ལྡབ་འགྱུར་གྱིས་དམ་འཛིན་བྱེད་འོང་བས་སོ།།

༼༩ ནང་ཆོས་ལ་དགའ་བའི་གྲོགས་འགའ་ཞིག་གིས་སྐྱབས་འགྲོའི་སྡོམ་པ་ཞུས་རྗེས། ཅི་བསྒྲུབ་བསམ་ན་སྒྲུབ་ཆོག་པའི་རང་དབང་ཤོར་འགྲོ་བ་བསམས་ནས་སྐྱབས་འགྲོའི་སྡོམ་པ་ཞུ་ཐག་ཆོད་ཀྱི་མེད། འདི་ལ་རིན་པོ་ཆེས་ལམ་སྟོན་གནང་རོགས།

ཐོག་མར། རང་དབང་ཤོར་བར་འཇིགས་པ་མི་ཚང་མ་གཅིག་མཚུངས་རེད་ལ་འཇིགས་ཀྱང་འོས་པ་ཡིན། འོན་ཀྱང་། དགོད་བྲོ་བ་ནི་རང་དབང་ཇི་ལྟར་བྱ་དགོས་མིན་དང་། རང་ཉིད་ཐར་ཐབས་ཇི་ལྟར་བྱ་དགོས་མིན་ཤེས་མཁན་གཅིག་ཀྱང་མེད་པ་རེད།

དད་པ་ཆེན་པོ་ཐོབ་པའི་བསམ་བློའི་ལམ་སྟོན་པ་དང་། མེས་པོ་ལ་བསྟོད་བཀུར་སོགས་ཀྱི་སྲོལ་རྒྱུན་རིག་གནས། ཡང་ན་རུའུ་ལུགས་དང་ཏའོ་ལུགས། སངས་རྒྱས་ཆོས་ལུགས་སོགས་ཀྱི་ཆོས་ལུགས་དེ་དག་དང་། གུང་ཁྲན་རིང་ལུགས་དང་སྤྱི་ཚོགས་རིང་ལུགས་ལྟ་བུའམ་ཡང་ན་དམངས་གཙོ་སོགས་ཀྱི་ཆབ་སྲིད་བསམ་བློ་ལྟ་བུ་དེ་དག་གང་ཡིན་ཡང་། མཐའ་མཇུག་ནམ་ཡང་ཅི་ཞིག་ཐོབ་འདོད་ཀྱི་དབང་དུ་ཤོར་འགྲོ་བར་མ་ཟད། གནས་སྐབས་ཕལ་མོ་ཆེར་དེའི་དབང་དུ་ཤོར་བའམ་དེས་ཚད་བཀག་ཐེབས་ཡོད་པར་ཤེས་ཀྱི་མེད། དཔེར་ན། ཚན་རིག་པ་རྣམས་ཀྱིས་ཆོས་ལུགས་ལ་དད་མཁན་རྣམས་ནི་ཆོས་ལུགས་ཀྱི་བསྟན་དོན་གྱིས་བཅིངས་ཡོད་ལ། དེ་དང་བསྡུར་ན་རང་ཉིད་རང་དབང་ཡིན་པར་བསམ་ཡོད། འོན་ཀྱང་དོན་ལ་ཁོ་ཚོའང་སྒྲིག་འཛུགས་གང་རུང་གི་ཀློང་དུ་གནས་ཡོད།

དེའི་ཕྱིར་ངས་བསམས་ན། ནང་ཆོས་ནི་ཐར་བ་དང་རང་དབང་འཐོབ་བྱེད་ཡིན་པར་མི་ཤེས་པའི་མིས་རང་དབང་ཤོར་བ་འཇིགས་པ་ནི་བསམ་ཚོད་ཐུབ་པ་རེད། ནང་ཆོས་ཀྱང་མི་རབས་དང་དུས་རབས་དུ་མའི་ཚུན་ཆད་ལ་རིག་གནས་ངེས་གཏན་དང་ཁ་བྲལ་ཐབས་མེད་པར་མཉམ་གནས་བྱས་ཡོད་ལ། སྲོལ་རྒྱུན་རིག་གནས་དེ་དག་ལ་བརྟེན་ནས་སྒྲིག་སྲོལ་དང་ཀུན་སྤྱོད་ཀྱི་ཚད་གཞི་གང་ཡང་རུང་བ་འབྱུང་ངེས་ཅན་རེད། དེ་ཕྱིར་རིག་གནས་དེ་དག་ནང་ཆོས་ཀྱི་སྙིང་པོ་ཡིན་པར་འཁྲུལ་བའི་མིས་ནང་ཆོས་ཀྱིས་བཅིངས་བའི་ཚོར་སྣང་སྐྱེ་སྲིད་པ་ཡིན།

