བོད་ཀྱི་སྲོལ་རྒྱུན་ལོ་གསར་དང་། བེའུ་ལུག་ལོ་གསར། སོ་ནམ་ལོ་གསར་།

འབྲི་རུ་བ་ལྷ་རམས་དགེ་བཤེས་ངག་དབང་བསྟན་པ།  

 

དང་པོར་རྒྱལ་པོ་གཉའ་ཁྲིའི་སྐབས་སུ་བོད་ས་ཡོངས་ལ་གཅིག་གྱུར་གྱི་ལོ་གསར་དགའ་སྟོན་བྱེད་སྲོལ་མེད་པ་འདྲ།

ཡང་ན་ཡིག་ཐོག་ལ་མ་འཁོད་པས་དེང་སང་ཤོད་ཁག་པོ་ཆགས་ཡོད། སྤྱིའི་ཆ་ནས་ཆོས་ཕྱོགས་བླ་མའི་རྣམ་ཐར་འགའ་ཤས་མ་གཏོགས་པར་བོད་ལ་ལོ་རྒྱུས་སྐྱོ་བོ་རེད། བླ་མའི་རྣམ་ཐར་དེ་ཡང་དག་སྣང་གི་བསླབ་བྱའི་ཤུགས་རྐྱེན་ལ་བརྟེན་ནས་རྣམ་ཐར་མང་ཤོས་སྒྲོ་འདོགས་རེད། རྣམ་ཐར་ཡག་ཤོས་སོ་སོ་རང་གིས་བྲིས་པའི་རང་རྣམ་ཞེས་པ་དེ་ཡིན། དེ་ནི་ཁེངས་སྐྱུང་ཞེས་པའི་བསླབ་བྱའི་ཤུགས་རྐྱེན་ལ་བརྟེན་ནས་སྒྲོ་འདོགས་ཧ་ཅང་ཉུང་ཉུང་རེད། གཅིག་བྱས་ན་བོད་རྒྱལ་ཁབ་ཀྱིས་དམངས་ཁྲོད་དུ་ཡིག་རྨོངས་སེལ་མ་ཐུབ་པས་ལོ་རྒྱུས་འབྲི་མཁན་མ་བྱུང་པ་འདྲ། ཡིན་ཡང་དུས་རབས་བཅུ་དགུ་ཡན་མན་ནང་དུ་རྒྱ་ནག་སོགས་རྒྱལ་ཁབ་གཞན་ལ་ཡང་དམངས་ཁྲོད་དུ་ཡིག་རྨོངས་ཤུགས་ཆེན་པོ་རེད། དེ་ཡིན་པ་ད་ལྟར་རྒྱ་ནག་སོགས་ཀྱི་ལོ་རྒྱུས་ལྟད་མོ་ཁག་ལས་གསལ་བཤད་ཐོན་ཐུབ། གཙོ་བོ་རྒྱ་ནག་སོགས་ནི་ཡི་གེ་ཤེས་མཁན་ཚོས་ཉིན་ལྟར་སོ་སོའི་ཉིན་ཐོ་འབྲི་བ་དང་། བོད་པ་ཡི་གེ་ཤེས་མཁན་ཚོས་ཚེ་གང་སོ་སོའི་ཉིན་ཐོ་ཐེངས་གཅིག་མ་བྲིས་པས་ཁྱད་པར་འདི་བྱུང་བ་རེད། དེ་བས་བོད་པ་ཚོས་ཉིན་ཐོ་ནི་ལོ་རྒྱུས་ཀྱི་ས་བོན་ཡིན་པས་མ་འོངས་པར་གཟབ་གཟབ་བྱོས།