རྒྱུ་མཚན་དེའི་ཕྱིར་མི་དེ་དག་གིས་མནའ་དང་འདྲ་བའི་དམ་བཅའ་དེ་དག་འཇོག་མི་འདོད་ལ་འཇོག་མི་འདོད་པའང་བསམ་ཚོད་ཐུབ་པར་རེད། འོན་ཀྱང་གལ་ཏེ་ཁོས་ཚོས་ནང་ཆོས་ཀྱིས་ཅི་ཞིག་བསྟན་ཡོད་པར་ཤེས་ན། ཐ་ན་ཤེས་རྒྱུ་ཉུང་ཉུང་ཡིན་ནའང་། དཔེར་ན་ཆོས་ལ་སྐྱབས་སུ་འགྲོ་བའི་དོན་ནི་དངོས་པོ་ཡོད་ཚད་མི་རྟག་པ་ཡིན་པ་ལྟ་བའི་དོན་ལ་སྐྱབས་སུ་སོང་བར་ཤེས་པ་ཡིན་ན། འདི་ལྟ་བུའི་གནས་ལུགས་ནི་བཅིངས་གྲོལ་ཐུབ་པའི་ཚོར་སྣང་ལས། ཀུན་སྤྱོད་ཀྱི་ཚད་གཞི་གང་ཞིག་གམ་སྤྲོ་སྐྱིད་ཁང་གང་ཞིག་གི་གུས་ལུགས་ཀྱིས་བཅིངས་བ་ལྟ་བུ་མ་རེད།

ངོ་མ་བཤད་ན་གལ་ཏེ་གནས་ལུགས་དེ་དག་ལ་སྐྱབས་སུ་མ་སོང་ཚེ། དངོས་པོ་མང་པོ་ཞིག་རྟག་བརྟན་འགྱུར་མེད་ཡིན་པར་རློམ་འོང་ཤིང་། མཐར་མར་འདིས་རང་ཉིད་སྡུག་ལ་སྦྱར་སྲིད་པ་ཁོ་ཚོས་ཤེས་སྲིད་པ་རེད། དཔེར་ན། གལ་ཏེ་ཁྱེད་རང་སྐྱེ་བ་ཡོད་པས་འཆི་བ་ཡོད་ངེས་ཅེས་པ་ལྟ་བུའི་གནས་ལུགས་ལ་སྐྱབས་སུ་སོང་བ་ཡིན་ན། ཁྱོད་ཀྱིས་ཟ་མ་ཟ་བ་དང་ཅ་དངོས་ཉོ་བ། ཐ་ན་གཞན་དང་གླེང་མོལ་བྱེད་སྟངས་ཀྱང་མི་འདྲ་བར་འགྱུར་ངེས་རེད། འདི་ནི་ཁྱེད་ཀྱི་ཀླད་པའི་ནང་གློ་བུར་དུ་གནས་ལུགས་འདིའི་སྐོར་གྱི་ཤེས་བྱ་རྣམས་འཁོར་ཡོད་པའི་དབང་གིས་རེད། དོན་ལ་འདིས་ཁྱེད་རང་ཁེངས་སྐྱུང་དང་ཟོལ་མེད་ཅན་དུ་བསྒྱུར་ཡོད། ཐ་ན་ཁྱོད་ཀྱིས་ཁྱོད་ཀྱི་དགའ་རོགས་ལ་ལྟ་སྟངས་རྣམ་པ་མི་འདྲ་བ་བྱེད་སྲིད་པ་ཡིན། རྒྱུ་མཚན་ཁྱོད་ཀྱིས་ཁྱོད་ཀྱི་དགའ་རོགས་མི་རྟག་པ་ཡིན་པ་དང་ཁྱོད་གཉིས་བར་གྱི་འབྲེལ་བའང་མི་རྟག་པར་ཉིད་དུ་བལྟས་ཡོད་པས་སོ།། དོན་ལ་འདིས་སྔར་ལས་འཆམ་མཐུན་དང་བརྩེ་སེམས་ཅན་གྱི་འབྲེལ་བ་ཆགས་པའི་རྒྱུ་བྱས་ཡོད།

འོན་ཀྱང་མི་འགའ་ཞིག་རང་དབང་ཤོར་བ་འཇིགས་ནས་ནང་ཆོས་ལ་སྐྱབས་སུ་འགྲོ་བའི་སེམས་ཐག་མི་ཆོད་པའི་རྒྱུ་མཚན་ཅི་ཡིན་ཟེར་བའི་དྲི་བར་ཁ་ཕྱིར་འཁོར་བའི་ཚེ། ངས་སྐད་ཆ་གཞན་ཞིག་བཤད་བསམ་ཡོད། ནང་ཆོས་ལ་ཐོས་བསམ་ཡང་དག་པ་མ་བྱུང་བའི་དབང་གིས། ནང་ཆོས་ལ་ཞུགས་ཡོད་ཅེས་གླེང་བའི་ཚེ་དེ་མ་ཐག་མི་རྣམས་ཀྱིས་རབ་ཏུ་བྱུང་བའམ་བྲག་ཕུང་དུ་སྒོམ་བརྒྱག་པ། ཡང་ན་དཀར་ཟས་པར་འགྱུར་འགྲོ་བ་དང་། ད་ནས་བཟུང་བལ་གྱིས་བཟོས་པའི་ནང་ལྭ་དང་ཐང་ཉི་ཨ་རག་ལ་བྲོ་བ་མྱོང་མི་ཆོག་པར་བསམ་ཡོད། དོན་ངོ་མ་བཤད་ན་དེ་ལྟར་མ་རེད། དེ་དག་ཡོད་ཚད་ཁྱོད་ཀྱིས་བསྒྲུབ་ཆོག་པ་ཡིན། ང་ཚོས་སྔོན་ཆད་རྒྱལ་པོ་ཨ་ཤྭཀ་ལྟ་བུ་ནང་པ་ཡོད་མྱོང་བ་དྲན་དགོས། ཁོས་ལོངས་སྤྱོད་རྒྱུ་ཆང་ནི་ཐང་ཉི་ཨ་རག་ལས་ཀྱང་ཞིམ་པ་ཡོད་ལ། ཁོས་བྲོ་བ་མྱང་རྒྱུའི་ཟས་ལ་ཉིའུ་ཡོག་གི་ཚེགས་ཤ་ལྷེབ་ཐུག་ལས་ཀྱང་མང་བ་རེད།

༼༡༡  དེང་གི་ཚན་རྩལ་ལ་ཡིད་ཆེས་དྲག་པའི་གྲོགས་པོ་འགས་ནང་ཆོས་ཀྱི་རིགས་གཞུང་དང་ལྟ་བ་གླེང་བའི་སྐབས་སུ་ནམ་ཡང་གཅིག་མཚུངས་ཀྱིས་དེ་དག་ཚན་རིག་གིས་བདེན་དཔང་ཐུབ་བམ་ཞེས་འདྲི་བཞིན་འདུག དེས་ན་རིན་པོ་ཆེས་ནང་ཆོས་དང་ཚན་རིག་བར་གྱི་འབྲེལ་བ་གསུང་རོགས་གནང་།

ཁྱོད་ཀྱིས་ཚན་རིག་གིས་བདེན་དཔང་བྱས་སོང་ཞེས་བཤད་པའི་ཚེ་ཁྱོད་ཀྱི་བློས་འཇུག་ལྡོག་བྱས་པའི་དོན་ཞིག་བཤད་ཡོད་ལ། ང་ཚོས་བདེན་དཔང་བྱེད་བཞིན་ཡོད་ཅེས་བཤད་པའི་ཚེ་གཞན་ཞིག་གིས་གཞན་ཞིག་གི་བློ་ངོར་བདེན་དཔང་བྱས་པར་ང་ཚོས་ངེས་པར་དུ་ཤེས་དགོས། གང་ལྟར་ང་ཚོས་ཞིབ་འཇུག་བྱ་རྒྱུ་གང་ཡིན་ཡང་རུང་སྒྲུབ་དང་མི་སྒྲུབ་ཡོད་ཚད་ནམ་ཡང་བློའི་ཁྱབ་ཁོངས་ནང་དུ་འབྱུང་གི་ཡོད། དེའི་ཕྱིར་མཐར་གཏུག་ན་བློས་འདི་བདེན་དང་མི་བདེན་པའི་ཁྱད་པར་བྱས་ཡོད་པས་ང་ལ་མཚོན་ན་ཆོས་ལུགས་དང་ཚན་རིག་གཉིས་ཀ་རྨོངས་དད་ཡིན་པར་གཅིག་མཚུངས་ཡིན།