སྐབས་བབ་ཀྱི་གླེང་བྱ།

དུས་གང་མཚམས་རྗེས་སུ་ཀོང་རྩེ་འཕྲུལ་རྒྱལ་ཞེས་པ་བོན་ཆོས་དང་མཐུན་པའི་རྩིས་ལ་བརྟེན་ནས་དགུན་ཉི་ལྡོག་སྐབས་གདོད་མའི་ལོ་གསར་བྱེད་སྲོལ་ཞིག་ཡོད་པ་བཤད། དེ་ཡང་ཏན་ཏན་ཏིག་ཏིག་ཅིག་ཤོད་ཡ་ཁག་པོ་ཡིན་ཚོད་རེད། འོན་ཀྱང་དེང་སང་ལོ་གསར་སྐབས་སུ། ལུག་མགོ་བཤམས་པ་དང་། ལུག་མགོ་འཚོད་པ། གཡུང་དྲུང་དང་ཉི་ཟླའི་རི་མོ་འབྲི་བ་སོགས་ལུགས་སྲོལ་ཞིག་ཡོད། དེ་ལ་གཞིགས་ན་བོད་མེས་པོའི་རིག་གཞུང་བོན་གྱི་ཆོས་དང་འབྲེལ་བ་ཞིག་མཐོང་། མ་ཟད་གདོད་མའི་བོན་ཆོས་ནི་དེང་སང་གི་བོན་ཆོས་དང་མི་འདྲ་བར་དམར་མཆོད་བྱེད་ཀྱི་ཡོད་བཟོ་རེད། ལོ་གསར་ཉིན་མོར་ལུག་མགོ་བཤམས་པ་ནི་དམར་མཆོད་མཚོན་བྱེད་ཏན་ཏན་རེད། དེ་མ་ཡིན་པའི་གནས་ལུགས་ཤོད་ཡ་ཁག་པོ་ཡིན། དེ་ནི་སྲོལ་རྒྱུན་ཡིན་ཡང་། ཕན་མེད་ཀྱི་སྲོལ་རྒྱུན་རྙིང་དོར་གསར་གཏོད་མ་བྱས་ན་ཡར་རྒྱས་ཀྱི་ལམ་བུར་དུས་ནམ་ཡང་བསྐྱོད་མི་ཐུབ། དེ་བས་ཆོས་དང་འཇིག་རྟེན། སྤྱི་ཚོགས་དང་དུས་བབ་སོགས་གང་ལ་བསམ་ཡང་ལོ་གསར་ཉིན་མོར་ལུག་མགོ་མ་བཤམས་ན་ཡག་ཤོས་མཐོང་།

སོ་ནམ་ལོ་གསར། དར་ལྕོག་དང་སྡེར་ཁའི་བཤད་པ་ཞིག

དར་ལྕོག

བོད་མིས་ལ་རྩེ་དང་ཁང་བའི་ཡང་ཐོག་གྲོང་ཁྱིམ་དང་། སྒོ་མཆོར་གྱི་མདུན་དུ་དར་ལྕོག་དང་དར་ཆེན་འཛུགས་སྲོལ་ཡོད་པ་དེ་ནི་བོད་མིའི་གནས་ཡུལ་ཁོ་ན་ལས་གཞན་དུ་མཐོང་རྒྱུ་མེད་པའི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་ཤིག་ཡིན་པས། དར་ལྕོག་ཡོད་ན་དེ་གར་བོད་མི་ཡོད་པ་གཏན་འཁེལ་ཡིན།

དར་ལྕོག་ནི་དར་རམ་རས་ཀྱི་སྟེང་དུ་གཟུངས་སྣ་ཚོགས་དཔར་ནས་རི་རྩེ་དང་ལ་ཁ། ཡང་ན་སྒོ་ཁང་གི་ཀླད་སོགས་རླུང་བུ་རྒྱུ་ས་ཀུན་ཏུ་བསྐྱོད་པ་དེ་ལ་ཟེར། བཤད་རྒྱུན་ལ་ལར་དར་ལྕོག་ཐོག་མར་དམག་གི་རྟགས་དང༌། ཡང་འགའ་རེས་ས་རྟགས་ཡིན་པ་ཕྱིས་སུ་ཆོས་ལུགས་ཀྱི་ཕྱག་སྲོལ་དུ་གྱུར་ཚུལ་བཤད་པར་དཔྱད་རྒྱུ་ཡོད་དོ། །