ཚན་རིག་གི་མཚན་ཉིད་ལ་དངོས་ཁམས་འཇིག་རྟེན་དང་རང་བྱུང་འཇིག་རྟེན་གྱི་གྲུབ་ཚུལ་དང་བྱ་བ་ལ་མཐོང་བ་དང་བརྟག་པའི་སྒོ་ནས་སྒྲིག་འཛུགས་ལྡན་པའི་ཞིབ་འཇུག་བྱས་ཏེ་བློ་རིག་དང་དོན་གྱི་སྤྱོད་སྒོ་གཉིས་ཀའི་ཐོག་ནས་སྤེལ་བའི་བྱེད་སྒོ་ཅེས་བཞག་ཡོད། དེ་ལྟར་ཡིན་ན་ནང་པས་ནང་ཆོས་ཀྱང་ཚན་རིག་ཡིན་པར་ཧ་ཅང་འདོད་དེ་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་སྔོན་ནས་བསྟན་ཟིན་པའི་སྣང་བའི་ཆོས་ལ་མཐོང་བ་དང་བརྟག་པ། དཔྱོད་པར་བྱེད་པའི་ཚན་རིག་ཡིན་པའི་ཕྱིར་ཅེས་ཟེར་ངེས་ཅན་རེད།

ང་ཚོས་ཨེན་སི་ཐེན་གྱིས་བར་སྟོང(时空)ནི་ལྟོས་བཅས་ཡིན་པར་མ་བཤད་པའི་གོང་གི་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ནས་སྟོན་པས་བར་སྟོང་ལྟོས་བཅས་ཡིན་པར་བསྟན་ཟིན་པ་དང་། ཚན་རིག་པས་འཇིན་རྟེན་བཀོད་པ་པོ་ཡོད་པར་སྐྱོན་བརྗོད་མ་བྱས་པའི་གོང་གི་ལོ་ཉིས་སྟོང་ལྔ་བརྒྱའི་སྔོན་ནས་སྟོན་པས་བཀོད་པ་པོའམ་འཇིག་རྟེན་བྱེད་པོ་མེད་པར་གསུངས་ཟིན་པར་ཤེས་དགོས་རྒྱུ་གནད་ཆེན་པོ་ཡིན།

ནང་པས་དངོས་པོ་རྣམས་རང་རང་སོ་སོའི་རྒྱུ་རྐྱེན་ལ་བརྟེན་པ་ལས་དུས་ནམ་ཡང་རང་དགར་སྐྱེ་མི་སྲིད་པར་འདོད་བཞིན་ཡོད། འདིའང་དེང་སང་ཚན་རིག་གི་རྩ་བར་འབོད་པའི་ཐབས་ལམ་དེ་ཡིན་རྒྱུ་རེད། དེང་གི་ཚན་རིག་དང་མི་འདྲ་ས་ནི་སངས་རྒྱས་པས་ཕྱིའི་དངོས་པོར་གཙོ་བོར་མི་འཛིན་པས་ནང་ཆོས་ཀྱི་རྒྱུ་དང་རྐྱེན་གྱི་བརྟག་དཔྱད་ནི་དེང་གི་ཚན་རིག་ལས་ཀྱང་རིགས་པ་གཏིང་ཟབ་ཅིང་ཁ་ནང་དུ་ཕྱོགས་པ་ཅན་ཡིན་ནོ།།

༼༡༢ གྲོགས་པ་འགས་སྐྱབས་འགྲོའི་སྡོམ་པ་ཞུས་ནས་ཡུན་རིང་འགོར་ཡང་ཐོས་བསམ་དང་ཉམས་ལེན་བྱས་པ་ཉུང་ཉུང་ཡིན། དཔེར་ན་ནད་པས་སྨན་མི་ཟ་བ་བཞིན། དེའི་རྐྱེན་གྱིས་ཁོ་ཚོས་ནང་ཆོས་ཤེས་རྒྱུ་ཉུང་ལ། སྐྱབས་གསུམ་ལའང་དུས་ཚོད་ཀྱི་འགྲོས་དང་བསྟུན་ཏེ་དད་པ་ཇེ་ཆུང་འགྲོ་བཞིན་འདུག འདི་ལ་རིན་པོ་ཆེས་དགོངས་འཆར་ག་འདྲ་ཡོད། གལ་ཏེ་ནང་ཆོས་ཐོས་བསམ་དང་ཉམས་ལེན་བྱེད་པའི་དུས་ཚོད་ཡོད་ན་ཤིན་ཏུ་ལེགས། འོན་ཀྱང་མེད་ན་སྐྱབས་འགྲོའི་སྡོམ་པ་ཞུས་ཐེངས་གཅིག་བྱས་ཡོད་ནའང་ཡག་པོ་རེད། དེར་མ་ཟད་ད་དུང་ཁྱོད་ཀྱིས་སྐྱབས་གསུམ་སྤངས་མེད་ན་ཕྱུག་པོ་དང་གྲུབ་འབྲས་ཐོབ་པའི་མི་གཞན་དག་ལས་ཀྱང་གནས་བབ་བཟང་ངོ། །

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*