༡ དར་ལྕོག་གི་ཕན་ཡོན་ནི།ནང་ཆོས་ལས་གཟུངས་སྔགས་དཔར་བའི་དར་གྱི་སྟེང་དུ་རླུང་ཕོགས་པའི་རླུང་དེ་སེམས་ཅན་གང་གི་སྟེང་དུ་ཕོགས་ན་སེམས་ཅན་དེ་ལ་ངན་འགྲོ་མེད་པར་གསུངས་པ་དང༌། འཇིག་རྟེན་འདིའི་དབང་དུ་བཅོས་ན། རྐྱེན་ངན་བར་ཆད་སོགས་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་འགོག་པ་དང༌། ཚེ་བསོད་དབང་ཀླུང་སྙན་གྲགས་སོགས་མཐུན་པའི་ཕྱོགས་ཐམས་ཅད་གོང་ནས་གོང་དུ་རྒྱས་པ་སོགས་ཀྱི་དགེ་མཚན་ལྡན་ནོ། །

༢ དར་ལྕོག་གི་མཚོན་དོན་ནི།སྤྱི་བཏང་དར་ལྕོག་ནི་སྔོན་པོ། དཀར་བོ། དམར་བོ། ལྗང་གུ། སེར་བོ་སོགས་དར་ཚོན་སྣ་ལྔའི་སྟེང་དཔར་སྲོལ་ཡོད་ལ། དེ་དག་ནི་འབྱུང་ལྔའི་མཚོན་བྱེད་ཡིན་པ་རྩིས་གཞུང་འགའ་རེར་གསུངས། འབྱུང་བ་ལྔ་ནི་ས་ཆུ་མེ་རླུང་ནམ་མཁའ་ལྔར་བགྲང་ཡང༌། རྩིས་གཞུང་དུ་ཤིང༌དང་མེ།ལྕགས་དང་ཆུ།ས་བཅས་ལྔ་བགྲང་མོད། འོན་ཀྱང་དར་ལྕོག་གི་ཁ་དོག་དེ་དག་བསྒྲིགས་སྟངས་ལ་འདྲ་མི་འདྲ་མང་བོ་མཐོང་རྒྱུ་ཡོད་མོད། སྔ་རབས་དབུས་གཙང་ཕྱོགས་ཀྱི་ཕྱག་རྒྱུན་ལྟར་བྱེད་དེ། དེ་ནི་སྔོན་པོ་གནམ་དང༌། དཀར་བོ་སྤྲིན། དམར་བོ་མེ།ལྗང་གུ་ཆུ། སེར་བོ་སའི་མཚོན་དུ་བཤད་དོ། །

unknown.gif

༣ དར་ལྕོག་ནི། རང་རང་གི་རླུང་རྟའི་ཁམས་ཀྱི་མདོག་གོང་དུ་བྱ་ལ།དེ་ནས་རིམ་བཞིན་དགྲ་འདེད་ཀྱི་ཁ་དོག་སྣ་ལྔ་བྱའོ། ། ཞིབ་ཏུ་རྩིས་གཞུང་དུ་ཤེས་པར་བྱའོ། །

སྡེར་ཁ།

བོད་མིར་ལོ་གསར་དང་། དེ་མིན་གྱི་མཛད་སྒོ་ཆེ་ཁག་ལ་སྡེར་ཁ་སྒྲིག་པའི་སྲོལ་ཡོད་པ་མ་ཟད། མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཀྱང་ཡིན། སྡེར་ཁ་ནི་གཟའ་བཅའ་ཙམ་ཞིག་མིན་པར་དཀོན་མཆོག་ལ་མཆོད་པ་དང་། རྟེན་འབྲེལ་མཚོན་བྱེད་ཀྱི་རྫས་གཙོ་བོ་ཞིག་ཡིན། སྡེར་ཁ་སྒྲིག་པའི་སྲོལ་དེ་ཇི་ལྟར་དར་བ་ཡིན་མིན་ཐད་ཡིག་རིགས་འཚོལ་ཞིབ་བྱས་ཀྱང་ལག་སོན་མ་བྱུང་བས་རྒན་རབས་ལ་བཅར་འདྲི་ཞུས་པ་ལྟར་ན། དེ་ཡང་ཐོག་མར་བོན་ཆོས་ནས་དར་བ་ཡིན་པའི་བཤད་སྲོལ་ཞིག་འདུག་པ་འདི་ལྟ་སྟེ། གནའ་རབས་བོན་གྱིས་སེམས་ཅན་བསད་དེ་དམར་མཆོད་འབུལ་བའི་སྲོལ་དེ་ནང་ཆོས་ཀྱིས་བསྒྱུར་བ་བཏང་ནས་སྡེར་ཁ་བསྒྲིགས་ཏེ་མཆོད་པ་འབུལ་བའི་སྲོལ་དེ་ནང་ཆོས་ཀྱིས་བསྒྱུར་བ་བཏང་ནས་སྡེར་ཁ་བསྒྲིགས་ཏེ་མཆོད་པ་ཕུལ་བའི་སྲོལ་དུ་འགྱུར་པ་རེད།

 

སྡེར་ཁར་བཤམས་པའི་ཁ་བཟས་ཀྱི་བཟོ་དབྱིབས་མི་འདྲ་བ་སྟེ། ཁོར་ཁོག་ལས་རྐང་གདུང་དང་། ཉ་ཤག་ལས་རྩིབས་མ། སྨུག་ཐུང་ལས་རྒྱུ་ནག སྦོ་ལུག་ལས་རྒྱུ་དཀར། པིན་ཏོག་ལས་སྙིང་བཅས་མཚོན་ཐུབ་ཀྱི་ཡོད། ཅེས་དམངས་ཁྲོད་དུ་བཤད་སྲོལ་ཡོད། དེ་ལྟར་ན་སྡེར་ཁ་ཡང་ཐོག་མར་དམར་མཆོད་འབུལ་བྱེད་ཡིན་པ་བརྗོད་མེད་རེད། འོན་ཀྱང་ད་ལྟ་གཙོ་བོ་རྟེན་འབྲེལ་མཚོན་བྱེད་རེད། དཔེར་ན། ཁ་བཟས་བཟོ་རྒྱུའི་རྒྱུ་ནི་གྲོ་ཞིབ་ཡིན་པའི་གྲོ་ནི་ཁ་གྲོ་བའི་དོན་དང་ལྡན་ཡོད། བསྲེག་ས་ནི་མར་རམ་སྣུམ་ཡིན་པས་སྣུམ་ཞག་ལྡན་པ་ནི་བོད་མིས་ལེགས་པའི་ཆར་བརྩི་སྲོལ་ཡོད་པ་སྟེ། མི་སྣུམ་ཞག་དོད་པོ་དང་། ལུང་པ་སྣུམ་ཞག་དོད་པོ་སོགས་ཀྱི་བཤད་སྲོལ་ཡོད། དེ་མིན་སྡེར་ཁའི་ཁ་བཟས་ཀྱི་གྲངས་ཀྱང་ངེས་པར་རྟེན་འབྲེལ་མཚོན་བྱེད་དུ་ཡ་གྲངས་ཡིན་དགོས་པ་སྟེ། དགུ་བདུན་ལྔ་གསུམ་གང་རུང་དུ་བརྩེགས་པ་དང་། ཤིང་འབྲས། འབྲུ་སྣ་སོགས་སྣོད་བཟང་དུ་བསྒྲིགས་ནས་རྟེན་འབྲེལ་གྱི་རྫས་ལ་བརྩི་སྲོལ་ཡོད་པ་བཅས་ཀྱི་ཐོག་ནས་སྡེར་ཁ་ནི་རྟེན་འབྲེལ་མཚོན་བྱེད་ཡིན་པ་ར་སྤྲོད་ཐུབ་ཀྱི་རེད། སྡེར་ཁ་སྒྲིག་སྲོལ་ཡང་ཡུལ་ལུང་སོ་སོར་གོམས་གཤིས་ཅུང་མི་འདྲ་བ་རེ་ཡོད་དེ། དབུས་ཁུལ་ཏུ་སྡེར་ཁའི་ཁ་བཟས་ཁ་ཕུབ་ནས་བསྒྲིགས་པ་དང་། གཙང་ཁུལ་དུ་ཁ་ཟས་ཁ་བསླངས་ནས་སྒྲིག་སྲོལ་ཡོད།

རྩོམ་སྒྲིག་པ་གདོང་མཁན། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*